Skip to main content

རྣམ་དབྱེ་བརྒྱད། ༼ རྫོང་ཁ༽

 


               རྣམ་དབྱེ་བརྒྱད།
རྣམ་དབྱེ་གི་གོ་དོན་ སླབ་དགོ་པའི་ བརྗོད་དོན་བརྡ་སྤྲོད་ཐབས་ལུ་ མིང་ཚིག་དང་ བྱ་བ་ འབྱུང་ཁུངས་ འབྲེལ་སྒྲ་དང་བྱེད་སྒྲ་ལ་སོགས་པའི་ དབྱེ་བ་ རྣམ་པ་སྣ་ཚོགས་ཚུ་ གསལ་ཏོག་ཏོ་སྦེ་ སྟོན་ནི་འདིགིས་ རྣམ་དབྱེ་ཟེར་སླབ་ཨིན། རྣམ་དབྱེ་་ ༡༽ ངོ་ཙམ་སྟོན་པ། ༢༽ ལས་སུ་བྱ་བ། ༣༽ བྱེད་པ་པོ། ༤༽ དགོས་ཆེད། ༥༽ འབྱུང་ཁུངས། ༦༽ འབྲེལ་སྒྲ། ༧༽ གནས་གཞི། ༨༽ འབོད་སྒྲ།
 
རྣམ་དབྱེ་དང་པ་ ངོ་བོ་ཙམ་སྟོན་པ།
རྣམ་དབྱེ་དང་པ་ ངོ་བོ་ཙམ་སྟོན་པ་ཟེར་མི་འདི་ གང་ཟག་དང་དངོས་པོ་ ག་ཅི་རང་ཨིན་རུང་ བྱ་བ་དང་ཁྱད་ཆོས་ག་ནི་ཡང་ མ་སླབ་པར་ མིང་རྐྱངམ་ཅིག་སྟོན་མི་ལུ་ སླབ་ཨིན། དཔེར་ན་ བུམ་པ། ཤིང་། བཀྲིས། མི། རོ་ཁྱི། འདི་ནང་ མང་ཚིག་ཚུ་རང་ ཚུདཔ་ཨིན། དཔེར་ན་ བུམ་པ་ཚུ། ཤིང་ཚུ། རོ་ཁྱི་ཚུ། མི་ཆ་ཁྱབ།
 
རྣམ་དབྱེ་གཉིས་པ་ ལས་སུ་བྱ་བ།
བྱ་བའི་ཡུལ་དང་བྱ་ཚིག་ གཙོ་བོ་སྟོན་ཏེ༌སླབ༌པའི༌ ཚིག༌གཅིག༌ལུ༌ ལས༌སུ༌བྱ༌བ༌ཟེར༌སླབ༌ཨིན།
དཔེ་ ཕུན་ཚོགས་གླིང་༼བྱ་བའི་ཡུལ/ལཱ་འབད་སའི་ས་གནས།༽ ལུ་༼ཕྲད༽ སོང་༼བྱ་བ༽།
༡.ནང་ན་ཤོག ༢.རྟ་ཁར་ཞོན། ༣.རྩི་མ་གླ་ཁ་ལུ་སོང་། ༤. ཁྱིམ་ཐོག་གུ་དར་ཤིང་བཀལ། ༼ཕྲད་་་་་ན་ར་ལུ་གུ༽
        དྲན་གསོ། ཕྲད་ན་ར་ལུ་གུ་འདི་ རྗེས་འཇུག་དང་འཁྲིལ་ མ་དགོ་པར་འཇུགཔ་ཨིན། ཕྲད་ར་འདི་ མིང་མཐའ་དང་ མིང་རྐྱང་གཅིག་ཁར་ འཇུགཔ་ཨིན།  དཔེར་ན་ཕ་མར་ཞབས་ཏོག་ཞུ། ༼མིང་མཐའ༽  ཁྱིམ་ཐོག་ཁར་སོང་།  གྱལ་ཁར་འཛུལ།༼མིང་རྐྱང་།༽
ལས་སུ་བྱ་བའི་ ནང་གསེས་ཀྱི་དབྱེ་བ་ ཡུལ་ལས་དབྱེར་མེད།
བྱ་བའི་ཡུལ་ལུ་ བྱ་བའི་ལས་སྦྱར་བའི་སྐབས་ བྱ་བའི་ཡུལ་དང་ བྱ་བའི་ལས་གཉིས་ དབྱེ་བ་མེད་པར་འཇུག་མི་ལུ་ ཡུལ་ལས་དབྱེར་མེད་ཟེར་སླབ་ཨིན། ཡང་ན་ བྱ་བའི་ཡུལ་དང་ བྱ་བ་གཉིས་སོ་སོ་སྦེ་ དབྱེ་བ་ཕྱེ་མ་ཚུགས་མི་ལུ་ སླབ་ཨིན།
དཔེར་ན་ ༡.ཤིང་སེར་པོར་གྱུར། ༢.མི་དཀརཔོ་ལུ་གྱུར། ༣. ལྷ་མི་ལུ་སྤྲུལ། ༤. མི་མཁས་པར་གྱུར། ༥.བུམོ་མཁའ་འགྲོམ་ལུ་སྤྲུལ།
 
རྣམ་དབྱེ་གསུམ་པ་ བྱེད་པ་པོ།
བྱ་བའི་ལཱ་ག་ཅི་རང་འབད་རུང་ དེ་འབད་མི་ གང་ཟག་དང་དངོས་པོ་ག་ཨིན་ན་ སྟོན་པའི་སྒྲ་ལུ་ བྱེད་པ་པོའི་རྣམ་དབྱེ་ཟེར་ སླབ་ཨིན།
བྱེད་སྒྲའི་སྒྲའི་སྦྱོར་ཚུལ།

རྗེས་འཇུག

ཕྲག

ད་བ་ས

ཀྱིས།

ག་ང་

གིས།

ན་མ་ར་ལ་

གྱིས།

འ་དང་མཐའ་མེད།

འིས་/ཡིས།

བྱེད་སྒྲའི་དོན་གྱི་སྦྱོར་ཚུལ།
༡༽ བྱེད་པ་པོ་གཙོ་བོ།༼ལཱ་འབད་མི་གཙོ་བོ༽
གང་ཟག་༼མི༽དང་ སེམས་ཅན་ག་ཨིན་རུང་ཅིག་གིས་ ལཱ་གཅིག་འབད་བའི་ སྒྲ་སྟོན་མི་ལུ་ བྱེད་པ་པོ་གཙོ་བོ་ཟེར་ སླབ་ཨིན།
དཔེར་ན་ པདྨ་གིས་ཡི་གུ་བྲིས་ནུག རྣམ་རྒྱལ་གྱིས་གསལ་བཤད་གཏང་དེས། བདེ་སྐྱིད་ཀྱིས་ལྟོ་འབད། གཟིག་གིས་ཀ་ཤ་བསད།
༢༽ བྱེད་པ་པོ་ཕལ་པ།
གང་ཟག་༼མི༽དང་ སེམས་ཅན་ག་ཡང་མེད་པར་ ལག་ཆ་དང་ དངོས་པོ་ཚུ་གིས་ ལཱ་ཅིག་འབད་བའི་ སྒྲ་སྟོན་མི་ལུ་སླབ་ཨིན།
དཔེར་ན་ འཕྲུལ་གླང་གིས་ཞིང་རྨོ། གྱི་ཅུང་གིས་ཤིང་བཏོག  སྨྱུ་གུས་/ སྨྱུ་གུ་གིས་ཡི་གུ་བྲིས།
༣༽ རང་བཞིན་གྱི་བྱེད་པ་པོ། བྱེད་པ་པོ་ མི་དང་སེམས་ཅན་དངོས་པོ་ ག་ཡང་མེད་རུང་ རང་བཞིན་ཤུགས་ཀྱིས་ ལཱ་ཅིག་ འབད་བའི་སྒྲ་སྟོན་མི་ལུ་ སླབ་ཨིན། དཔེར་ན་ རིམ་གྱིས་གསལ། ཤུགས་ཀྱིས་གྲུབ། ངང་གིས་འབྱུང་། འགྲོས་ཀྱིས་འབད།
༤༽ རྒྱུ་མཚན་གྱི་དོན་ལུ་འཇུག་པ། ལཱ་ག་ཅི་རང་འབད་རུང་ འདི་ལུ་ རྒྱུ་མཚན་ཅིག་བཀོད་དེ་ སླབ་པའི་སྒྲ་ལུ་ སླབ་ཨིན།
དཔེར་ན་ ལྷབ་ནི་འདི་གིས་ཤེས་པས། སྨན་བཟའ་ནི་འདི་གིས་དྲག་ཅི། སླབ་ནི་འདི་གིས་གོ་ཡི། བལྟ་ནི་འདི་གིས་མཐོང་ཅི།
 
རྣམ་དབྱེ་བཞི་པ་དགོས་ཆེད།
ལཱ་གཅིག་འབདཝ་ད་ ལཱ་འདི་ག་ཅི་གི་དོན་ལུ་ འབདཝ་ཨིན་ན་ གསལ་ཏོག་ཏོ་སྦེ་ སྟོན་པའི་སྒྲ་ལུ་ དགོས་ཆེད་ཟེར་སླབ་ཨིན། ཡང་ན་ བྱ་བའི་ཡུལ་ལུ་ བྱ་བའི་ལཱ་གཅིག་འབདཝ་ད་ ལཱ་འདི་གིས་ ཡུལ་ལུ་ཕན་ཐོགས་ཡོད་མི་ལུ་ སླབ་ཨིན། ༼ལས་སུ་བྱ་བ་དང་ ངོ་མི་འཛོལ་ནིའི་དོན་ལུ་ དགོས་ཆེད་ཀྱི་སྒྲ་ ཕྱིར། ཆེད་དུ། དོན་ལུ། ཚུ་བཙུགས་པ་ཅིན་ ལེགས་ཤོམ་ཨིན།
དཔེར་ན་ ཚོང་ཉོ་ནིའི་དོན་ལུ་ཚོང་ཁང་ནང་སོང་། ཚོགས་བསགས་ནིའི་ཕྱིར་དུ་ཆོས་སྒྲུབ། མེ་ཏོག་ཤར་ནིའི་དོན་ལུ་ཆུ་བླུགས།
 
རྣམ་དབྱེ་ལྔ་པ་ འབྱུང་ཁུངས།
གང་ཟག་དང་དངོས་པོ་ཚུ་ ཡུལ་ག་ཏེ་ལས་འབྱུངམ་ཨིན་ན་ དེའི་ཁུངས་སྟོན་ནི་འདི་གིས་ འབྱུང་ཁུངས་ཟེར་སླབ་ཨིན། འབྱུང་ཁུངས་གི་ཕྲད་༼ལས་༽ རྗེས་འཇུག་དང་གཅིག་ཁར་ དབྱེ་བ་མེད་པར་ འཇུགཔ་ཨིན།
འབྱུང་ཁུངས་ཀྱི་འཇུག་ཚུལ་གྱི་དབྱེ་བ་ལྔ་།
༡༽ འབྱུང་ཁུངས་དངོས།
༢༽ འབྱུང་ཁུངས་ཆ་འདྲ་བ།
༣༽ འགྲན་སྡུར་གྱི་ཁྱད་རིམ།
༤༽ རྒྱུ་མཚན་སྟོན་པ།
༥༽ སྡུད་པའི་སྒྲ།
 
༡༽ འབྱུང་ཁུངས་དངོས།
གང་ཟག་དང་དངོས་པོ་ ག་ཅི་རང་ཨིན་རུང་ འབྱུང་ས་ངོ་མ་༼དངོས་སུ་སྦེ་༽ག་ཏེ་ལས་ཨིན་ན་ སྟོན་མི་ལུ་ འབྱུང་ཁུངས་དངོས་སླབ་ཨིན།
དཔེར་ན་་ ཁ་ལས་གཏམ། བྱ་མོ་ལས་སྒོང་རྡོག ཨའི་ལས་བུ།
༢༽ འབྱུང་ཁུངས་ཆ་འདྲཝ།
ག་ཅི་རང་འབད་རུང་ གནས་སྐབས་ཅིག་ འདི་ཁ་ལས་ འབྱུང་དོ་བཟུམ་ སྟོན་པའི་སྒྲ་ལུ་ འབྱུང་ཁུངས་ཆ་འདྲཝ་ཟེར་ སླབ་ཨིན།
དཔེར་ན་ དམ་སྦྱི་ལས་ཨོམ། ཤིང་ཁ་ལས་བྱ། སློབ་ཁང་ནང་ལས་སློབ་ཕྲུག སློབ་གྲྭ་ནང་ལས་སློབ་དཔོན།
༣༽ འགྲན་སྡུར་གྱི་ཁྱད་རིམ།
གཅིག་ལས་གཅིག་དྲག་ཞན་ ལ་སོགས་པའི་ ཁྱད་པར་སྟོནམ་ལས་ འགྲན་སྡུར་གྱི་ཁྱད་རིམ་སྟོན་པ་ཟེར་ སླབ་ཨིན།
དཔེར་ན་ སྣུམ་འཁོར་ལས་གནམ་གྲུ་མགྱོགས། ཀརྨ་ལས་རྡོ་རྗེ་གཟུགས་ཐུངམ་མས།
༤༽རྒྱུ་མཚན་སྟོན་པ།
གྲུབ་འབྲས་འདི་ ག་ཅི་ལས་བརྟེན་ཏེ་ འབྱུང་ཡི་ག་ རྒྱུ་མཚན་བཀོད་དེ་སླབ་མི་ལུ་ འབྱུང་ཁུངས་ཀྱི་རྒྱུ་མཚན་སྟོན་པ་ཟེར་སླབ་ཨིན།
དཔེ་ ལྟོ་ཟཝ་ལས་ཕོཝ་འགྲངས། ལཱ་འབདཝ་ལས་གླ་འཐོབ།
༥༽ སྡུད་པའི་སྒྲ།
ཡུལ་དང་དངོས་པོ་ ག་ཅི་ཨིན་རང་ གོ་རིམ་ག་ར་ཚངམ་སྦེ་ མ་སླབ་པར་ མགུ་དང་མཇུག་ཚིག་གཉིས་ཀྱིས་ གོ་དོན་ག་ར་སྟོན་པའི་སྒྲ་ལུ་
འབྱུང་ཁུངས་ཀྱི་སྡུད་པའི་སྒྲ་ཟེར་སླབ་ཨིན།
དཔེར་ན་ བཀྲིས་དགའ་ཚལ་ལས་ཐིམ་ཕུག་ཚུན། ཤར་ལས་ནུབ་ཚུན། གསེར་ལས་ལྕགས་ཀྱི་བར།
 
རྣམ་དབྱེ་དྲུག་པ་འབྲེལ་སྒྲ།
གང་ཟག་དང་དངོས་པོ་ཚུ་གི་བར་ན་ བྱ་བ་ག་ནི་ཡང་མ་སྟོན་པར་ འབྲེལ་བ་སྟོན་པའི་ཚིག་ལུ་ འབྲེལ་སྒྲ་ཟེར་ སླབ་ཨིན། འབྲེལ་སྒྲ་གི་ཕྲད་༼གི། གྱི། ཀྱི། ཡི། འི། ༽ རང་སོའི་ རྗེས་འཇུག་གི་ཐོབ་ཐགས་དང་འཁྲིལ་ ལག་ལེན་འཐབ་དགོཔ་ཨིན།
འབྲེལ་སྒྲ་གི་འཇུག་ཡུལ།
༡༽ ངོ་བོ་བདག་གཅིག
དངོས་པོ་གི་ངོ་བོ་ སོ་སོ་སྦེ་ ཕྱེ་མ་ཚུགས་མི་ལུ་ སླབ་ཨིན།
དཔེ་ གསེར་གི་བུམ་པ། ཤིང་གི་རལ་གྲི། ལྕགས་ཀྱི་སྒྲོམ།  
༢༽ རྟེན་དང་བརྟེན་པ།
གཞི་གཅིག་ལུ་ ག་ཅི་ཅིག་གནས་ཡོད་པའི་ དོན་སྟོན་མི་ལུ་ སླབ་ཨིན།
དཔེ་ ཁྱིམ་ནང་གི་མི། ལྷ་ཁང་ནང་གི་སྐུ། སློབ་གྲྭ་ནང་གི་སློབ་ཕྲུག གཡུས་ཀྱི་ན་གཞོན།
 
༣༽ ཡན་ལག་དང་ཡན་ལག་ཅན།  
ཁྱད་གཞི་གཅིག་ལུ་ ཡན་ལག་བཏགས་ཡོད་པའི་ དོན་སྟོན་མི་ལུ་ སླབ་ཨིན།
དཔེ་་་་ ཤིང་གི་ཞལ་ལག མི་གི་ལགཔ།  རོ་ཁྱི་གི་མཇུག་མ།
༤༽ ནོར་དང་བདག་པོ།
དངོས་པོ་ཡང་ན་༼ཅ་ལ་༽དང་ འདིའི་ཇོ་བདག་སྟོན་མི་ལུ་ སླབ་ཨིན།
དཔེ་་་ཚེ་དབང་དཔལ་འབྱོར་གྱི་དཔེ་དེབ།  ཀརྨ་གི་པི་སི། བདེ་སྐྱིད་ཀྱི་ཁྱིམ།
༥༽ ཁྱད་གཞི་ནང་ཁྱད་ཆོས། ཁྱད་གཞི་གཅིག་ལུ་ ཁྱད་ཆོས་ག་ཅི་རང་འདུག་ག་ སྟོན་མི་ལུ་ སླབ་ཨིན།
དཔེ་ ཉི་མའི་འོད་ཟེར། བུཚ་གི་ངོ་རིས། མེ་གི་མདངས།
༦༽ དེ་ལས་དེ་འབྱུང་།
ག་ཅི་ལས་ ག་ཅི་འབྱུང་ཡི་ག་ སྟོན་མི་ལུ་ སླབ་ཨིན།
དཔེ་་་་ སྟག་གི་ཕྱུག་གུ  ཨའི་གི་ཨ་ལོ།  བྱམོ་གི་སྒོང་རྡོག
 
རྣམ་དབྱེ་བདུན་པ་ གནས་གཞི་གི་གོ་དོན་་་ གང་ཟག་དང་དངོས་པོ་ ག་ཏེ་ལུ་གནས་ཏེ་ ཡོདཔ་ཨིན་ན་དང་མེན་ན་ དེ་ལས་ ལཱ་ནམ་འབད་ནི་ཨིན་ན་གི་སྐོར་ལས་དུས་ཚོད་ གསལ་ཏོག་ཏོ་སྦེ་ སྟོན་པའི་སྒྲ་ལུ་ གནས་གཞི་ཟེར་སླབ་ཨིན། དབྱེ་བ་༢་ཡོདཔ་ཨིན།
༡༽ ཡུལ་གྱི་གཞི་ལ་གནས་པར་སྟོན་པའི་ གནས་གཞི། ༼ག་ཏེ་ལུ་ ག་ཅི་ཡོདཔ་ཨིན་ན་སྟོན་མི།༽
དཔེ་ ༡༽གཡུས་ཁ་ཕམ་ཡོད/གཡུས་ཁ་ལུ་ཕམ་ཡོད། ༢༽ཆུ་ནང་ན་ནོར་བུ་འདུག ༣༽ ཤིང་གུ་བྱ་འདུག
༤༽ ཁྱིམ་གྱི་ནང་ན་མི་མིན་འདུག ༥༽ གནམ་ཁ་ཉི་མ་དང་ཟླ་བ་འདུག
 
༢༽ དུས་ཀྱི་གཞི་ལ་ གནས་པར་སྟོན་པ། ༼དུས་ནམ་ ག་ཅི་འབད་ནི་ཨིན་ན་ སྟོན་མི།༽
དཔེ་༡༽ སོ་ཁའི་དུས་ལུ་མེ་ཏོག་ཤར། ༢༽ ཚེས་༡༥་ལུ་ གནས་མཇལ། ༣༽ གནམ་དབྱར་ལུ་ཆརཔ་རྐྱབ།
 ༤༽ དེ་བསྒང་ལུ་ ང་ག་ནི་ཡང་མ་ཤེས། ༥༽ ནངས་པར་ཐིམ་ཕུག་འགྱོ་ནི།
 
རྣམ་དབྱེ་བརྒྱད་པ་ འབོད་སྒྲ།
གང་ཟག་ ག་བཟུམ་ཡོད་དགོ་རུང་ མིང་གི་འགོ་ཐོག་ལུ་ སྦྱར་བའི་ཚིག་ལུ་ སླབ་ཨིན། དབྱེ་བ་༢་ཡོདཔ་ཨིན།
༡༽ གང་ཟག་གི་འབོད་སྒྲ། ༼མི་འབོ་བའི་སྐབས་ ལག་ལེན་འཐབ་པའི་ འབོད་སྒྲ༽ ཀྱེ། དབའེ། ཆིད། ཨའོ། ཀྭ་ཡེ། ཚུ་ཨིན།
དཔེ་ ཀྱེ་དབང་ཕྱུག་ པི་སི་ནཱ་གཏང་ཞིག། དབའེ་ ནཱ་ཤོག། ཆིད་ཆིད་ཀརྨ། ཨའོ་རྡོ་རྗེ་ཕར་སོང་། ཀྭ་ཡེ་གསན་གནང་།
༢༽ བྱ་ཚིག་ལུ་ཐོབ་པའི་ སེམས་ཚོར་སྟོན་པའི་སྒྲ། ༼སེམས་ཀྱི་ཚོར་བ་ཚུ་ བཤད་པའི་སྒྲ༽ སྤ། ཛའི། ཨའོ། ཤུད། ཨ་ཁའི། ཕུའི། ཨའེ། ཡ་ཡ། དྲག་དྲག།
དཔེ་་ སྤ་ལེགས་ཤོམ་འདུག ཛའི་་་་འདྲོག་པས། ཤུད་ག་ལས་འོངམ་ཨིན་ན་མ་ཤེས། ཨ་ཁའི་སྐྱོ་རང་སྐྱོ་བས། དྲག་དྲག་ཁྱོད་ཀྱི་འབད་ནུག

ཤིང་གི་བསྟན་བཅོས་ལས་ ཕམ་ལུ་ཞབས་ཏོག་ཞུ་དགོཔ།

ཁྱིམ་ཐབ་རྙེད་པ་སླད་མོད་ཀྱི།། ཕ་མ་རྙེད་པ་ཤིན་ཏུ་དཀོན།།
དེ་ཉིད་བཀུར་བའི་བསོད་ནམས་ཁྱད།། ཤེས་ན་ལོག་ལྟའི་གཡང་ལས་གྲོལ།།

࿀ ཟིན་བྲིས་ཕྱོགས་སྒྲིག་པ་  བསམ་ལྗོངས་བཀྲ་ཤིས། 

Comments

མི་མངམ་གིས་ ལྷག་མི་རྩོམ།

Lungtenzampa or is it because we are Desuup? - Dorji Choden

WORLD WAR II (September 1, 1939, to September 2, 1945)

Save me - Sonam Tenzin(ST)

སྲིད་པ་འཁོར་ལོ།

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།