Skip to main content

སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་བསྡུས་པ།

 

སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་བསྡུས་པ།

དེ་ཡང་ འཛམ་གླིང་མཁས་པའི་གཙུག་རྒྱན་ སློབ་དཔོན་ཆེན་པོ་དབྱིག་གཉེན་ནི་ སློབ་དཔོན་འཕགས་པ་ཐོགས་མེད་དང་ཡུམ་གཅིག་པའི་ བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་དེ་ཉིད་ཀྱིས་བྲམ་ཟེ་དང་འདུས་པ་ལས་ སྐུ་འཁྲུང་ས་ཡོདཔ་ཨིན། ཆུང་ངུའི་དུས་ནས་ བྲམ་ཟེའི་རིག་བྱེད་ལས་འབྱུང་དོ་བཟུམ་སྦེ་ བློ་རིག་རྣོ་བ་འབྱུང་ཐབས་ཀྱི་དོན་དུ་ ཡུམ་གྱིས་ལྕེ་ལ་གྷི་ཧང་གི་ཡི་གེ་ཨ་འདྲི་བ་ལ་སོགས་པའི་ཆོ་གའི་སྒོ་ནས་ ཁྲུས་དང་གཙང་སྦྲ་བསྟེན་པའི་ཁར་ ཡུམ་གྱིས་རྩིས་དང་རིག་བྱེད་བཞི་ལ་སོགས་པའི་ཐུན་མོང་བའི་རིག་གནས་རྣམས་ ལེགས་པར་བསླབས་ཏེ་ཁོང་དུ་ཆུད་པའི་ཤུལ་དུ་  སྡེ་སྣོད་གསུམ་ལ་སྦྱངས་ཏེ་ རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་དགོ་པར་བསྐུལ་ནས་ དཔལ་ནཱལནྡྲའི་གཙུག་ལག་ཁང་དུ་རབ་ཏུ་བྱུང་བ་མཐར་ ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་སྦྱངས་པས་མཁས་པ་ཕུལ་དུ་ཕྱིན་པར་གྱུར་བ་དང་ སྒོས་སུ་ མངོན་པའི་སྡེ་སྣོད་དག་ལ་མཁས་པའི་བཤད་ཚུལ་མི་འདྲ་བ་མཐའ་དག་ཐུགས་སུ་ཆུད་དེ་ ཁ་ཆེའི་ཡུལ་དུ་ གདུལ་བྱ་བགྲང་ལས་འདས་པ་ལ་ ཆོས་མང་དུ་བསྟན་ཅིང་དྲི་མ་མེད་པའི་རིག་ལམ་རྒྱས་པར་མཛད་གནང་ནུག

དེའི་སྐབས་ལ་ བདུད་སྡིག་ཏོ་ཅན་གྱིས་སློབ་དཔོན་ཆེན་པོ་འདི་གིས་ རྒྱལ་བའི་བསྟན་པ་དར་རྒྱས་ཀྱི་བྱ་བ་རྒྱ་ཆེན་པོ་མཛད་པའི་སྐབས་མ་བཟོད་པར་ སློབ་དཔོན་གྱི་ལྷ་རྟེན་དང་གླེགས་བམ་ལ་སོགས་པའི་ ཡོ་བྱས་ཐམས་ཅད་ལན་ཐེངས་གསུམ་ཙམ་ཨར་བརྐུན་དང་ཕྲོགས་བཅོམ་ལ་ཤོར་བའི་རྗེས་སུ་ སློབ་དཔོན་གྱི་ཐུགས་ལ་ ད་ནི་ནོར་དང་གླེགས་བམ་མེད་ཀྱང་ཆོས་ཐམས་ཅད་ནི་བློ་ལ་ཡོད་པས་ སུས་ཀྱང་ཕྲོགས་མི་ནུས་པས་ ཡོ་བྱས་སོགས་གང་ཡང་མེད་པར་དཔལ་ནཱ་ལནྡྲར་བྱོན་ནས་ དེར་ཡང་ ཉན་ཐོས་ཀྱི་དགེ་འདུན་མང་པོ་ལ་ རིག་པ་དང་ལྡན་པའི་ཆོས་མང་པོ་སྟོན་ཅིང་བཞུགས་པའི་སྐབས་ལ་ འཕགས་པ་ཐོགས་མེད་ཀྱིས་མཛད་པའི་སྡེ་ལྔའི་གླེགས་བམ་གཟིགས་པས་ ཐེག་ཆེན་ཐུགས་སུ་མ་ཆུད་ཅིང་ ལྷག་པའི་ལྷ་ལས་གསན་པ་ལ་ཐུགས་ཡིད་མ་ཆེས་པར་ ཐེག་ཆེན་གྱི་གང་ཟག་དང་ཆོས་ལ་སྐུར་པ་མང་པོ་བཏབ་འདུག

དེའི་སྐབས་ གཅེན་པོ་འཕགས་པ་ཐོགས་མེད་ཀྱི་མཁྱེན་ནས་ འདུལ་བའི་དུས་ཡིན་པར་དགོངས་ནས་ བློ་གྲོས་མི་བཟད་པའི་མདོ་དང་ས་བཅུ་པའི་མདོ་གཉིས་པོ་ དགེ་སློང་ཅིག་ལ་སྤྲོད་དེ་གཅུང་གི་དྲུང་དུ་བཏང་བས་ སྲོད་ལ་བློ་གྲོས་མི་ཟད་པའི་མདོ་བཏོན་པས་ཐེག་ཆེན་གྱི་རྒྱུ་བཟང་པོ་ཡོད་པར་རྟོགས་པ་དང་ ཐོ་རངས་ལ་ས་བཅུ་པའི་མདོ་བཏོན་པའི་སྐབས་ལ་ འབྲས་བུ་ཡང་བཟང་པོ་ཡོད་པར་ཆུད་དེ་ རྒྱུ་འབྲས་གཉིས་ཀར་བཟང་བའི་ ཐེག་ཆེན་གྱི་ཆོས་དང་གང་ཟག་ལ་སྐུར་པ་བཏབ་པས་ སྡིག་པ་ཆེན་པོ་བསགས་འདུག དེ་ལ་སྐུར་པ་བཏབ་པའི་ལྕེ་དེ་ བཅད་པར་བྱའོ་ཞེས་སྤུ་གྲི་བཏོན་དུས་ལ་ དགེ་སློང་དེ་གཉིས་ཀྱིས་སྡིག་པ་བཤགས་པའི་ཐབས་ནི་ གཅེན་པོ་འཕགས་པ་ཐོགས་མེད་ལ་ཡོད་པས་ དེའི་དྲུང་དུ་ཕྱིན་པ་ན་ སྐུར་པ་བཏབ་པའི་སྒྲིབ་པ་བྱང་ནིའི་དོན་ལུ་ ཐེག་ཆེན་གྱི་མདོ་འགྲེལ་པ་མང་དུ་རྩོམས་དགོས་པའི་བསྐུལ་མ་གནང་བ་དེ་བཞིན་དུ་ ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་དེའི་རང་འགྲེལ་བརྩམས་པ་དང་ མདོ་སྡེ་རྒྱན་གྱི་འགྲེལ་པ། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ་ ལ་སོགས་པའི་ཐེག་ཆེན་གྱི་མདོའི་འགྲེལ་པ་རྣམས་ རིམ་པ་བཞིན་དུ་མཛད་གནང་ནུག

སྟོན་པ་སྐུ་མྱ་ངན་ལས་འདས་པའི་འོག་རོལ་ཏུ་ སློབ་དཔོན་དབྱིག་གཉེན་ལྟ་བུའི་ ཆོས་མང་དུ་ཐོས་པ་འགའ་ཡང་མེད་ཞེས་གྲགས་པ་དང་ འཕགས་པ་ཐོག་མེད་མྱ་ངན་ལས་འདས་པའི་རྗེས་སུ་ དཔལ་ནཱ་ལནྡྲའི་མཁན་པོ་ཡང་མཛད་དེ་ སློབ་དཔོན་འཕགས་པ་ཐོག་མེད་ཀྱི་དུས་ལས་ཀྱང་ ཐེག་པ་ཆེན་པོའི་འཆད་ཉན་རྒྱས་པར་བྱུང་བ་དང་ མུ་སྟེགས་ངན་པ་བྱུང་ན་ཡང་ དེ་མ་ཐག་ཏུ་ཚར་གཅོད་ནས་ བསྟན་བཅོས་རྩོམ་པ་ལ་སོགས་པ་མཁས་པའི་བྱ་བ་རྒྱ་ཆེན་པོ་མཛད་དེ་ དགུང་ངོ་བརྒྱརཉེ་བ་ཙམ་རྒྱ་གར་ལ་བཞུགས་པའི་རྗེས་སུ་ དགོས་པ་མང་པོ་ཞིག་ལ་གཟིགས་ནས་ སློབ་མ་སྡེ་སྣོད་འཛིན་པ་སྟོང་དང་བཅས་པར་ བལ་པོའི་ཡུལ་དུ་བྱོན་ཏེ་ བལ་ཡུལ་ལ་གནས་པའི་དགེ་འདུན་རྣམས་ལ་ ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་བསྟན་ཅིང་ སློབ་མ་དད་ཅན་མང་པོ་བྱུང་བའི་མཐར་ རྗེ་བཙུན་བྱམས་པ་མགོན་པོ་དང་འཕགས་པ་ཐོགས་མེད་ གང་དུ་བཞུགས་པའི་གནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་གཤེགས་པ་དང་ སློབ་དཔོན་ཆེན་པོ་དགོངས་པ་རྫོགས་པའི་ས་གནས་དེར་ སློབ་མ་རྣམས་ཀྱིས་མཆོད་རྟེན་ཞིག་བཞེངས་ཡོད་པ་དེ་ ད་རེས་ཡང་མཇལ་རྒྱུ་ཡོད་པའི་སྐོར་ བཤད་རྒྱུན་མ་ཉམས་པར་ཡོད་དོ།།     །།

  བཀྲིན་ཆེ་།

Comments

མི་མངམ་གིས་ ལྷག་མི་རྩོམ།

Lungtenzampa or is it because we are Desuup? - Dorji Choden

WORLD WAR II (September 1, 1939, to September 2, 1945)

Save me - Sonam Tenzin(ST)

སྲིད་པ་འཁོར་ལོ།

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།