Skip to main content

སྤྲེལ་ཟླའི་ཚེས་བཅུ།

ལོ་བསྟར་བཞིན་དུ་ ཟླཝ་༥ པའི་ཚེས་༡༠ ལུ་ སྤྲེལ་ཟླའི་ཚེས་བཅུ་ཟེར་ སྤྱིར་ནང་པ་སངས་རྒྱས་པ་དང་ ཁྱད་པར་དུ་  ང་བཅས་ར་ འབྲུག་མི་ཚུ་གིས་ སྔོན་གོང་ལས་ སངས་རྒྱས་གཞན་ལས་ལྷག་པའི་བཀའ་དྲིན་ཅན་གྱི་བདག་ཉིད་ དུས་ངན་སྙིགས་མ་ལྔ་བདོའི་ སྐྱབས་མཆོག་བླ་ན་མེད་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་གྱི་ཉིནམ་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་བཞིན་དུ་ ད་རེས་ཡང་ བཀའ་དྲིན་དྲན་པའི་ཐོག་ལས་ བརྩི་སྲུང་དང་འབྲེལ་ཏེ་ གསོལ་བ་བཏབ་དགོཔ་དེ་ ག་ནི་བ་གལ་ཆེ་ཟེར་ ཞུ་ནི་ཨིན།



  དེ་ཡང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་དེ་ ང་བཅས་ར་ ལས་ཉོན་ཚུར་མཐོང་ཅན་ཚུ་གིས་ བླམ་བཟུམ་ཅིག་དང་ གྲུབ་ཐོབ་བཟུམ་ཅིག་ ཨིནམ་འདྲས་མནོ་བ་ཅིན་ དེ་སྦེ་མེན་པར་ སྐུ་ཚེ་གོང་མ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐབས་ལུ་ གདུལ་བྱ་འདྲེན་ཐབས་ཀྱི་དོན་ལུ་ སྐུ་གཟུགས་ལུ་ ཆོས་གོས་རྣམ་གསུམ་བཞེས་ཏེ་ ཐེག་ཆེན་ ཐེག་དམན་གྱི་ཆོས་འཁོར་སྐོར་སྐུ་ཚེ་འོག་མ་ གུ་རུ་རིན་པོ་ཆེའི་སྐབས་ལུ་ སྐུ་གཟུགས་ལུ་ ན་བཟའ་གསང་ཕོད་ཟབ་བེར་ སྔགས་ཆས་བཞེས་ཏེ་ འཁོར་དཔའ་བོ་མཁའ་འགྲོ་ རྣལ་འབྱོར་ གྲུབ་ཐོབ་ཚོགས་ཀྱིས་སྐོར་ཏེ་བཞུགས་པའི་ཚུལ་སྟོན་མི་དེ་ཡང་ ཧེ་མ་ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལྕགས་འབྲུག་ཟླཝ་༤ པའི་ཚེས་༡༥ ལུ་ རྩྭ་མཆོག་གྲོང་ལུ་སྦེ་ གདུལ་བྱ་རྟག་འཛིན་ཅན་གྱི་ངོར་ རེ་ཞིག་ སྐུ་མྱ་ངན་ལས་འདས་པའི་ ཚུལ་སྟོན་པའི་སྐབས་ལུ་ འཁོར་ཉན་ཐོས་ཚུ་ མྱ་ངན་གྱིས་དྲན་མེད་བརྒྱལ་ཏེ་ སངས་པའི་ཤུལ་ལས་ སངས་རྒྱས་ཀྱིས་ཞལ་འཛུམ་མཛད་དེ་


ང་ནི་མྱ་ངན་འདས་འོག་ནས།།

ལོ་ནི་བཅུ་གཉིས་ལེན་པའི་ཚེས།།

ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས།།

དྲི་མེན་ཀོ་ཤའི་མཚོ་གླིང་དུ།།


པདྨ་གེ་སར་སྡོང་པོ་ལས། །

ང་བས་ལྷག་པའི་སྐྱེས་བུ་ནི། །

པདྨ་འབྱུང་གནས་ཞེ་བྱ་བ། །

གསང་སྔགས་སྟོན་པའི་བདག་པོ་འབྱུང་། །


ཞེས་གསུངསམ་ད་ འཁོར་ཉན་ཐོས་ཚུ་གི་སེམས་ཁར་ སངས་རྒྱས་ཁོ་ར་ལས་ལྷགཔ་ཅིག་མི་འོང་ཟེར་ ཐེ་ཚོམ་ཆགསཔ་ད་ སངས་རྒྱས་ཀྱིས་མཁྱེན་ཏེ་ སྐྱེས་བུ་དེ་ནི་ དུས་གསུམ་གྱི་སངས་རྒྱས་ཀུན་ལས་ཁྱད་འཕགས་ལྔ་ལྡན་ཨིནམ་ལས་ མགོན་པོ་ཚེ་དཔག་མེད་དངོས་ཨིན་ནོ་ཟེར་ ད་རུང་ 


ང་ནི་མྱ་ངན་འདས་འོག་ཏུ། །

ལོ་ནི་བཅུ་རུ་གཉིས་ཆད་ནས། །

འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོག །

ཨོ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །

པདྨ་འབྱུང་གནས་ཞེས་བྱ་བ། །

གསང་སྔགས་སྟོན་པའི་ལུང་དུ་བསྟན། །


ཟེར་ཁོ་ར་གི་ ཞལ་ལས་གསུང་ཡོདཔ་བཞིན་དུ་ འདས་ལོ་ལྔ་པ་ ཤིང་སྤྲེལ་ཆུ་སྟོད་ ཟླཝ་༦ པའི་ཚེས་༡༠ ལུ་ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚོ་དྷ་ན་ཀོ་ཤའི་སྦུག་ལུ་ མེ་ཏོག་པདྨ་མའི་ཟེའུ་འབྲུ་ལས་ སྐུ་འཁྲུངས་འཁྲུངསམ་ཨིནམ་ལས་ དུས་གསུམ་གྱི་སངས་རྒྱས་དངོས་ཨིན།


དེ་མ་ཚད་ བུམ་ཐང་ལྕགས་མཁར་རྒྱལཔོ་ སི་ཏ་ར་ཛ་གིས་ བྱོན་པར་གསོལ་བར་བཏབ་པའི་ངོར་ ཞལ་གྱིས་བཞེས་ཏེ་ རྒྱལཔོ་ལུ་ གནོདཔ་བཀལ་མི་ཤེལ་གིང་དཀར་པོ་གིས་གཙོས་པའི་ ས་གནས་ཀྱི་ གནས་བདག་གཞི་བདག་ཚུ་ དམ་ལུ་བཏགས་ཏེ་ བསྟན་པ་སྲུང་བའི་ཆོས་སྲུང་སྦེ་བསྐུལ་ཏེ་ འགྲོ་བ་སེམས་ཅན་གྱི་མཐའ་དོན་ལུ་ མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་མཛད་ཡོདཔ་བཞིན་དུ་ དུས་རབས་༨ པའི་སྔ་ཆ་ཁམས་ཅིག་ལས་ བོད་ལས་མར་ ལྷུན་རྩེ་སེང་གེ་རྫོང་ལུ་བྱོན་ དེ་ལས་ གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་རྣམ་པར་ སྟག་མོའི་གུ་བཞོན་ཏེ་ སྤ་རོ་སྟག་ཚང་ལུ་བྱོན་ཏེ་ བོད་ཀྱི་གཞི་བདག་གཏེར་སྲུང་ག་ར་ དམ་ལུ་བཏགས་ཐོག་ལས་ འབྲུག་གི་མཐའ་གྲུར་ཞབས་ཀྱིས་བཅགས་ཏེ་ སྦས་ཡུལ་ཁྱད་པར་ཅན་ལུ་ བྱིན་གྱིས་བརླབས་གནངམ་ལས་ ད་ལྟོ་ང་བཅས་ག་ར་ ནད་མུག་འཁྲུག་རྩོད་མེད་པར་ རྫོགས་ལྡན་བདེ་སྐྱིད་ཀྱི་ དཔལ་ལུ་ལོངས་སྤྱོད་དེ་ཡོད་མི་དེ་ སྙིགས་མ་ལྔ་བདོའི་ སྐྱབས་མཆོག་བླ་ན་མེད་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ མཛད་འཕྲིན་ལུ་བརྟེན་ཏེ་ ཨིནམ་ལས་ བཀའ་དྲིན་དྲན་པའི་སྒོ་ལས་ གསོལ་བ་བཏབ་དགོཔ་དེ་ གལ་ཆེ་ཟེར་ ཞུ་ནི་ཨིན།


གཞན་ཡང་ ཟླཝ་༥ པའི་ཚེས་༡༠ དང་ ཟླཝ་༦ པའི་ཚེས་༡༠ ཟེར་ ཟླ་གྲངས་ཀྱི་ཁྱད་པར་བཀོད་དེ་འདུག་ཟེར་ ཐེ་ཚོམ་ཟ་བ་ཅིན་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་དགོངས་དུས་ཀྱི་ གཞུང་ལུགས་ལས་ འབད་བ་ཅིན་ རང་ཟླ་༡༢ པ་དེ་ སྟག་ལོ་སྦེ་རྩིསཝ་ད་ ཟླཝ་༦ པ་དེ་ སྤྲེལ་ཟླ་ཕོག་ནི་དེ་གིས་ རང་ཟླ་༦ པའི་ཚེས་༡༠ ལུ་ དུས་ཆེན་སྦེ་བརྩི་སྲོལ་ཅིག་ཡོདཔ་ད་ རང་ལུགས་ཕུབ་པ་ཡབ་སྲས་ཀྱི་ལུགས་ལས་ འབད་བ་ཅིན་ རང་ཟླ་༡༡ པ་དེ་ ནག་རྩིས་ཀྱི་ལོ་མགོ་འཁྲུལ་མེད་དམ་ སྟག་ལོ་ཨིནམ་སྦེ་ བཞག་ནི་དེ་གིས་ རང་ཟླ་༥ པ་ལུ་ སྤྲེལ་ཟླ་ཕོགཔ་བཞིན་དུ་ རང་ལུགས་ཟླ་༥ པའི་ཚེས་༡༠ ལུ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་སྦེ་ བརྩི་སྲུང་ཞུཝ་ཨིནམ་ད་ དད་ལྡན་ཕོ་མོ་ག་ར་གིས་ རྣམ་དཀར་གྱི་ལཱ་ ཚོགས་བསགས་སྒྲིབ་པ་སྦྱང་ནིའི་དོན་ལུ་འབད་བརྩོན་བསྐྱེད་གནང་དགོཔ་དེ་ ག་ནི་བ་གལ་ཆེ་ཟེར་ ཞུ་ནི་ཨིན་ནོ།།

Source:Fbook

Comments

མི་མངམ་གིས་ ལྷག་མི་རྩོམ།

Ticking Toward Triumph: A Tale of Timely Kindness

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།