རྗེས་འཇུག་གི་རྟགས་ཀྱི་འཇུག་པའི་དྲི་བ་དྲིས་ན།
རྗེས་འཇུག་རྟགས་ཀྱི་དབྱེ་ཚུལ།
དྲི་བ་༡པ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་ཞེས་པའི་ངེས་ཚིག་བྲིས།
དྲིས་ལན། རྗེས་འཇུག་གི་ཡི་གེ་རྣམས་མིང་གཞི་ལ་ཞུགས་པའི་ཚེ་སྒྲ་གདངས་དྲག་ཞན་བར་མ་ལ་སོགས་པའི་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བའི་སྒོ་ནས་སྔ་མ་གང་ལྟར་གྱུར་པ་དང་ཕྱི་མ་གང་ལྟར་འགྱུར་བའི་ཚུལ་གྱིས་དགོས་པ་ཅིའི་ཕྱིར་འཇུག་པ་སྟོན་པའི་ཚུལ་ལ་འཇུག་པས་ན་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་ཞེས་སོ།།
དྲི་བ༢པ། རྗེས་འཇུག་ལ་སྤྱིར་རྟགས་གསུམ་དབྱེ་ཚུལ་ཇི་ལྟར་ཡིན་?
དྲིས་ལན། རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཞེས་པ་ལྟ་བུའོ།།
དྲི་བ་༣པ། རྗེས་འཇུག་ཡི་གེ་བཅུ་པོ་རྒྱུ་མཚན་གང་གི་སྒོ་ནས་ཕོ་མོ་མ་ནིང་གི་རྟགས་གསུམ་དུ་དབྱེ་བ་ཡིན་ནམ?
དྲིས་ལན། རྗེས་འཇུག་རྣམས་མིང་གཞིའི་ཡི་གེ་གང་ལ་ཞུགས་པ་ལས་བརྗོད་པའི་སྒྲ་གདངས་དྲག་ཞན་རན་པའམ་བར་མར་འགྱུར་བའི་ཆ་ནས་
དབྱེ་བ་ཡིན།
དྲི་བ་༤པ། རྗེས་འཇུག་ལ་ནང་གསེས་རྟགས་བརྒྱད་ཚུལ་ཇི་ལྟར་ཡིན་?
དྲིས་ལན། ༡ ཕོ་ལ་ སྐྱེས་བུ་རབ་འབྲིང་གསུམ།
༢ མོ་ལ་ མོ་ཙམ་དང་ཤིན་ཏུ་མོ་གཉིས།
༣ མ་ནིང་ལ་ འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་གསུམ་མོ།
རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ།
དྲི་བ་༥པ། རྗེས་འཇུག་བཅུ་པོ་ལའང་བྱེད་པ་བཞི་བཞི་ཡོད་པ་ལས་བཞི་གང་དང་གང་ཡིན་?
དྲིས་ལན། ༡ འཇུག་ཡུལ་མིང་གཞི་གང་དང་གང་ལ་འཇུག་པར་བྱེད་པ།
༢ འཇུག་པ་པོ་རྗེས་འཇུག་གང་དང་གང་གིས་འཇུག་པར་བྱེད་པ།
༣ སྒྲའི་འཇུག་ཚུལ་ཇི་ལྟ་བུའི་སྒོ་ནས་འཇུག་པར་བྱེད་པ།
༤ དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་པ་བཅས་བཞི་ཡིན་ནོ།
དྲི་བ་༦པ། རྗེས་འཇུག་གི་བྱེད་པ་གསུམ་པ་སྒྲའི་ཚུལ་ཇི་ལྟར་འཇུག་པའི་ཚུལ་ལ་རྣམ་པ་ག་ཚོད་ཡོད་?
དྲིས་ལན། རྗེས་འཇུག་རྣམས་སྒྲའི་ཚུལ་ཇི་ལྟར་འཇུག་པའི་ཚུལ་ལའང་རྣམ་པ་གཉིས་ཡོད་དེ། རྗེས་འཇུག་ཞུགས་ཚུལ་གྱིས་སྒྲ་དྲག་ཞན་དུ་
འགྱུར་པ་སྒྲའི་འཇུག་ཚུལ་དང་དེ་ལྟར་ཞུགས་པས་དོན་ཅི་ཞིག་སྟོན་པ་དོན་གྱི་འཇུག་ཚུལ་ཏེ་རྣམ་པ་གཉིས་སོ།།
དྲི་བ་༧པ། རྗེས་འཇུག་གི་ཕོ་སྐྱེས་བུ་རབ་འབྲིང་གསུམ་ཇི་ལྟ་བུ་ཞིག་ལ་ངོས་འཛིན་དགོས་སམ་?
དྲིས་ལན། ༡ རྗེས་འཇུག་ཕོ་ཡིག་བཞི་ལས་ག་ལ་སའི་ཡང་འཇུག་ཅན་ནི་སྐྱེས་བུ་རབ་དང་། དཔེར་ན། དཀྲོགས། སྒྲོགས་ལྟ་བུ།
༢ རྗེས་འཇུག་ཕོ་ཡིག་བཞི་ལས་བ་ལ་སའི་ཡང་འཇུག་ཅན་ནི་སྐྱེས་བུ་འབྲིང་དང་། དཔེར་ན། སྐབས། བསླབས་ལྟ་བུ།
༣ རྗེས་འཇུག་ཕོ་ཡིག་ག་བ་གཉིས་ལ་ཡང་འཇུག་མེད་པ་དང་ད་སའི་མཐའ་ཅན་རྣམས་ནི་སྐྱེས་བུ་ཐ་མའོ།། དཔེར་ན། བཀུག།
བཏབ།
བཅད། བཙས། ལྟ་བུའོ།།
དྲི་བ་༨པ། རྗེས་འཇུག་ཕོ་ཡིག་ག་ད་བ་ས་བཞི་རྒྱུ་མཚན་གང་གིས་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་ཕྱེ་བ་ཡིན་ནམ་?
དྲིས་ལན། རྗེས་འཇུག་ཕོ་ག་ད་བ་ས་བཞི་ལ་ནང་ཕྲད་ཡོད་མེད་ཀྱི་སྟོབས་ལས་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་ཕྱེ་བ་ཡིན།
དེ་ཡང་དཔེར་ན།
༡ དཀྲོགས་ལྟ་བུའི་རྗེས་འཇུག་ག་མཐར་སའི་ཡང་འཇུག་ཅན་ནི་རྗེས་འཇུག་ནང་ཕྲད་ཡོད་པའི་སྟོབས་ཀྱིས་སྒྲ་དྲག་པའི་དྲག་པར་
འགྱུར་བས་སྐྱེས་བུ་རབ་ཡིན།
༢ བསྐྱབས་ལྟ་བུའི་རྗེས་འཇུག་བ་མཐར་སའི་ཡང་འཇུག་ཅན་ནི་རྗེས་འཇུག་ནང་ཕྲད་ཡོད་པའི་སྟོབས་ཀྱིས་སྒྲ་དྲག་པའི་འབྲིང་དུ་
འགྱུར་བས་སྐྱེས་བུ་འབྲིང་ཡིན།
༣ བཀུག
བཀོད། བཏུབ། མཁས་ལྟ་བུ་ག་བ་ཡང་འཇུག་མེད་པ་དང་། ད་སའི་རྗེས་འཇུག་ཅན་རྣམས་ནི་རྗེས་འཇུག་ནང་ཕྲད་
མེད་པའི་རྐྱེན་གྱིས་སྒྲ་དྲག་པའི་ཞན་པར་འགྱུར་བས་སྐྱེས་བུ་ཐ་མའོ།
དྲི་བ་༩པ། རྗེས་འཇུག་གི་མོ་ལ་མོ་ཙམ་དང་། ཤིན་ཏུ་མོ་ཞེས་པ་དེ་གཉིས་སོ་སོར་ཇི་ལྟ་བུ་ཞིག་ལ་ངོས་འཛིན་དགོས་སམ་?
དྲིས་ལན། ༡ རྗེས་འཇུག་གི་མོའི་ཡི་གེ་གསུམ་ལས་ ང༌མ༌གཉིས་ལ་སའི༌ཡང༌འཇུག༌ཅན༌ནི༌མོ༌ཙམ༌ཡིན། དཔེར་ན། བསྐངས། བསྐམས་ལྟ་
བུའོ།།
༢ རྗེས་འཇུག་ང་མ་ཡང་འཇུག་མེད་པ་དང་། འའི་མཐའ་ཅན་རྣམས་ནི་ཤིན་ཏུ་མོ་ཡིན། དཔེར་ན། བསྒང་། བཅོམ། མཛའ་ལྟ་
བུའོ།།
དྲི་བ་༡༠པ། རྗེས་འཇུག་གི་མོ་ཡིག་ང་མ་འ་གསུམ་ལ་རྒྱུ་མཚན་གང་གིས་མོ་ཙམ་དང་ཤིན་ཏུ་མོ་གཉིས་སུ་ཕྱེ་བ་ཡིན་ནམ་?
དྲིས་ལན། རྗེས་འཇུག་གི་མོ་ང་མ་འ་གསུམ་ལ་རྗེས་འཇུག་ནང་ཕྲད་ཡོད་མེད་ཀྱི་ཆ་ནས་མོ་ཙམ་དང་ཤིན་ཏུ་མོ་གཉིས་སུ་ཕྱེ་བ་ཡིན་ཏེ།
དེ་ཡང་དཔེར་ན། ༡ བསྐངས། བསྐམས་ལྟ་བུ་རྗེས་འཇུག་ནང་ཕྲད་ཀྱི་སྟོབས་ཀྱིས་སྒྲ་ཞན་པའི་དྲག་པར་འགྱུར་བས་མོ་ཙམ་ཡིན།
༢ བསྐང་། སྐམ། འདའ་ལྟ་བུ་རྗེས་འཇུག་ནང་ཕྲད་མེད་པའི་རྐྱེན་གྱིས་སྒྲ་ཞན་པའི་ཞན་པར་འགྱུར་བས་ཤིན་ཏུ་མོ་ཡིན།
དྲི་བ་༡༡པ། རྗེས་འཇུག་གི་མ་ནིང་ལ་ འགྱུར་བ་མ་ནིང་མཚན་གཉིས་མ་ནིང་མཚན་མེད་མ་ནིང་གསུམ་སོ་སོར་ཇི་ལྟ་བུ་ཞིག་ངོས་འཛིན་དགོས་
སམ་?
དྲིས་ལན། (༡) དང་པོ་མིང་གཞིའི་ཕོ་ཡིག་གི་མཐར་དའི་ཡང་འཇུག་ཡོད་མེད་གཉིས་ཀ་དང་། གཉིས་པ་མིང་གཞིའི་མོ་ཡིག་གི་
མཐར་ཡང་འཇུག་མེད་པར་ཞུགས་པ་ནི་འགྱུར་བ་མ་ནིང་ཡིན། དཔེར་ན། བསྟནད། སྩལད། འགོར། གསན་ལྟ་བུ།
(༢) མིང་གཞིའི་མོ་ཡིག་མཐར་ཡང་འཇུག་ཡོད་པ་ནི་མཚན་གཉིས་མ་ནིང་ཡིན། དཔེར་ན། འཛིནད། བརྒྱནད་ལྟ་བུ།ཝ
(༣) མིང་གཞི་མ་ནིང་གི་མཐར་དའི་ཡང་འཇུག་ཡོད་མེད་གཉིས་ཀ་ནི་མཚན་མེད་མ་ནིང་ཡིན། དཔེར་ན། འཐོརད། འཁྲུལ།
འཕེལད་ལྟ་བུ།
དྲི་བ་༡༢པ། རྗེས་འཇུག་གི་མ་ནིང་ན་ར་ལ་གསུམ་ལ་རྒྱུ་མཚན་གང་གིས་འགྱུར་བ་མ་ནིང་མཚན་གཉིས་མ་ནིང་མཚན་མེད་བཅས་གསུམ་དུ་ཕྱེ་བ་
ཡིན་ནམ་?
དྲིས་ལན། རྗེས་འཇུག་མ་ནིང་ན་ར་ལ་གསུམ་ནི་མིང་གཞི་ལ་འཇུག་ཚུལ་དང་རྗེས་འཇུག་ནང་ཕྲད་ཡོད་མེད་གཉིས་ཀ་ལ་ལྟོས་ནས་ཕྱེ་བ་ཡིན་
ཏེ་དེ་ཡང་དཔེར་ན།
༡ བསྐྲུནད། བཀོལ་ལྟ་བུ་མིང་གཞི་ཕོ་ཡིག་དང་ཡང་འཇུག་ད་དྲག་ཡོད་མེད་གཉིས་ཀ་དང་ཕྲད་པའི་དབང་གིས་སྒྲ་གདངས་དྲག་པར་འགྱུར་བ་དང་། འགུལ། གསན་ལྟ་བུ་མིང་གཞི་མོ་ཡིག་དང་ཡང་འཇུག་མེད་པ་ལྟ་བུ་སྒྲ་གདངས་ཞན་པ་དང་ཕྲད་པའི་དབང་གིས་ཞན་པར་འགྱུར་བས་འགྱུར་བ་མ་ནིང་ཡིན།
༢ འབྱོརད། བསལད་ལྟ་བུ་མིང་གཞི་མོ་ཡིག་དང་ཡང་འཇུག་ད་དྲག་ཡོད་པ་ནི་དྲག་ཞན་གཉིས་ཀའི་ཆ་དང་ལྡན་པར་ འགྱུར་བ་ནི་མཚན་གཉིས་མ་ནིང་ཡིན།
༣ འཁོལད། འཕེལད། འཐུལ། འཚལ་ལྟ་བུ་མིང་གཞི་མ་ནིང་གི་མཐར་ཡང་ཡོད་མེད་ཀ་དང་ཕྲད་པ་ནི་སྒྲ་གདངས་དྲག་ཞན་གཉིས་ཀ་དང་མ་ཕྲད་པའི་དབང་གིས་དྲག་ཞན་གང་དུའང་མི་འགྱུར་བར་སྒྲ་གདངས་བར་མའམ་རན་པར་གནས་པས་མཚན་ཉིད་མ་ནིང་ཡིན།
དྲིབ་༡༣པ། རྗེས་འཇུག་ལ་ནང་གསེས་རྟགས་བརྒྱད་དུ་དབྱེ་བའི་སྐབས་མིང་གཞི་ལ་ལྟོས་དགོས་དང་མི་དགོས་ཀྱི་ཁྱད་པར་བྲིས།
དྲིས་ལན། རྗེས་འཇུག་སྒྲ་གདངས་དྲག་པ་ཕོ་ཡིག་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་དབྱེ་བ་ནི་རྗེས་འཇུག་ཕན་ཚུན་ནང་ཕྲད་མ་ཕྲད་ཀྱིས་ཡིན་པ་
དང་ རྗེས་འཇུག་སྒྲ་གདངས་ཞན་པ་མོ་ཡིག་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས་སུ་དབྱེ་བའང་རྗེས་འཇུག་ནང་ ཕྲད་མ་ཕྲད་ཀྱིས་ཡིན་པ་ལས་མིང་གཞི་ལ་ལྟོས་མི་དགོས་པ་དང་བར་མའམ་རན་པ་མ་ནིང་ལ་འགྱུར་བ་དང་མཚན་གཉིས་ དང་མཚན་མེད་གསུམ་དུ་དབྱེ་བ་བྱས་པ་ནི་མིང་གཞི་ལ་འཇུག་ཚུལ་དང་རྗེས་འཇུག་ཕན་ཚུན་ནང་ཕྲད་མ་ཕྲད་གཉིས་ཀའི་སྒོ་ནས་དབྱེ་བ་ཡིན་ནོ།
དྲི་བ་༡༤པ། རྩ་བར། གང་ལ་ཡི་གེ་ཐམས་ཅད་ལ། །གང་གིས་བཅུ་པོ་དེ་དག་གིས། །ཞེས་གསུངས་པ་ལྟར་རྗེས་འཇུག་བཅུ་པོ་
ཀ་ནས་ཨའི་བར་གྱི་མིང་གཞི་ཐམས་ཅད་ལ་ཁྱད་པར་མེད་པར་འཇུག་པས་བརྗོད་བྱའི་དོན་སྟོན་པར་ཁྱབ་བམ་?
དྲིས་ལན། མ་ཁྱབ་སྟེ། དཔེར་ན།
ཛད། ཛར། ཝག ཧས། ཨག་ལྟ་བུ་རྣམས་ལ་བརྗོད་བྱའི་དོན་མི་སྟོན་པའི་ཕྱིར་ཏེ་ བོད་གངས་ཅན་གྱི་ཐ་
སྙད་ལ་སྔར་ཡང་དེ་ལྟར་མ་བྱུང་ལ་ད་ལྟ་ཡང་དེ་འདྲ་མེད་པའི་ཕྱིར་རོ།།
དྲི་བ་༡༥པ། རྗེས་འཇུག་བཅུ་པོ་ཀ་ནས་ཨའི་བར་གྱི་མིང་གཞི་ཐམས་ཅད་ལ་ཁྱད་པར་མེད་པར་འཇུག་ཀྱང་བརྗོད་བྱའི་དོན་སྟོན་པས་མ་ཁྱབ་པ་
མེད་ན་རྟགས་འཇུག་གི་རྩ་བར་ གང་ལ་ཡི་གེ་ཐམས་ཅད་ལ། །གང་གིས་བཅུ་པོ་དེ་དག་གིས། །ཞེས་པ་ཅིའི་ཕྱིར་གསུངས་པ་ཡིན་ནམ།
དྲིས་ལན། མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་ལ། འཁོར་འདས་བརྟན་གཡོའི་དངོས་པོ་རེ་རེར་ཡང་། ༑བརྡ་དང་ཐ་སྙད་མིང་
ཚུལ་མཐའ་ཡས་ཕྱིར། །ཞེས་གསུངས་པ་ལྟར། འཇིག་རྟེན་འདིར་ཤེས་འདི་སྲིད་དང་འདི་མི་སྲིད་ཅེས་
ཁ་ཚོན་གཅོད་མི་རུང་སྟེ་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ན་ཤེས་བྱ་སྣ་ཚོགས་འབྱུང་སྲིད་དེ་བྱུང་ན་དེ་རེ་རེ་ལའང་ཐ་སྙད་རེ་བཟོས་དགོས། ཐ་སྙད་བཟོས་ཚོ་མིང་གཞིའི་ཡི་གེ་གང་འཚམ་ཞིག་ལ་རྗེས་འཇུག་གང་འཚམ་ཞིག་སྦྱར་ཏེ་བཟོ་རུང་བར་དགོངས་ཏེ་གངས་ཅན་ཡི་གེའི་བྱེད་པོས་གང་ལ་ཡི་གེ་ཐམས་ཅད་ལ། གང་གིས་བཅུ་པོ་དེ་དག་གིས། ཞེས་བསྟན་པ་ཡིན་པར་གསུངས་སོ།།
དྲི་བ་༡༦། རྗེས་འཇུག་རྣམས་དོན་གང་དང་གང་འཇུག་ཚུལ་ལ་དབྱེ་བ་ག་ཚོད་ཡོད་དམ།
དྲིས་ལན། རྗེས་འཇུག་རྣམས་དོན་གང་དང་གང་འཇུག་ཚུལ་ལ་དབྱེ་བ་ན་རྣམ་པ་གཉིས་ཡིན་ཏེ།
༡ སྔ་མ་རྗེས་འཇུག་ཉིད་གང་ལ་ཞུགས་ཤིང་གནས་པའི་མིང་དེའི་དོན་ཇི་ལྟ་བུ་ཞིག་ཏུ་འགྱུར་བ་དང་།
༢ ཕྱི་མ་རྗེས་འཇུག་གམ་མཐའ་དེས་མིང་མཐའ་དང་རྣམ་དབྱེ་ལ་སོགས་པ་འདྲེན་ཚུལ་གྱིས་དོན་ཇི་ལྟ་བུ་ཞིག་ཏུ་འགྱུར་
བ་བཅས་སོ།
དྲི་བ་༡༧པ། རྩ་བར། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར།
།ཞེས་པའི་གོ་དོན་བྲིས་?
དྲིས་ལན། རྗེས་འཇུག་གང་རུང་ཞུགས་པའི་མིང་སྔ་མ་གྲུབ་པ་དེས་བདག་གཞན་སོགས་ཀྱི་དོན་ཅི་ཞིག་སྟོན་པ་ཕལ་ཆེར་མིང་དེའི་སྔོན་དུ་གནས་
པ་སྔོན་འཇུག་ལྔའི་དོན་དང་ཇི་ལྟ་བ་བཞིན་སྦྱར་ནས་རྟོགས་པར་བྱ་ཞེས་པའི་དོན་ཡིན།
དྲི་བ་༡༨པ། གཙོ་བོ་སྔོན་འཇུག་གི་ནུས་དང་སྦྱར་ནས་རྗེས་འཇུག་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱིས་ཀྱང་ཅི་རིགས་པར་བདག་གཞན་དུས་གསུམ་
གྱི་དོན་མཚུངས་པར་སྟོན་པའི་དཔེར་བརྗོད་ཆ་ཚང་ཞིག་བྲིས་དང་།
དྲིས་ལན།
བདག་གཞན་དུས་གསུམ་གྱི་དབྱེ་བ། |
སྐྱེས་བུ་རབ། |
སྐྱེས་བུ་འབྲིང་། |
སྐྱེས་བུ་ཐ་མ། |
དུས་འདས་པ་ལ་འཇུག་པ་ནི། |
རྡོ་བཅགས།
ནོར་བསགས། |
སྲོག་བསྐྱབས། རིག་པ་བསླབས། |
སར་བཞག
གོས་བཀབ། སེམས་བསད།
བུ་བཙས། |
བྱེད་པ་བདག་ལ་འཇུག་པ་ནི། |
སྲོལ་འཛུགས་པར་བྱེད། གདུང་མ་འདེགསཔར་་བྱེད། |
གོས་འགེབས་པར་བྱེད། མཉམ་དུ་གཤིབས་པར་བྱེད། |
ལམ་འགོག་པར་བྱེད། དངུལ་འཐོབ་པར་བྱེད། ཡི་གེར་འགོད་པར་བྱེད། ཤིང་འགས་པར་བྱེད། |
བྱ་བ་གཞན་ལ་འཇུག་པ་ནི། |
བསྡིགས་བྱའི་ཁྱི། བསྡོགས་བྱའི་ལྭ་བ། |
གཙབས་བྱའི་དངོས་རྫས། གཞབས་བྱའི་མར། |
གཅོག་བྱའི་རྡོ། གདབ་བྱའི་སོན། གཅད་བྱའི་ཤིང་། གདས་བྱའི་གཏམ། |
བདག་བཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བ་ལ་འཇུག་པ། |
མིང་འདོགས་བཞིན་པ། གདུང་མ་འདེགས་བཞིན་པ། |
གོས་འགེབས་བཞིན་པ། མཉམ་དུ་གཤིབས་བཞིན་པ། |
ལམ་འགོག་བཞིན་པ། གོས་འགེབས་བཞིན་པ། ཡི་གེར་འགོད་བཞིན་པ། ཤིང་འགས་བཞིན་པ། |
བདག་བཞན་གྱི་དབྱེ་བས་མ་བསྡུས་པའི་དུས་མ་འོངས་པ་ལ་འཇུག་པ། |
ཞིང་གཤེགས་པར་འགྱུར། མིང་གདགས་པར་འགྱུར། |
མཉམ་དུ་གཤིབས་པར་འགྱུར། མར་གཞབས་པར་འགྱུར། |
ལམ་དགག་པར་འགྱུར། རིག་པ་བསླབ་པར་འགྱུར། ཤིང་གཅད་པར་འགྱུར། ཤིང་འགས་པར་འགྱུར། |
དྲི་བ་༡༩པ། གཙོ་བོ་སྔོན་འཇུག་གི་ནུས་དང་སྦྱར་ནས་རྗེས་འཇུག་གི་མོ་ཙམ་དང་ཤིན་ཏུ་མོ་གཉིས་ཀྱིས་ཀྱང་ཅི་རིགས་པར་བདག་གཞན་དུས་
གསུམ་གྱི་དོན་མཚུངས་པར་སྟོན་པའི་དཔེར་བརྗོད་ཆ་ཚང་ཞིག་བྲིས་དང་།
དྲིས་ལན།
བདག་གཞན་དུས་གསུམ་གྱི་དབྱེ་བ། |
མོ་ཙམ། |
ཤིན་ཏུ་མོ། |
དུས་འདས་པ་ལ་འཇུག་པ་ནི། |
རྐང་ལ་བརྐྱངས་སོ། རིག་པ་བསྒྲིམས་སོ། |
ཡི་གེ་བཏང་ངོ། དགྲ་བོ་བཅོམ་མོ། |
བྱེད་པ་བདག་ལ་འཇུག་པ་ནི། |
སྣོད་འགེངས་བྱེད། དགྲ་བོ་འཇོམས་བྱེད། |
ཇ་འཐུང་བྱེད། ཡིད་ལ་འཁུམ་བྱེད། མྱ་ངན་འདའ་བྱེད། |
བྱ་བ་གཞན་ལ་འཇུག་པ་ནི། |
འགྱངས་བྱའི་དུས། གདམས་བྱའི་མན་ངག |
གཏང་བྱའི་ཡི་གེ། གཞོམ་བྱའི་དགྲ་བོ། འདའ་བྱའི་དུས། |
བདག་བཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བ་ལ་འཇུག་པ་ནི། |
སྣོད་འགེངས་བཞིན་པ། ཆོས་འདོམས་བཞིན་པ། |
ཡི་གེ་གཏོང་བཞིན་པ། ཡུལ་དུ་འཁྱམ་གྱིན་སྣང་། མྱ་ངན་འདའ་བཞིན་པ། |
བདག་བཞན་གྱི་དབྱེ་བས་མ་བསྡུས་པའི་དུས་མ་འོངས་པ་ལ་འཇུག་པ་ནི། |
ནོར་གྱིས་འཁེངས་པར་འགྱུར། ཆོས་འདོམས་པར་འགྱུར། |
སྐད་འགག་པར་འགྱུར། ཆུ་འཛག་པར་འགྱུར། ཡིད་དགའ་བར་འགྱུར། |
དྲི་བ་༢༠པ། གཙོ་བོ་སྔོན་འཇུག་གི་ནུས་དང་སྦྱར་ནས་རྗེས་འཇུག་གི་མ་ནིང་གསུམ་གྱིས་ཀྱང་ཅི་རིགས་པར་བདག་གཞན་དུས་
གསུམ་གྱི་དོན་མཚུངས་པར་སྟོན་པའི་དཔེར་བརྗོད་ཆ་ཚང་ཞིག་བྲིས་དང་།
དྲིས་ལན།
བདག་གཞན་དུས་གསུམ་གྱི་དབྱེ་བ། |
འགྱུར་བ་མ་ནིང་། |
མཚན་གཉིས་མ་ནིང་། |
མཚན་མེད་མ་ནིང་། |
དུས་འདས་པ་ལ་འཇུག་པ་ནི། |
རྟ་ལ་བསྐྱོནད། ལས་ལ་བཀོལད། འོག་ཏུ་མནན།
རྣ་བར་མཉན། |
ཕན༌ཚུན༌བསྒྲུནད། ལ་བརྒལད། རྐེད་པ་བསྒུརད། ཐང་མ་བདལད། |
ནད་ལས་མཐརད།
ཉེས༌པ༌མཐོལད། ཐུགས་སུ་མཁྱེནད། |
བྱེད་པ་བདག་ལ་འཇུག་པ་ནི། |
གྲོས༌བསྟུནད༌བྱེད། ལས༌ལ༌བཀོལད༌བྱེད། འོག༌ཏུ༌གནོན༌བྱེད། དགྲ་བོ་འདུལ་བྱེད། |
ཡིད་ལ་འཇིནད་བྱེད། ཕྱག་འབུལད་བྱེད། ཡུན་འགོརད་བྱེད། |
ཁུར་འཁུརད་བྱེད། ཡར་འཕེལད་བྱེད། ནད་ཀྱིས་འཁུན་བྱེད། |
བྱ་བ་གཞན་ལ་འཇུག་པ་ནི། |
བསྐྱོན་བྱའི་རྟ། བཀོལ་བྱའི་ལས། གནན་བྱའི་དགྲ། མཉན་བྱའི་གཏམ། |
བརྒལ་བྱའི་ལ། བསྒུར་བྱའི་རྐེད་པ། ཐང་མར་བདལ་བྱའི་ཚོང་ཟོང་། |
འཁུར་བྱའི་ཁུར། མཁྱེན་བྱའི་ཆོས། མཐོལ་བྱའི་ཉེས་པ། |
བདག་བཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བ་ལ་འཇུག་པ། |
བསྟུནད༌བཞིན་པ། བཀོལད་བཞིན་པ། གནོན༌བཞིན་པ། འདུལ་བཞིན་པ། |
འཇིནད་བཞིན་པ། འབུལད་བཞིན་པ། འགོརད་བཞིན་པ། |
ཁུར་འཁུར་བཞིན་པ། ཡར་འཕེལ་བཞིན་པ། ནད་ཀྱིས་འཁུན་བཞིན་པ། |
བདག་བཞན་གྱི་དབྱེ་བས་མ་བསྡུས་པའི་དུས་མ་འོངས་པ་ལ་འཇུག་པ། |
རྟ་ལ་བསྐྱོན་པར་འགྱུར། ལས་ལ་བཀོལ་བར་འགྱུར། གཏམ་མཉན་པར་འགྱུར། |
ལ་བརྒལ་བར་འགྱུར། རྐེད་པ་བསྒུར་བར་འགྱུར།། ཚོང་ཟོང་ཐང་མར་བདལ་བར་འགྱུར། |
ཁུར་འཁུར་བར་འགྱུར། ཆོས་མཁྱེན་པར་འགྱུར། ཉེས་པ་མཐོལ་བར་འགྱུར། |
དྲི་བ་༢༡པ། སྔོན་འཇུག་མེད་པའི་མིང་དོན་རྣམས་ལ་སྐྱེས་པའི་རྟགས་རྣམས་ཀྱིས་བདག་གཞན་དུས་གསུམ་སྟོན་ཚུལ་བྲིས།
དྲིས་ལན། ༡ སྐྱེས་པའི་རྟགས་འདས་པ་ལ་འཇུག་པ་ནི། ཞུགས། ཀླུབས། བྲོས། ཟག དེད། གྲུབ་ལྟ་བུའོ།
༢ སྐྱེས་པའི་རྟགས་བདག་ལ་འཇུག་པ་ནི། སྒྲོགས་བྱེད། ཀླུབས་བྱེད།
རྟོག་བྱེད། སྒྲུབ་བྱེད། རྗེད་བྱེད།
ལྟོས་བྱེད།
༣ སྐྱེས་པའི་རྟགས་གཞན་ལ་འཇུག་པ་ནི། རྟོགས་བྱ། གྲབས་བྱ།
ཐོས་བྱ། སྒུག་བྱ། ཁྱབ་བྱ།
གློད་བྱ།
༤ སྐྱེས་པའི་རྟགས་དུས་ད་ལྟ་བ་འཇུག་པ་ནི། རྟོགས་བཞིན་པ། ཀླུབས་བཞིན་པ༑ ཐོས་བཞིན་པ། སྒུག་བཞིན་པ།
༥ སྐྱེས་པའི་རྟཊ་མ་འོངས་པར་འཇུག་པ་ནི། རྟོཊ་པར་འགྱུར། ཤེས་པར་འགྱུར། སྒུག་པར་འགྱུར། ཁྱབ་པར་འགྱུར།
དྲི་བ་༢༢་པ། སྔོན་འཇུག་མེད་པའི་མིང་དོན་རྣམས་ལ་མོ་གཉིས་ཀྱིས་བདག་གཞན་དུས་གསུམ་སྟོན་ཚུལ་བྲིས།
དྲིས་ལན། ༡ མོ་གཉིས་འདས་པ་ལ་འཇུག་པ་ནི། སྤངས། ཐེམས། གང་། སོང་། ཕམ། ཐིམ།
༢ མོ་གཉིས་བདག་ལ་འཇུག་པ་ནི། སྟོངས་བྱེད། ཉམས་བྱེད།
མྱོང་བྱེད། སྣོམ་བྱེད། རྒྱུ་བྱེད།
འདའ་བྱེད།
༣ མོ་གཉིས་གཞན་ལ་འཇུག་པ་ནི། སྤུངས་བྱ། གོམས་བྱ།
སྤང་བྱ། རློམ་བྱ། འདའ་བྱ།
༤ མོ་གཉིས་ད་ལྟ་བར་འཇུག་པ་ནི རེངས་བཞིན་པ། ཟུམས་བཞིན་པ།
ངོམ་གྱིན་སྣང་། མྱོང་བཞིན་པ།
༥ མོ་གཉིས་དུས་མ་འོངས་པ་ལ་འཇུག་པ་ནི། སྟོངས་པར་འགྱུར། ཉམས་པར་འགྱུར། ངོམ་པར་འགྱུར། སྣང་བར་
འགྱུར། འདའ་བར་འགྱུར།
དྲི་བ་༢༣པ། སྔོན་འཇུག་མེད་པའི་མིང་དོན་རྣམས་ལ་མ་ནིང་གསུམ་གྱིས་བདག་གཞན་དུས་གསུམ་སྟོན་ཚུལ་བྲིས།
དྲིས་ལན། ༡ མ་ནིང་གསུམ་འདས་པ་ལ་འཇུག་པ་ནི།
ཤརད། རོལད། དྲནད། ཟིནད། སྨིནད། ཐརད། ཚརད། ཕྱིནད།
༢ མ་ནིང་གསུམ་བདག་ལ་འཇུག་པ་ནི། སྟོནད་པར་བྱེད། སྒྲུན་པར་བྱེད། སེལད་བར་བྱེད། སྐུར་བྱེད།
༣ མ་ནིང་གསུམ་གཞན་ལ་འཇུག་པ་ནི། སྤེལ་བྱ། སྦྱིན་བྱ།
སྦར་བྱ།
༤ མ་ནིང་གསུམ་ད་ལྟ་བ་ལ་འཇུག་པ་ནི། སྟོནད་བཞིན་པ། སེལ་བཞིན་པ།
སྐུར་བཞིན་པ།
༥ མ་ནིང་གསུམ་མ་འོངས་པ་ལ་འཇུག་པ་ནི། ཕྱིནད་པར་འགྱུར། ཐར་བར་འགྱུར།
རལད་བར་འགྱུར།
དྲི་བ་༢༤པ། གཞུང་འདིར་དམིགས་བསལ་དུ་མ་བསྟན་པའི་འཇུག་ཡང་འཇུག་གཉི་ག་ལ་འཇུག་པའི་རྗེས་འཇུག་གང་དག་ཡིན་པ་དང་དེ་རྣམས་
ཀྱིས་དུས་གང་དག་ལ་མང་བར་འཇུག་པ་ཡིན་ནམ?
དྲིས་ལན། གཞུང་འདིར་དམིགས་བསལ་དུ་མ་བསྟན་པའི་འཇུག་ཡང་འཇུག་གཉི་ག་ལ་འཇུག་པའི་རྗེས་འཇུག་ནི་ས་ད་གཉིས་ཡིན་ཞིང་ དེ་
གཉིས་ཀྱིས་དུས་འདས་པ་ལ་འཇུག་པ་མང་བ་ཡིན།།
དྲི་བ་༢༥པ། རྗེས་འཇུག་རྣམས་སྐུལ་ཚིག་ལ་འཇུག་པའི་ཚུལ་གཞུང་འདིའི་དངོས་ཤུགས་གཉི་གར་བསྟན་ཀྱང་ཞར་ལས་རྟོགས་པར་བྱའི་སྐུལ་
ཚིག་ལ་འཇུག་པའི་རྗེས་འཇུག་གང་དག་ཡིན་པ་དང་དཔེར་བརྗོད་བཅས་བྲིས།
དྲིས་ལན། རྗེས་འཇུག་རྣམས་སྐུལ་ཚིག་ལ་འཇུག་པའི་ཚུལ་གཞུང་འདིའི་དངོས་ཤུགས་གཉི་གར་བསྟན་ཀྱང་ཞར་ལས་རྟོགས་པར་བྱའི་སྐུལ་ཚིག་
ལ་འཇུག་པའི་རྗེས་འཇུག་ནི་ ས་ད་གཉིས་དང་ཁྱད་པར་ས་ཡིག་སྐུལ་ཚིག་ལ་འཇུག་པ་མང་བ་ཡིན།དཔེར་ན། ཀློགས་ཤིག རྟོགས་ཤིག
རྩིགས་ཤིག ཞུགས་ཤིག རྩིས་ཤིག
ལྟོས་ཤིག རྔོས་ཤིག ལྟ་བུ་རྗེས་འཇུག་ས་ཡིག་གིས་འཇུག་པའི་སྐུལ་ཚིག་དང་། སོལད་ཅིག ཉོནད་ཅིག སྐུརད་ཅིག
ནོནད་ཅིག། སྟོནད་ཅིག ཆོད་ཅིག
སོད་ཅིག ཁོད་ཅིག སྡོད་ཅིག་ ལྟ་བུ་རྗེས་འཇུག་ད་ཡིག་གིས་འཇུག་པའི་སྐུལ་ཚིག་གོ།
དྲི་བ་༢༥པ། ཕྱི་མ་དག་གི་འདྲེན་ཚུལ་ནི་ཞེས་པའི་གོ་དོན་བྲིས།
དྲིས་ལན། རྗེས་འཇུག་གི་ཕྱི་མའི་མིང་མཐའ་དང་རྣམ་དབྱེ་ཚིག་ཕྲད་ལ་སོགས་པའི་ཐོབ་ཐང་གི་དོན་ཇི་ལྟ་བུ་ལ་འཇུག་པར་འགྱུར་བའི་ཚུལ་ནི།
སྔ་མའི་རྗེས་འཇུག་དང་ཕྱི་མའི་བརྗོད་བྱ་དག་ལ་ཅི་རིགས་པར་ལྟོས་པའི་སྒོ་ནས་འདྲེན་པའི་ཕྱིར་དེའི་ཚུལ་སྨོས་པའོ་ཞེས་པའི་དོན་ནོ།།
མིང་མཐའ་འདྲེན་ཚུལ།
དྲི་བ་༢༦པ། རྟགས་མཚུངས་འདྲེན་པ་ཞེས་པ་གང་འདྲ་ཞིག་ལ་ཟེར་བ་ཡིན་ནམ་? དཔེར་བརྗོད་བཅས་བྲིས་དང་།
དྲིས་ལན། མིང་སྔ་མའི་མཐའི་རྗེས་འཇུག་ཕོ་མོ་མ་ནིང་གི་རྟགས་ཀྱིས་ རང་ལས་ཚེག་བར་སོ་སོའི་མིང་གཞི་ཕོ་མོ་མ་ནིང་གི་མིང་མཐའི་རྟགས་
མཐུན་པར་འདྲེན་པས་ན་རྟགས་མཚུངས་འདྲེན་པ་ཞེས་སོ།
༡ རྗེས་འཇུག་ཕོ་ཡིས་མིང་མཐའ་ཕོ་འདྲེན་པ། དཔེར་ན། ལག་པ། བསླབ་པ། གཉིས་ཀ དཔྱིད་ཀ ཕྱིནད་པ་ལྟ་བུ།
༣ རྗེས་འཇུག་མོ་ཡིས་མིང་མཐའ་མོ་འདྲེན་པ། དཔེར་ན། མཐོང་བ། སྙིང་ག མཐིང་ག གདུང་མ། ཕྲུ་གུ་ལྟ་བུ།
༤ རྗེས་འཇུག་མ་ནིང་གིས་མིང་མཐའ་མ་ནིང་འདྲེན་པ། དཔེར་ན། སེར་ཁ། མཇལ་ཁ། དགུན་ཁ། ཐལ་ཁ་ལྟ་བུ།
དྲི་བ་༢༧པ། བརྗོད་བདེ་འདྲེན་པ་ཞེས་པ་གང་འདྲ་ཞིག་ལ་ཟེར་རམ། དཔེར་བརྗོད་བཅས་བྲིས་དང་།
དྲི་ལན། དེ་ཉིད་རང་གི་སྒྲ་མཐུན་པའི། །ཞེས་གསུངས་པ་དང་སྦྱར་ན་འདྲེན་ཚུལ་གཞན་ཡང་ཡོད་པ་མངོན་སུམ་གྱིས་གྲུབ་པ་ནི་རྟགས་མ་
མཚུངས་ཀྱང་ངག་ནས་བརྗོད་པ་བདེ་བའི་དབང་དུ་བྱས་ནས་འདྲེན་པ་ནི་བརྗོད་བདེ་འདྲེན་པ་ཟེར་བ་ཡིན།
༡ མ་ནིང་གིས་མིང་མཐའ་མོ་ཡིག་དྲང་པ། དཔེར་ན། དར་བ། གསལ་བ། རྒྱལ་བ། སྟེར་བ། འཕེལ་བ་ལྟ་བུ།
༢ མོ་ཡིག་གིས་མིང་མཐའ་ཕོ་དྲང་པ། དཔེར་ན། བསམ་པ། ངང་པ། རིམ་པ། དང་པ། རྣམ༌པ༌ལྟ༌བུ།
༣ ཕོ་ཡིག་གིས་མིང་མཐའ་མོ་དྲང་པ། དཔེར་ན། ཐོག་མ། མཛུབ་མོ། འཐབ་མོ། པུས་མོ། གཟོད་མ། ལྟད་མོ་ལྟ་བུ།
དྲི་བ་༢༨པ། རྩ་བར། མིང་མཐའ་དེ་དག་ཉིད་ཀྱིས་ནི།
།དེ་ཉིད་རང་གི་་སྒྲ་མཐུན་པའི། །ཞེས་པའི་དོན་གང་ཡིན་ནམ།
དྲིས་ལན། དེའི་སྐབས་ཀྱི་མིང་མཐའ་ནི་ མིང་སྔ་མའི་མཐའི་རྗེས་འཇུག་དང་། རྗེས་འཇུག་གིས་འདྲེན་པའི་མིང་མཐའ་གཉི་ག་གོ་དགོས་ཞིང་།
དེ་ཉིད་ཀྱི་སྒྲ་མཐུན་པ་ནི་ རྟགས་མཚུངས་དང་བརྗོད་བདེ་འདྲེན་པ་གཉི་ག་ལ་གོ་དགོས་པ་ཡིན་ནོ།
དྲི་བ་༢༩པ། མིང་མཐའ་དེ་དག་གིས་རྣམ་དབྱེ་གང་དང་གང་འདྲེན་པ་ཡིན་ནམ།
དྲིས་ལན། ༡ དང་པོ་ཆོས་དངོས་ཏེ་ངོ་བོ་ཙམ་སྟོན་པ།
༢ ལས་ཏེ་གཉིས་པ་ལས་སུ་བྱ་བ།
༣ བྱེད་པ་སྟེ་གསུམ་པ་བྱེད་པ་པོ།
༤ སྦྱིན་པ་སྟེ་བཞི་པ་དགོས་ཆེད།
༥ ལྔ་པ་འབྱུང་ཁུངས།
༦ འབྲེལ་བ་སྟེ་དྲུག་པ་འབྲེལ་སྒྲ།
༧ གནས་ཏེ་བདུན་པ་གནས་གཞི།
༨ བརྒྱད་པ་བོད་སྒྲ་རྣམས་དྲངས་པ་ཡིན་ནོ།
དྲི་བ་༣༠པ། མིང་མཐའ་དེ་དག་གིས་རྣམ་དབྱེའི་ཡན་ལག་ཏུ་གྱུར་པའི་ཕྲད་གང་དང་གང་འདྲེན་པ་ཡིན་ནམ།
དྲིས་ལན། ༡ སླར་བསྡུ། ༢ ལྷག་བཅས། ༣ འབྱེད་སྡུད། ༤ བསྣན་པ། ༥ བདག་པོ། ༦ དགག་པ། ༧ སྒྲུབ་པ།
༨ ཚིག་རྒྱན། ༩ དུས་ཏེ་ཚེ་སྐབས་ལ་འཇུག་པའི་སྒྲ་ལ་སོགས་པ་དེ་དག་རྣམས་སྔ་མའི་མིང་མཐའི་ཤུགས་ཀྱིས་
འདྲེན་པར་བྱེད་པ་ན་ལེགས་པར་འབྱུང་བའི་དོན་ནོ།
དྲི་བ་༣༡པ། རྩ་བར། དེ་དག་ནང་གསེས་གང་འཇུག་པ།
།མཐར་སྦྱར་འོག་མའི་མིང་དོན་ལས། །ཞེས་པའི་གོ་དོན་བྲིས།
དྲིས་ལན། རྣམ་དབྱེ་དང་ཚིག་ཕྲད་དེ་དག་གི་ནང་ཚན་ནམ་བྱེ་བྲག་གང་དང་གང་ལ་འཇུག་པ་ནི་རྣམ་དབྱེའམ་ཕྲད་དང་བཅས་པའི་མིང་ཚིག་དེའི་
མཐར་སྦྱར་རྒྱུའི་མིང་དོན་འོག་མ་ལས་ཤེས་པར་བྱ་དགོས་ཞེས་པའི་དོན་ནོ།
རྣམ་དབྱེའི་ནང་གསེས་འདྲེན་ཚུལ།
དྲི་བ་༣༢པ། རྩ་བར། སྤྱི་འཇུག་ཡོད་དམ་བྱེད་པ་ཡོད།
།ཞེས་པའི་སྐབས་༼སྤྱི་འཇུག་ཡོད་༽ཅེས་པ་དང་༼བྱེད་པ་ཡོད་༽ཅེས་པའི་དོན་ཅི་ཡིན་
ནམ།
དྲིས་ལན། ༡ སྤྱི་འཇུག་ཡོད་དམ་ ཞེས་པ་དེའི་གོ་དོན་ནི་ རྣམ་དབྱེ་སྦྱར་བའི་མིང་༼བདུད་རྩི་༽ལྟ་བུ་ལ་ དེའི་རྗེས་སུ་སྤྱི་ལ་འཇུག་པའི་སྒྲ་
༼གང་ཞིག་༽ལྟ་བུ་སྦྱར་བ་ཡིན་ན་མིང་སྔ་མ་ལ་རྣམ་དབྱེ་དང་པོ་འཇུག་པ་ཡིན་ཀྱང་བོད་སྐད་ལ་མིང་རྐྱང་དང་རྣམ་དབྱེ་དང་པོ་སོ་
སོར་མཚོན་མི་ནུས་པས་མིང་རྐྱང་དེ་གར་རྣམ་དབྱེ་དང་པོ་ངོས་བཟུང་ནས་དེ་ལ་སྤྱི་སྒྲ་སྦྱར་བའི་ཚེ། ༼བདུད་རྩི་གང་ཞིག་༽ལྟ་བུར་
འགྱུར་བ་ཡང་རྣམ་དབྱེ་དང་པོ་ངོ་ཙམ་སྟོན་པའི་སྒྲ་ཡིན་ནོ།
༢ བྱེད་པ་ཡོད། །ཅེས་པའི་རྩ་ཚིག་གི་གོ་དོན་ནི་ ༼བདུད་རྩི་༽ལྟ་བུའི་མིང་དེའི་མཐར་ ༼འཚོ་བར་བྱེད་༽ ལྟ་
བུ་༼བྱེད་པའི་༽ སྒྲ་ཡོད་ན་རྣམ་དབྱེ་གསུམ་པ་འཇུག་པས་ ༼བདུད་རྩིས་འཚོ་བར་བྱེད་༽ ཅེས་པ་ལྟ་བུ་རྣམ་དབྱེ་གསུམ་པའོ།
དྲི་བ་༣༣པ། རྩ་བར། དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །ཞེས་པའི་སྐབས་༼ཆེད་བྱེད་༽དང་༼རྟེན་བྱེད་༽གཉིས་ཀྱིས་དོན་གང་སྟོན་པ་ཡིན་
ནམ།
དྲིས་ལན། ༡ ཆེད་བྱེད་ ཅེས་པའི་ཚིག་གི་གོ་དོན་ནི་༼བདུད་རྩི་༽ལྟ་བུའི་མིང་དེའི་མཐར་ཆེད་དུ་བྱེད་པའི་སྒྲ་༼མོས་༽པ་ལྟ་བུ་ཡོད་ན་རྣམ་དབྱེ་
བཞི་པ་འཇུག་པས་༼བདུད་རྩི་ལ་མོས་པ་༽ཞེས་སུ་འགྱུར་བས་རྣམ་དབྱེ་བཞི་པའོ།
༢ རྟེན་བྱེད་ ཅེས་པའི་ཚིག་གོ་དོན་ནི་༼བདུད་རྩི་༽ལྟ་བུའི་མིང་དེའི་མཐར་༼བརྟེན༽་ལྟ་བུ་རྟེན་བྱེད་ཀྱི་སྒྲ་ཡོད་ན་རྣམ་དབྱེ་བདུན་
པ་འཇུག་པས་༼བདུད་རྩི་ལ་བརྟེན་༽ལྟ་བུར་འགྱུར་བས་རྣམ་དབྱེ་བདུན་པའོ།
དྲི་བ་༣༤པ། རྩ་བར། ལས་བྱ་བླང་བྱ་བསྒྲུབ་པར་བྱ།
།ཞེས་པའི་སྐབས་ཀྱི་༼ལས་བྱ་༽དང་༼བླང་བྱ་༽༼བསྒྲུབ་པར་བྱ༽ཞེས་
པས་དོན་གང་སྟོན་པ་ཡིན་ནམ།
དྲིས་ལན། ༡ ལས་བྱ་ ཞེས་པའི་ཚིག་གི་གོ་དོན་ནི་༼བདུད་རྩི་༽ལྟ་བུའི་མིང་དེའི་མཐར་༼བསྒྱུར་༽ལྟ་བུ་ལས་སུ་བྱ་བའི་སྒྲ་ཡོད་
ན་གཉིས་པ་ཐོབ་པས་༼བདུད་རྩིར་བསྒྱུར་༽ཅེས་པར་འགྱུར་བས་རྣམ་དབྱེ་གཉིས་པའོ།
༢ བླང་བྱ་ ཞེས་པའི་ཚིག་གི་གོ་དོན་ནི་༼བདུད་རྩི་༽ལྟ་བུའི་མིང་དེའི་མཐར་༼བླང་བར་བྱ་༽ལྟ་བུའི་སྒྲ་ཡོད་ན་ལྔ་པ་
འཇུག་པས་༼བདུད་རྩི་ལས་བླང་བར་བྱ་༽ཞེས་འགྱུར་བས་རྣམ་དབྱེ་ལྔ་པའོ།
༣ བསྒྲུབ་པར་བྱ་ ཞེས་པའི་ཚིག་གི་གོ་དོན་ནི་༼བདུད་རྩི་༽ལྟ་བུའི་མིང་དེའི་མཐར་བསྒྲུབ་པར་བྱ་བ་༼རྒྱ་མཚོ༽ལྟ་
བུའི་སྒྲ་ཡོད་ན་དྲུག་པ་འཇུག་པས་༼བདུད་རྩིའི་རྒྱ་མཚོ་༽ཞེས་པར་འགྱུར་བས་རྣམ་དབྱེ་དྲུག་པའོ།
དྲི་བ་༣༥། རྩ་བར། སྔོན་དུ་འོས་པ་གནས་པའམ།
།ཞེས་པའི་རྩ་བའི་ཚིག་གིས་དོན་གང་སྟོན་པ་ཡིན་ནམ།
དྲིས་ལན། སྔོན་དུ་འབོད་པར་འོས་པའི་མིང་༼བདུད་རྩི་མ་༽ལྟ་བུ་གནས་པ་དེའི་མཐར་ལས་བཅོལ་རྒྱུ་༼བདག་ལ་འཆི་མེད་
སྩོལ་༽ལྟ་བུའི་སྒྲ་ཡོད་ན་རྣམ་དབྱེ་དང་པོའི་ནང་གསེས་བརྒྱད་པ་འཇུག་པས་༼བདུད་རྩི་མ་ཀྱེ་བདག་ལ་འཆི་མེད་
སྩོལ་༽ལྟ་བུར་འགྱུར་བས་རྣམ་དབྱེ་བརྒྱད་པའོ།
དྲི་བ་༣༦པ། མིང་མཐའ་ཙམ་གྱིས་རྣམ་དབྱེ་དྲངས་པ་ཞེས་པ་ཇི་ལྟ་བུ་ཞིག་ལ་ཟེར་རམ།
དྲིས་ལན། མདུན་དུ་ལྷགས་ལྟ་བུའི་ མདུན་ཞེས་པའི་མིང་མཐའ་རྗེས་འཇུག་༼ན༽དེས་རྣམ་དབྱེའི་ཕྲད་༼དུ༽རྗེས་དེ་མ་ཐག་
དྲངས་པ་ལ་མིང་མཐའ་་ཙམ་གྱིས་རྣམ་དབྱེ་དྲངས་པར་འཇོག་པ་ཡིན།
དྲི་བ་༣༦པ། མིང་མཐས་མིང་མཐའ་གཞན་དྲངས་དེས་རྣམ་དབྱེ་དྲངས་ཞེས་པ་ཇི་ལྟ་བུ་ཞིག་ལ་ཟེར་རམ།
དྲིས་ལན། མདུན་ཕྱོགས་སུ་འགྲོ་ལྟ་བུའི་ ༼མདུན་༽ཞེས་པའི་མིང་མཐའ་དེས་མིང་མཐའ་༼ཕྱོགས་༽ཞེས་པ་དྲངས་པ་དང་སླར་ཡང་དེས་
རྣམ་དབྱེའི་ཕྲད་༼སུ་༽དྲངས་པ་དེ་རིགས་ལ་མིང་མཐས་མིང་མཐའ་གཞན་དྲངས་དེས་རྣམ་དབྱེ་དྲངས་པར་འཇོག་པ་ཡིན་ནོ།
དྲི་བ༣༧པ། རྣམ་དབྱེ་བརྒྱད་ལ་རྟགས་མཚུངས་འདྲེན་པའི་དཔེར་བརྗོད་རེ་བྲིས།
དྲིས་ལན། ༡ རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ། དཔེར་ན། མཁས་པ། ཕོས་ཕོ་དྲང་པ།
༢ རྣམ་དབྱེ་གཉིས་པ་ལས་སུ་བྱ་བ། དཔེར་ན། ཁང་སྟེང་དུ་འཛེགས། མོས་མོ་དྲང་བ།
༣ རྣམ་དབྱེ་གསུམ་པ་བྱེད་པ་པོ། དཔེར་ན། སངས་རྒྱས་ཀྱིས་ཆོས་གསུངས།
ཕོས་ཕོ་དྲང་བ།
༤ རྣམ་དབྱེ་བཞི་པ་དགོས་ཆེད། དཔེར་ན། ཁྱི་རུ་ལྟོ་སྦྱིན། ཆོས་ཞུ་རུ་འགྲོ། མོས་མོ་དྲང་བ།
༥ རྣམ་དབྱེ་ལྔ་པ་འབྱུང་ཁུངས། དཔེར་ན།
རྒྱ་མཚོ་ནས་ནོར་བུ། མོས་མོ་དྲང་བ།
༦ རྣམ་དབྱེ་དྲུག་པ་འབྲེལ་སྒྲ། དཔེར་ན། སྒྲོམ་གྱི་ལྡེ་མིག། མོས་མོ་དྲངས་པ།
༧ རྣམ་དབྱེ་བདུན་པ་གནས་གཞི། དཔེར་ན། ཁྱིམ་ཐོག་ཏུ་དར་ཤིང་ཡོད།
ཕོས་ཕོ་དྲང་བ།
༨ རྣམ་དབྱེ་བརྒྱད་པ། དཔེར་ན། སྤྱན་རས་གཟིགས་ཀྱེ་འགྲོ་ལ་བརྩེར་དགོངས་གསོལ། ཕོས་ཕོ་དྲང་བ།
དྲི་བ༣༨པ། རྣམ་དབྱེ་བརྒྱད་ལ་བརྗོད་བདེ་འདྲེན་པའི་དཔེར་བརྗོད་རེ་བྲིས།
དྲིས་ལན། ༡ རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ། དཔེར་ན། རྒྱལ་བ། མ་ནིང་གིས་མོ་དྲང་པ།
༢ རྣམ་དབྱེ་གཉིས་པ་ལས་སུ་བྱ་བ། དཔེར་ན། མདུན་དུ་ཕྱིན། མ་ནིང་གིས་མོ་དྲང་བ།
༣ རྣམ་དབྱེ་གསུམ་པ་བྱེད་པ་པོ། དཔེར་ན། དཔོན་གྱིས་རྒྱལ་སྲིད་འཛིན།
མ་ནིང་གིས་མོ་དྲང་བ།
༤ རྣམ་དབྱེ་བཞི་པ་དགོས་ཆེད། དཔེར་ན། ཆོས་ཕྱོགས་སུ་དཀའ་བ་སྤྱད།
ཕོས་མོ་དྲང་བ།
༥ རྣམ་དབྱེ་ལྔ་པ་འབྱུང་ཁུངས། དཔེར་ན། རྒྱ་ནག་ལས་གོས་ཆེན། ཕོས་མོ་དྲང་བ།
༦ རྣམ་དབྱེ་དྲུག་པ་འབྲེལ་སྒྲ། དཔེར་ན། གསེར་གྱི་བུམ་པ། མ་ནིང་གིས་མོ་དྲང་པ།
༧ རྣམ་དབྱེ་བདུན་པ་གནས་གཞི། དཔེར་ན། ཤར་རུ་རྡོ་རྗེ་སེམས་དཔའ་བཞུགས་ཡོད། མ་ནིང་གི་མོ་དྲང་བ།
༨ རྣམ་དབྱེ་བརྒྱད་པ། དཔེར་ན། དབྱངས་ཅན་མ་ཀྱེ་བདག་ལ་ཤེས་རབ་སྩོལ། མོས་ཕོ་དྲང་བ།
ཕྲད་ཀྱི་ནང་གསེས་གང་ཞིག་འདྲེན་ཚུལ།
དྲི་བ་༣༩། རྩ་བར། གཞན་ཡང་ཚིག་དོན་འོག་ལས།
།བསྡུ་རྒྱུ་ཡོད་དམ་མེད་པ་དང་། །ཞེས་པའི་དོན་གང་ཡིན་ནམ།
ཚིག་དོན་གོང་མ།
དྲིས་ལན། དཔེར་ན། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ནི་དབང་པོའོ། ཞེས་པ་ལས་
ཚིག་དོན་འོག་མ་༼དབང་པོའོ་༽ཞེས་པ་འདི་གོང་
མ་༼མིག་རྣ་བ་སྣ་ལྕེ་ལུས་༽ཞེས་པ་རྣམས་དང་མཚུངས་པ་ལས་ གོང་མ་༼མིག་རྣ་བ་སྣ་ལྕེ་ལུས༽ ཞེས་པའི་ཚིག་དོན་རྣམས་ལ་ འོག་མ༼དབང་པོའོ་༽ ཞེས་པའི་ཚིག་དོན་བསྡུ་རྒྱུ་ཡོད་ན། མིང་སྔ་མ་སྔ་མའི་མཐར་སྡུད་པའི་ཕྲད་༼དང་༽སྒྲ་སྦྱར་ཏེ་ ༼མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ནི་དབང་པོའོ་༽ ལྟ་བུ་ཉིད་དམ་ དང་སྒྲའི་ཕྲད་འདིས་གལ་ཏེ་བསྡུ་རྒྱུ་མེད་པ། འབྱེད་པ་དང་། རྒྱུ་མཚན།
ཚེ་སྐབས། གདམས་ངག་བརྗོད་པ་སོགས་ལའང་འཇུག་ཅེས་པའི་དོན་ཡིན་ནོ།
དྲི་བ་༤༠། རྩ་བར། གོང་མ་ལས་ཀྱང་དེ་བཞིན་ཏེ།
།ཞེས་པའི་དོན་གང་ཡིན་ནམ།
དྲིས་ལན། དཔེར་ན། ལྷ་ལའང་འཇིགས་ན་བགེགས་ལ་སྨོས་ཅི་དགོས། ཞེས་པ་ལྟ་བུ་ལ་མཚོན་ན་ ཚིག་དོན་གོང་མ་༼ལྷ་ལའང་འཇིགས་
ན༽པའི་སྐབས་༼འཇིགས་པའི་དོན་དེ༽འོག་མ་༼བགེགས་ལ་༽ཡང་མཚུངས་པར་བསྡུ་དགོས་པ་ཡིན་ན་ འོག་མ་རྒྱན་སྡུད་ཕྲད་ཀྱི་སྡུད་པའི་ཚིག་ཕྲད་༼ཀྱང་འང་ཡང་༽གསུམ་གང་ཐོབ་སྦྱར་ཏེ་ ༼ལྷ་ལའང་འཇིགས་ན་བགེགས་ལ་སྨོས་ཅི་དགོས།༽ ཞེས་པ་ལྟ་བུ་བསྡུ་དགོས་པའི་དོན་ཡིན།།
དྲི་བ་༤༡པ། མཇུག་ཏུ་བྱ་ཚིག་ལྟ་བུར་ལྷན་ཅིག་ཏུ་སྦྲེལ་བ་ཞེས་པ་ཇི་ལྟ་བུ་ཞིག་ལ་ཟེར་རམ།
དྲིས་ལན། དཔེར་ན། ཆོས་སྐད་མ་ཟད་རྫོང་ཁའང་བསླབ་པར་བྱ། ཞེས་པ་ལྟ་བུ་ལ་མཚོན་ན་ མཇུག་གི་བྱ་ཚིག་༼བསླབ་པར་བྱ་༽ཞེས་པ་ལྟ་
བུ་གཅིག་གི་སྟེང་དུ་ ཚིག་དོན་སྔ་མ་༼ཆོས་སྐད་༽ཞེས་པ་དང་ཚིག་དོན་ཕྱི་མ་༼རྫོང་ཁ༽ཞེས་པ་གཉིས་ ལྷན་ཅིག་ཏུ་སྦྲེལ་བའམ་བསྣན་ནས་བྱ་ཚིག་ཅིག་གིས་གསལ་བར་བྱེད་དགོས་ནའཔ་སྡུད་པའི་ཕྲད་སྦྱར་དགོས་པའི་དོན་ཡིན་ནོ།
དྲི་བ་༤༢པ། རྩ་བར། རྣམ་གྲངས་དག་ཀྱང་བཀོད་པ་ལས།
།བསྐྱར་བ་ཡོད་དམ་མེད་པ་དང་། །ཞེས་པའི་དོན་གང་ཡིན་ནམ།
དྲིས་ལན། མིང་ཚིག་གི་རྣམ་གྲངས་གཅིག་གམ་གཉིས་སམ་མང་པོར་བཀོད་ནས་དོན་བསྐྱར་བ་ཡོད་ན། སྔ་མ་སྔ་མར་རྣམ་གྲངས་ཀྱི་འབྱེད་
པའི་ཕྲད་སྦྱར་དགོས་ཏེ། དཔེར་ན།
འཇིག་རྟེན་དབང་ཕྱུག་གམ་གྲུ་འཛིན་བདག་པོའམ་ཕྱག་ན་པད་མོ་ནི་སྤྱན་རས་གཟིགས་སོ་ལྟ་བུ་དང་། འབྱེད་སྡུད་ཀྱི་ཕྲད་དེ་དག་རྟག་གམ་མི་རྟག་ཡིན་ནམ་མིན་ནམ་ལྟ་བུ་བསྐྱར་བ་མེད་པ་དྲི་བ་དང་ཐེ་ཚོམ་ལ་ཡང་འཇུག་ཅེས་པའི་དོན་ཡིན་ནོ།
དྲི་བ་༤༣པ། ཚིག་དོན་གཉིས་ཀ་བསྐྱར་བ་ཡོད་ན་རྣམ་གྲངས་ཀྱི་སྡུད་པའི་ཕྲད་ཀྱི་དཔེར་བརྗོད་ཅིག་བྲིས་དང་།
དྲིས་ལན། དཔེར་ན། ཉན་ཞིང་ཉན་ཞིང་ཡིད་ལ་འཛིན་པར་བྱེད། བསྒོམས་ཤིང་བསྒོམས་ཤིང་རང་ཉིད་ལྷ་རུ་བསྒོམས།།
དྲི་བ་༤༤པ། རྩ་བར། ཕོ་སྒྲ་དང་ནི་མོ་སྒྲ་དག།
།མིང་གི་མཐའ་ན་ཡོད་མེད་དང་། །ཞེས་པའི་དོན་གང་ཡིན་ནམ།
དྲིས་ལན། དེའི་དོན་ནི་ མིང་གི་མཐའ་མར་ཕོ་སྒྲ་༼པ་པོ་༽གང་རུང་ཞིག་སྔར་མེད་པ་ལ་གསར་དུ་སྦྱར་བ། ལྷ་ས་པ། འབྲུག་པ། སྒྲུབ་པ་པོ་
ལྟ་བུ་ཡོད་ན་མིང་མཐའ་དེ་ཉིད་བདག་པོའི་སྒྲ་ཡིན་པ་དང་། མིང་གི་མཐའ་མར་དགག་དོན་དུ་སྦྱར་བའི་མོ་སྒྲ་༼མ་མི་མེད་མིན་༽གང་རུང་ཞིག་སྔར་མེད་པ་ལ་གསར་དུ་སྦྱར་བ། མི་མ་ཡིན། ལྷ་མིན།
སྒྲ་མེད། ལས་ཀ་མི་བྱེད་ལྟ་བུ་ཡོད་ན་ མིང་མཐའ་དེ་ཉིད་དགག་པའི་སྒྲར་འགྱུར་བའི་དོན་ཡིན་ནོ།།
དྲི་བ་༤༥པ། རྩ་བར། རྒྱན་དུ་གྱུར་པ་རྣམས་ལ་ཡང་།
།དོན་ལ་བསྙེགས་པ་ཡོད་མེད་དང་། །ཞེས་པའི་སྐབས་རྒྱན་དུ་གྱུར་པ་
ཞེས་པ་གང་དག་ཡིན་པ་དང་། དོན་ལ་བསྙེགས་པ་ཡོད་མེད་ཅེས་པའི་དོན་གང་ཡིན་ནམ།
དྲིས་ལན། རྒྱན་དུ་གྱུར་པ་ཞེས་པ་ནི། མཐུན་པའི་རྒྱན་དང་མི་མཐུན་པའི་རྒྱན་གཉིས་ཡིན་ཏེ། དེ་ཡང་། ཚིག་དོན་སྔ་ཕྱི་ཆོས་མཐུན་པ་གཞི་
གཅིག་ཏུ་བསྡུ་རྒྱུ་ཡོད་ན། སྔ་མ་ལ་མཐུན་པའི་རྒྱན་དུ་གྱུར་པའི་ཕྲད་སྦྱར་ཏེ། སྐྱིད་ཀྱང་སྐྱིད་ལ་བདེ་བའང་ལྡན། ལྟ་བུ་དང་།
ཚིག་དོན་སྔ་ཕྱི་ཆོས་མི་མཐུན་པ་གཞི་གཅིག་ཏུ་བསྡུ་ན། སྔ་མར་ནི་མི་མཐུན་པའི་རྒྱན་དུ་འཇུག་པས། བསླབས་ཀྱང་མ་ཤེས།
བལྟས་ཀྱང་མ་མཐོང་། ཞེས་པ་ལྟ་བུ་ནི་རྒྱན་དུ་གྱུར་པའི་དོན་ཡིན་ནོ།
དོན་ལ་བསྙེགས་པ་ཡོད་མེད་ཅེས་པ་ནི། གོང་གི་རྒྱན་དུ་གྱུར་པའི་ཚིག་ཕྲད་དེ་དག་ཀྱང་དོན་ལ་བསྙེགས་པའམ་ངེས་པར་དུ་སྦྱར་
དགོས་པ་ཡིན་ན་མི་སྦྱར་དུ་མི་རུང་ཞིང་། ཚིག་མཛེས་པར་བྱེད་པ་ཙམ་གྱི་དོན་ལ་ཡིན་ན་མ་སྦྱར་ཀྱང་ཆོག་ཅེས་པའི་དོན་ཡིན་ནོ།
དྲི་བ་༤༦པ། རྩ་བར། བསྟན་བྱ་ལྷག་མ་ཡོད་མེད་དང་།
།ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །དེ་དག་ནང་གསེས་རྣམ་པར་དབྱེ།། ཞེས་པའི་
གོ་དོན་བྲིས།
དྲིས་ལན། བསྟན་བྱ་ལྷག་ཡོད་པ་ཞེས་པ་ནི། ཚིག་དོན་སྔ་མའི་དེ་མ་ཐག་ཏུ་བསྟན་བྱ་ལྷག་མ་ཚིག་དོན་ཕྱི་མ་འདྲེན་དགོས་པ་ཡོད་ན་ལྷག་བཅས་ཀྱི་ཕྲད་སྦྱར་དགོས་པའི་དོན་ཏེ། མཆོད་པ་ཕུལ་ཏེ་ཕྱག་འཚལ་ལྟ་བུ་དང་།བསྟན་བྱ་ལྷག་མེད་ན་ཞེས་པ་ནི། ཚིག་དོན་སྔ་མའི་དེ་མ་ཐག་ཏུ་བསྟན་བྱ་ལྷག་མ་འདྲེན་དགོས་པ་མེད་པས་རྫོགས་པ་ཡིན་ན་སླར་བསྡུའི་ཕྲད་སྦྱར་དགོས་ཏེ། རྫོགས་སོ། བསྒྲུབས་སོ་ལྟ་བུ་ཚིག་དོན་རྫོགས་དང་མ་རྫོགས་ཀྱིས་རྣམ་དབྱེ་དང་ཚིག་ཕྲད་དེ་དག་གི་ནང་གསེས་གང་དང་གང་ཞིག་འཇུག་ཅིང་དོན་ཅི་འདྲ་ཞིག་སྟོན་པ་རྣམ་པར་དབྱེ་བར་བྱའོ།།
དྲི་བ་༤༧། རྗེས་འཇུག་གི་ཡི་གེ་བཅུ་པོ་དགོས་པ་ཅིའི་ཕྱིར་འཇུག་པ་ཡིན་ནམ།
དྲིས་ལན། རྩ་བར། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད།
ཅེས་གསུངས་པ་ལྟར། དབྱངས་དང་སྔོན་འཇུག་ཡོད་མེད་གང་རུང་གི་མིང་གཞིའི་ཡི་གེ་གཅིག་གམ་གཉིས་སམ་དུ་མ་འདུས་ཀྱང་།
རྗེས་འཇུག་གི་ཡི་གེ་གང་རུང་ཞིག་མ་ཞུགས་པར་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དུ་འགྲུབ་པ་མི་སྲིད་པས་ཡི་གེའི་ཁོངས་ནས་མིང་
དབྱུང་བའི་ཕྱིར་དང་། མིང་གཅིག་གམ་དུ་མ་སྦྲེལ་ཡང་མཚམས་སྦྱོར་བའམ་དོན་གསལ་བར་བྱེད་པའི་རྣམ་དབྱེ་དང་ཚིག་ཕྲད་སོགས་ ཕལ་ཆེར་རྗེས་འཇུག་ལ་བལྟོས་པ་དེ་རྣམས་མ་ཞུགས་ན་དོན་གྱི་ཁྱད་པར་བརྗོད་པའི་ཚིག་ཏུ་འགྲུབ་མི་སྲིད་པས་མིང་གི་ཁོངས་ནས་ཚིག་དབྱུང་བའི་ཕྱིར་འཇུག་སྟེ་དེ་ལྟ་བུའི་ཚིག་གིས་འཇིག་རྟེན་དུ་དོན་རྣམས་བརྗོད་པར་བྱེད་པའི་ཕྱིར་དོན་མཚོན་པར་བྱེད་པའི་བརྗོད་པ་ཇི་སྙེད་པའང་རྗེས་འཇུག་གི་ཡི་གེ་རྣམས་འཇུག་པའི་དགོས་པར་གྲུབ་པ་ཡིན་ནོ།
དྲི་བ་༤༨པ། ཡི་གེའི་ཁོངས་ནས་མིང་དབྱུང་བ་དང་མིང་གི་ཁོངས་ནས་ཚིག་ཕྱུང་སྟེ་ཚིག་གིས་བརྗོད་དོན་སྟོན་ཚུལ་གྱི་དཔེ་བྲིས།
དྲིས་ལན། ༡ ཡིག་གེའི་ཁོངས་ནས་མིང་དབྱུང་ཚུལ་ནི། དཔེར་ན། མེ་ཏོག་ཅེས་པའི་མིང་དེ་ལ་ སྔོན་ལ་ཡི་གེ་མ་དང་དབྱངས་ཨེ་རྗེས་འཇུག་
འ་དེས་འདྲེན་པའི་ཕྱི་མའི་ཚིག་གྲོགས་ཡི་གེ་ཏ་དང་དབྱངས་ཨོ་རྗེས་འཇུག་ག་དང་བཅས་ཚང་བར་བསྡུས་རྗེས་སྡེབ་སྦྱོར་བྱས་པས་
མེ་ཏོག་ཅེས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དུ་སྒྲུབ།
༢ མིང་གི་ཁོངས་ནས་ཚིག་ཕྱུང་ཚུལ་ནི། དཔེར་ན། མེ་ཏོག་གི་ཁ་དོག་ལེགས་ཞེས་བརྗོད་དགོས་ཚེ་སྔོན་ལ་མེ་ཏོག་ཅེས་པའི་མིང་དེ་
དང་ཁ་དོག་ལེགས་ཞེས་པའི་མིང་དེ་རྣམས་འབྲེལ་སྒྲའི་ཕྲད་གི་ཞེས་པས་སྔ་ཕྱི་འབྲེལ་ཞིང་སྦྱར་བའི་རྗེས་སུ་མེ་ཏོག་འདིའི་ཁ་དོག་
ལེགས་ཞེས་དོན་གྱི་ཁྱད་པར་སྟོན་པའི་ཚིག་སྒྲུབ།
༣ ཚིག་གིས་དོན་རྣམས་སྟོན་ཚུལ་ནི་ དེ་ལྟར་ཚིག་ཏུ་བསྒྲུབས་པའི་རྗེས་སུ་ཚིག་གཅིག་གམ་གཉིས་སམ་མང་དུ་འདུས་པས་དོན་
མ་འདྲ་བ་དུ་མ་སྟོན་ཐུབ་པ་ནི། དཔེར་ན། མེ་ཏོག་གི་ཁ་དོག་ལེགས་ཤིང་དྲི་ཡང་ཤིནྟུ་ཞིམ་མོ་ལྟ་བུའོ།།
དྲི་བ་༤༩པ། ཡི་གེའི་འཇུག་པ་རྣམས་ཀྱི་དགོས་པ་ལྡོག་ཕྱོགས་ནས་སྟོན་པའི་རྩ་ཚིག་གི་གོ་དོན་བཅུད་བསྡུས་ཏེ་བྲིས།
དྲིས་ལན། རྩ་བར། མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཕོ་ཡིག་དེ་དག་རྣམས་ལ་ཡང་། །འཇུག་པར་བཅས་པ་མེད་ན་
ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ མོ་ཡིག་དབྱངས་མེད་ན་ཕོ་ཡིག་གསལ་བྱེད་ཁོ་ནས་དབྱངས་ལ་ལྟོས་པའི་བརྗོད་པ་མི་ཚང་བར་འགྱུར་ལ། ཕོ་ཡིག་དེ་དག་ལའང་དབྱངས་དང་ལྡན་མི་ལྡན་ཇི་ལྟར་ཡང་འཇུག་པའི་ཡི་གེ་བཅུ་པོ་མེད་པར་གྱུར་ན་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་དོན་གྱི་ཁྱད་པར་སྟོན་པའི་ཚིག་ཀྱང་གསལ་མི་ནུས་ལ། མིང་ཚིག་གསལ་བར་མི་ནུས་ན་ནི་དོན་གྱི་རྣམ་པ་རང་དང་གཞན་ལ་མཚོན་ཞིང་གོ་བར་བྱེད་པའི་བརྗོད་པ་རྣམས་ཀྱང་མེད་པར་འགྱུར་རོ།། དེས་ན་ དབྱངས་རྣམས་ནི་གསལ་བྱེད་ཀྱི་བརྗོད་པའི་ཡན་ལག་ཚང་མ་སྟོན་པའི་ཕྱིར་དང་། རྗེས་འཇུག་རྣམས་ནི་མིང་ཚིག་གསལ་བར་བྱ་བའི་ཕྱིར་དང་། ཡི་གེའི་འཇུག་པ་མཐའ་དག་ནི་དོན་ཇི་སྙེད་པ་དག་མཚོན་ཅིང་བརྗོད་པའི་ཕྱིར་འཇུག་པ་ཡིན་ཞེས་པའི་དོན་ནོ།
དྲི་བ་༥༠པ། ཡི་གེའི་འཇུག་པ་རྣམས་ཀྱི་ཉིང་དགོས་ལྡོག་ཕྱོགས་ནས་སྟོན་པའི་རྩ་ཚིག་གི་གོ་དོན་བཅུད་བསྡུས་ཏེ་བྲིས།
དྲིས་ལན། རྩ་བར། དེ་ལྟར་གྱུར་ན་འཇིག་རྟེན་དུ།
།དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །རིག་བྱེད་སྨྲ་བའང་ཡོད་མི་འགྱུར།།ཉན་ཐོས་རང་རྒྱལ་
སངས་རྒྱས་ཀྱི། །བསླབ་པ་རྣམས་ཀྱང་མེད་པར་འགྱུར།
།ཞེས་གསུངས་པ་ལྟར་ དེ་ལྟར་མིང་ཚིག་བརྗོད་པ་རྣམས་མེད་པར་གྱུར་ན་འཇིག་རྟེན་འདིར་དོན་མཚོན་པར་བྱེད་པའི་ལུང་དུ་སྟོན་པའི་སྒྲ་སྐད་ཐམས་ཅད་མི་འབྱུང་བས། དེ་ལ་བལྟོས་པའི་འཇིག་རྟེན་པ་དང་ཐུན་མོང་བའི་བཟོ་རྩིས་སྙན་ངག་སོགས་རིག་པའི་གནས་ཀྱི་སྨྲ་བ་རྣམས་དང་། འཇིག་རྟེན་ལས་འདས་པའི་ཤེས་བྱ་ཐུན་མོང་མིན་པ་ཉན་ཐོས་དང་རང་རྒྱལ་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་སྟོན་ཞིང་སྨྲ་བ་དག་ཀྱང་མེད་པར་འགྱུར་བ་དེའི་ཕྱིར། མིང་ཚིག་བརྗོད་པ་ཐམས་ཅད་འཇིག་རྟེན་ན་ཡོད་པའི་རང་བཞིན་གྱི་དགོས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་བྱ་ཅི་རིགས་པར་སྟོན་ཅིང་སྨྲ་བ་རྣམས་ཀྱི་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་བྱས་པ་ལ་བརྟེན་ནས་འདི་དང་གཏན་གྱི་བདེ་བ་དམ་པ་ཕུན་སུམ་ཚོགས་པར་འབྱུང་བ་རྣམས་ཡིན་ནོ།། །།
དྲི་བ་༥༡པ། ཡི་གེ་འཇུག་པ་སྟོན་པའི་བསྟན་བཅོས་འདི་བརྩམས་པའི་དགོས་པ་དངོས་བསྟན་པའི་རྩ་ཚིག་འགྲེལ་པ་མདོར་བསྡུས་
ཤིག་བྲིས།
དྲིས་ལན། རྩ་བར། ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས།
།ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གྲུབ་མཐའ་གཞན་ཡང་ཡོད་ན་ཡང་། །རང་
ཉིད་ཀྱིས་ནི་མི་ཤེས་བཞིན། །དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །རང་ཚུལ་དེ་ཉིད་མི་ཤེས་པས། །དོན་ལ་སྦྱོར་བ་ག་ལ་ཤེས། །དེ་ཕྱིར་སྨྲ་བའི་དབང་ཕྱུག་གི། །རྗེས་སྨྲས།
ཞེས་གསུངས་ པ་ལྟར་དགོས་པ་དངོས་ནི། དཔེ་ཇི་ལྟར་ན་འཇིག་རྟེན་གྱི་སེམས་ཅན་རྣམས་ལ་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་སྐྱེ་མཆེད་བཅུ་གཉིས་རང་རང་ལ་ཡོད་པ་མ་ཟད། ཕྱི་ནང་གི་གྲུབ་མཐའ་གཞན་ཡང་ཐོག་མ་མེད་པའི་དུས་ནས་ལྷན་ཅིག་ཏུ་འགྲོགས་ཏེ་ཡོད་ན་ཡང་། དེ་ལྟ་བུའི་རྣམ་གཞག་རང་ཉིད་ཀྱིས་ནི་མི་ཤེས་པ་དེ་བཞིན་དུ་རང་རང་གི་ཡི་གེ་རྣམས་ཇི་ལྟར་འཇུག་པའི་ཚུལ་ཡང་ལུང་པ་སོ་སོའི་ལུང་སྟོན་པའི་སྒྲ་སྐད་ཀྱི་སྨྲ་བ་ཀུན་ལ་རང་བཞིན་གྱིས་ཐོག་མ་མེད་པ་ནས་གནས་པར་གྱུར་ཀྱང་གཞན་གྱིས་བརྡ་སྤྲོད་པའི་རྐྱེན་མེད་པར་ཡི་གེ་རྣམས་མིང་ཚིག་སོགས་ལ་ཇི་ལྟར་འཇུག་པའི་རང་ཚུལ་དེ་ཉིད་ཀྱང་མི་ཤེས་པས་ན་མིང་ཚིག་རྣམས་ཁྱད་པར་ཕྱེ་ནས་དོན་ལ་སྦྱོར་བའི་ཚུལ་ག་ལ་ཤེས་ཏེ་མི་ཤེས་སོ། དེས་ན་ཐུ་མི་བདག་གིས་གངས་ཅན་པ་རྣམས་ལ་རབ་ཏུ་བརྩེ་བའི་བློས་འདི་དང་གཏན་གྱི་བདེ་བ་སྒྲུབ་པའི་ཐབས་ཐུན་མོང་དང་ཐུན་མིན་པའི་རིག་བྱེད་དང་བསྟན་བཅོས་དང་བསླབ་པ་གསུམ་ལ་ལེགས་པར་སློབ་ཅིང་ཤེས་སུ་རུང་བ་ནི་ཡི་གེ་དང་མིང་དང་ཚིག་གི་འཇུག་པ་ཚུལ་བཞིན་དུ་རྟོགས་པ་ལ་རག་ལས་པར་མཐོང་ནས་འཕགས་ཡུལ་བ་ལ་སོགས་པའི་སྨྲ་བའི་དབང་ཕྱུག་མཁས་པ་དག་གི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་ནས་སྨྲས་པ་ཡིན་ནོ།
དྲི་བ་༥༢པ། བསྟན་བཅོས་འདིའི་དགོས་པ་འགྲུབ་པར་སྨོན་པའི་རྩ་ཚིག་འདི་ཀུན་རྟོགས་གྱུར་ཅིག་ཅེས་པའི་གོ་དོན་བྲིས།
དྲིས་ལན། ཡི་གེའི་འཇུག་པ་ལེགས་པར་སྦྱར་བའི་ཚུལ་འདི་གངས་ཅན་གྱི་སྐྱེ་བོ་ཀུན་གྱིས་རྟོགས་ནས་མིང་ཚིག་བརྗོད་པ་ཐམས་ཅད་ལ་མགོ་
རྨོངས་པ་མེད་པར་སྨྲ་བའི་དབང་ཕྱུག་གམ་མཁས་པ་པོར་ཆེར་གྱུར་ཅིག། ཅེས་པ་དང་ཞར་གོང་དུ་སྨོས་པའི་ཉིང་དགོས་དེ་དག་ཀྱང་ འགྲུབ་པའི་སྨོན་ལམ་མཛད་པ་ཡིན་ནོ།། །།དགེའོ།།
Comments
Post a Comment