Skip to main content

གཉིད་ལམ་འདྲ་བའི་མི་ཚེ་འདི།

 👥 གཉིད་ལམ་འདྲ་བའི་མི་ཚེ་འདི།


༉ རང་གི་ཚེ་ལུ་ རྟག་པ་དང་བརྟན་པ་ཅིག་ ག་ནི་ཡང་མེདཔ་ཨིན། ཁ་ཙ་མཐོང་མི་ གཉིད་ལམ་བཟང་ངན་དང་འདྲ་བའི་ དལ་འབྱོར་མི་ལུས་རིན་ཆེན་འདི་  ཐོབ་པར་དཀའ་བ་ མེདཔ་འགྱོཝ་འཇམ་པ་ཅིག་ཨིན། གཉིད་ལམ་ནང་ དགའ་སྡུག་གི་ཉམས་ཚུ་ གཉིད་བསད་པའི་ཚེ་ ག་ར་ཡལ་འགྱོ་བ་མ་ཚད་ རང་རྐྱངམ་གཅིག་ རང་གི་མལ་ཆ་ནང་ལས་ ལོངམ་ཨིན། འདི་བསྒང་ གཉིད་ལམ་གྱི་ཉམས་ མ་མྱོང་ག་ཟེར་བ་ཅིན་ མྱོང་ཡི། ད་ལྟོ་མཐོང་དུས་ཡོད་ག་ ཟེར་བ་ཅིན་ མེད་པའི་ཁར་ རང་དང་གཉིད་ལམ་གྱི་བག་ཆགས་གཉིས་ སོ་སོ་སྦེ་ཁ་འབྱལཝ་ཨིན།  འདི་འབདཝ་ལས་ དཀའ་སྡུག་ག་ར་ མི་རྟག་པའི་རང་བཞིན་དང་ འཆི་བའི་དུས་ལུ་འབབ་པའི་ཚེ་ འཇིག་རྟེན་ནང་མྱོངམ་མི་ག་ར་ གཉིད་ལམ་དང་འདྲཝ་སྦེ་ རང་གི་རྣམ་ཤེས་རྐྱངམ་གཅིག་ སྡོད་སའི་གནས་ནང་ རང་དབང་མེད་པར་ འཁོར་བར་འཁྱམས་པའི་དུས་འདི་ དུས་ནམ་ལྷོད་འོང་ག་ ག་གིས་ཡང་ སླབ་མ་ཚུགས་པའི་ དུས་ཚོད་གཅིག་ཨིན།

རྟག་པ་མེད་པའི་ མི་ཚེ་གི་ཚུལ་འདི་ཡང་ སྔོན་གྱི་རྒྱལ་བ་རྫོགས་པའི་སངས་རྒྱས་དང་ མཁས་གྲུབ་གཉིས་དང་ལྡན་པ་ འབྱུང་བ་བཞི་གི་རང་དབང་ཐོབ་མི་ གྲུབ་ཐོབ་དང་ བླམ་རིན་པོ་ཆེ་ རང་གི་ཨ་རྒས་དང་ཨང་རྒས་དང་ གཉེན་ཉེ་འཁོར་ ཁྱིམ་ཚང་ལ་ལུ་ ད་ལྟོ་མ་པ་ལས་རང་མཐོང་ཚུགས་པའི་ རང་དབང་མེད་མི་ལུ་བལྟ་སྟེ་ མི་རྟག་པ་སྒོམ་དགོཔ་ཨིན།  

དེ་མ་ཚད་ རང་གི་ལུས་ལུ་བལྟ་རུང་ ན་ཧིང་བཏབ་མི་པར་འདི་ དུས་ཅི་བལྟཝ་ད་ བཀྱག་འཕེལ་གྲིབ་ཀྱི་འགྱུར་བ་དང་ དུས་ཅི་བཏབ་མི་པར་འདི་ སང་ཕོད་བལྟ་བ་ཅིན་ ད་རིས་བ་ལྷག་པའི་འགྱུར་བ་འོང་སྲིད། ཧེ་མའི་ཕོ་ལེགས་མོ་ལེགས་ཀྱི་ འཁྲབ་རྩེདཔ་ མིང་གཏམ་དང་སྐད་གྲགས་ཅན་འཐོན་མི་ཚུ་ཡང་ རྒྱང་མཐོང་ནང་ན་རང་ རིམ་གྱིས་བཀྱག་ཡལ་སར་མཐོངམ་ད་ མི་རྟག་པ་འདི་ རང་གི་གདོང་ཁར་རང་འདུག དེ་འབདཝ་ལས་ རྟག་པ་མེད་པའི་ མི་ཡི་ལུས་གཅིག་འབག་མི་འདི་ ད་ལྟོ་ཡོད་དོ་བཟུམ་དང་ གསོན་པོ་སྦེ་སྡོད་དོ་བཟུམ་སྦེ་ ལོ་ངོ་༢༠་གི་རྒྱབ་ལུ་ཡང་ སྡོད་ཚུགས་མི་འདི་ དཀོན་སུ་ཅིག་དང་ ངེས་པ་མེད་པའི་ཁར་ ད་ལྟོ་རང་དང་ཡོད་མི་ ཕམ་དང་ཆ་རོགས་འཆམ་མཐུནམ་ གཉེན་དང་བུ་གཞི་ཚུ་ཡང་ ལོག་སྟེ་མ་པ་ལས་འཕྱེད་མ་ཚུགས་པའི་ དུས་ཤར་ནི་འདི་ ལམ་ཐག་རྩ་ལས་མི་རིང་ ཟེར་ཞུ་ནི་ཨིན།

ཕྱིའི་འབྱུང་བ་བཞིའི་  རང་བཞིན་གནས་སྟངས་དང་ དུས་ཚོད་ཚུ་ཡང་ མི་རྟག་པའི་རང་བཞིན་ཨིནམ་མས། ནམ་སོ་ཁའི་དུས་ལུ་ ཤིང་དང་མེ་ཏོག་མཛེས་པའི་ཁར་ བྱ་དང་བྱིའུ་ཅུང་ སེར་སྦྱངམ་ཚུ་ བདེ་བའི་ཟས་ལུ་ལོངས་སྤྱོད་རུང་ གནམ་དགུན་གྱི་དུས་སྐབས་ ཤིང་དང་མེ་ཏོག་ཚུ་ཡང་བསྐམས་ ཆུ་ཀླུང་འདི་ཚུ་ཡང་ འཁྱེགས་ཀྱིས་བསྡམས་ མཛེས་པའི་ཡུལ་ཚུ་ཡང་ བལྟ་དགོ་མ་བདེ་མ་ཚད་ རིམ་གྱིས་མེདཔ་འགྱོཝ་ཨིན། དེ་བཟུམ་སྦེ་ དུས་ཚོད་ལས་བལྟ་རུང་ མི་རྟག་པའི་ཚུལ་འདིའང་ ཇ་ཚ་ཏོམ་ཕོརཔ་གང་ རང་གི་གདོང་ཁར་བཞག་པ་ཅིན་ ཆུ་ཚོད་གཅིག་དེ་ཅིག་ཁར་ ཁོདམ་འགྱོཝ་ལས་  དུས་ཚོད་ལུ་ཡང་ རྟག་པ་གཅིག་ག་ནི་ཡང་མིན་འདུག 

རང་ལུ་ ལཱ་བཟང་ངན་ ག་ཅི་བཟུམ་བྱུང་རུང་ འདི་ལུ་དགའ་སྐྱོའི་རྟག་པ་མ་བཟུང་བར་ འདི་ལས་ཡོན་ཏན་དང་ མི་རྟག་པའི་ངོ་བོ་ལེན་དགོཔ་དང་ བཤགས་པ་ཕུལ་དགོཔ་ཨིན། རང་གི་ཚེ་གང་ དགའ་ཏོག་ཏོ་སྦེ་སྡོད་རུང་ སྐྱོ་སི་སི་སྦེ་སྡོད་རུང་ ནམ་ཅིག་གི་ཚེ་ འཆི་བདག་གཤིན་རྗེ་ཀྱི་ དབང་དུ་ཐལ་དགོཔ་འདི་  ངེས་བདེན་ཨིནམ་ལས་ རང་དང་གཞན་འཆི་བའི་དུས་ལུ་ མ་ཐལ་པའི་ཧེ་མ་ རང་གི་འཛོལ་བའི་ལཱ་འདི་ བཤགས་པ་ཕུལ་དགོཔ་ཨིན། ད་རིས་རང་གིས་ བཤགས་པ་ཕུལ་མ་ཚུགས་པའི་ཧེ་མ་ བཤགས་པ་ཕུལ་སའི་མི་འདི་ མི་རྟག་པའི་ལམ་དུ་ཐལ་བ་ཅིན་ རང་གིས་བཤགས་པ་ཕུལ་ས་མེད་པའི་ཁར་ རྟིང་ཤུལ་བདའ་བཤགས་པ་ཕུལ་རུང་ ཉན་དགོ་པའི་མི་འདི་མེད་པར་ རང་ཡང་བསམ་པ་མི་རྫོགས། དེ་མ་ཚད་  བཤགས་པ་ཕུལ་མ་ཚུགས་པའི་ཧེ་མ་ རང་དུས་ཚོད་བཞི་པ་ལུ་ ཐལ་སོང་པ་ཅིན་ འདི་བ་ལྷག་པའི་ བློ་འགྱོད་ཤོས་མེདཔ་ཨིན།

མི་ཚེ་འདི་རྟག་པ་མེད་པའི་ རྨི་ལམ་དང་འདྲཝ་ལས་ འདི་ལུ་སེམས་བག་ཡེངས་ཤོར་ཏེ་ མི་ཚེ་སྟོང་ལོག་མེདཔ་ཅིག་འབད་དགོ རང་ལུ་ངན་པའི་དུས་ ག་ཅི་བཟུམ་ཤར་ཏེ་ཡོད་རུང་ འདི་ཚུ་ཡོན་ཏན་དང་བཅསཔ་སྦེ་ སེམས་ལས་བརྗེད་དེ་ མི་ཚེ་ལྷག་ལུས་འདི་ དམ་པའི་ཆོས་དང་མཐུནམ་སྦེ་འབད་བ་ཅིན་ རང་ལུ་མི་རྟག་པའི་དུས་ བརྒྱ་སྟོང་སྦེ་འོང་སྟེ་ རང་གི་གདོང་ཁར་ འཇིགས་སྐྲག་སྟོན་རུང་ འདི་ལུ་འདྲོག་འབྱེལ་མེད་པའི་ སེམས་ཤུགས་ཐོབ་ཨིནམ་མས།

འབྱུང་བ་བཞི་གི་ རང་དབང་ཐོབ་མི་དང་ ཚེའི་དངོས་གྲུབ་ཐོབ་མི་ཚུ་ཡང་ ད་ལྟོ་མཚན་ཙམ་ལས་གོ་བའི་ དུས་བསྐལ་མེད་པ་ཅིན་ མི་གཙང་བ་དང་ ཉོན་མོངས་པ་དུག་གསུམ་གྱིས་གང་མི་ ང་བཅས་ཀྱི་ལུས་འདི་ ནམ་འཆི་ཆ་མེད་ཀྱི་མི་ཚེ་འདི་  རྟག་པ་རྩ་ལས་མེདཔ་ཨིན། འདི་འབདཝ་ལས་ ད་རིས་ཕྱི་རུ་ཉལ་བའི་ལུས་འདི་ ནངས་པ་རོ་སྦེ་ལུས་པ་ཅིན་ འདི་ལུ་བལྟ་སྟེ་ རང་གི་ཡིད་རྣམ་པར་ཤེས་པ་འདི་ཡང་ བར་དོའི་གནས་ནང་ བློ་དགྱོད་དང་སྡུག་བསྔལ་མེད་པའི་ ཐབས་ལམ་འདི་ཚུ་ ད་ལྟོ་ལུས་དང་སེམས་ལུ་ རྐྱེན་མ་ཕོག་པའི་ཧེ་མ་  ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་འདི་ དུས་རྒྱུན་དུ་དམ་པའི་ཆོས་དང་མཐུན་དགོཔ་ཨིན།  དེ་མ་ཚད་ རང་དང་གཞན་ འཇིག་རྟེན་རྨི་ལམ་གྱི་མི་ཚེ་འདི་ མི་རྟག་པའི་ལམ་དུ་ མ་ཐལ་བའི་སྔོན་མ་ བཤགས་པ་ཕུལ་ཏེ་ ཡོན་ཏན་ལེན་དགོཔ་དང་  མི་ཚེ་བདེན་ཡོདཔ་བཟོ་དགོཔ་ཨིན་ནོ།།

མི་མངམ་གིས་ ལྷག་མི་རྩོམ།

Action Research Proposal Framework

Topic Sentence and Thesis Statement: The Keystones of Organized Writing

Ticking Toward Triumph: A Tale of Timely Kindness

སྨོན་ལམ་ ༡༠༨ །

འཛུམ་འཛུམ་་་་་་

Code of Conduct for Teachers

🍂History of Gomphu Kora in Tashi Yangtse District, under Tongjang Gewog.

Computer shortcut keys

མི་སེར་གྱི་རྒྱལ་པོ། -རྡོ་རྗེ་དངོས་གྲུབ།

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།