Skip to main content

ཀྭ་ལས་ཁྱེད་ཀྱི་ཆོས། -རྡོ་རྗེ་རྒྱལ་མཚན།

 ཀྭ་ལས་ཁྱེད་ཀྱི་ཆོས།
ཀྱེ་མ་འཇིག་པའི་རྟེན་གྱི་སྨྲ་ཤེས་དོན་གོ་རྣམས།།
འདུས་བྱས་མི་རྟག་ཆོས་ལ་རང་གི་སེམས་མ་གཡེང་།།
གློ་བུར་གཅེས་པའི་སྲོག་ལས་རྣམ་ཤེས་མཁར་ལྡིང་ཚེ།།
ཀྭ་ལས་ཁྱེད་ཀྱི་དབང་འབྱོར་བདུད་ཀྱི་སྡེ་ཚན་རྣམས།།

ཆོས་རྣམས་ལན་བརྒྱར་ཐོས་པས་བསམ་བཟང་ཟླ་བཞིན་འཕེལ།།
བསྒོམ་ལ་བརྩོན་པས་རིག་པའི་གནས་རྣམས་བློ་རུ་ཆུད།།
མཁས་པའི་དབང་པོའི་མཚན་བཟང་དབྱར་ལྔ་སྒྲོགས་འགྱུར་ཀྱང་།།
གཞན་ཕན་བྱང་སེམས་མེད་ན་ཀྭ་ལས་ཁྱེད་ཀྱི་ཆོས།།

ངེས་ལེགས་བྱང་གྲོལ་ས་རུ་མྱུར་དུ་འགྲོ་བའི་ཕྱིར།།
བླ་མའི་མདུན་དུ་སྙིང་ཤ་འོ་མའི་སྙིང་པོ་བཞིན།།
གཞན་དང་འདུག་ཚེ་ཆོས་ཀྱི་རྩ་འཁོར་བཙོག་པོ་ལྟར།།
དགོད་མོའི་ཡུལ་ལས་མེད་ན་ཀྭ་ལས་ཁྱེད་ཀྱི་ཆོས།།

དམར་སེར་ཆས་ཀྱི་རབ་ཏུ་རྒྱན་པའི་རང་གཟུགས་ལས།།
དབུ་མའི་དོན་གྱི་སྙིང་པོ་རྟེན་འབྲེལ་ལས་འབྱུང་ཆོས།།
ན་གརྫུ་ན་ལས་ཀྱང་འཕགས་པར་གསུངས་ན་ཡང་།།
གོ་གནས་མཐོན་པོར་གྲིམས་པ་ཀྭ་ལས་ཁྱེད་ཀྱི་ཆོས།།

ལས་དང་རྒྱུ་འབྲས་སྤྱི་བོར་བདེ་མཆོག་འཁོར་ལོར་ཞུ།།
དྲིན་ཅན་རྣམས་ཀྱི་མདུན་དུ་རང་ཚུགས་བརྟན་པོར་བཟུང་།།
རྒྱབ་ཏུ་འགོར་ཚེ་རང་གི་བཅོས་གཟུགས་ངོ་མ་བཏོན།།
དམ་ཚིག་རྒྱུ་འབྲས་ཟེར་བ་ཀྭ་ལས་བཅོས་མའོ།།

ཡང་ཡང་བླ་སློབ་ཚོགས་ནས་དམ་ཆོས་ཆར་སྐུ་ཞུ།།
དམ་ཆོས་བྱིན་རླབས་ཆུ་བཞིན་མནར་མནར་འབབ་ནས་ཀྱང་།།
བརྟན་པོར་མེད་པས་རང་ཉིད་རྒྱང་བཀོལ་ཡོ་ཆས་བྱེད།།
ཕྲ་མའི་ལས་ལ་བརྩོན་པ་ཀྭ་ལས་ཁྱེད་ཀྱི་ཆོས།།

ལམ་པས་ཕྱགས་འདར་ཕུང་པོ་རི་རབ་ཆེན་པོ་ལས།།
ཇི་ལྟར་ཟས་ཞིག་རྙེད་ནས་རོ་འཛིན་ཕྱིར་ཕྱུང་སྟེ།།
འཇིབས་པ་མཐོང་བས་ཕངས་ཀྱང་དམར་ཧྲང་བྱིས་པའི་ལག།
བརྐྱང་པས་ཞེ་སྡང་འཕྱུར་བ་ཀྭ་ལས་ཁྱེད་ཀྱི་ཆོས།།

འཆད་ཚེ་འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་ལ།།
ཉ་མོའི་རྐང་གཉིས་བདེ་བར་མྱོང་ཚུལ་ཁོ་ན་གསུངས།།
ལས་ཀ་བྱེད་ཚེ་དཀར་སེར་དམར་གྱི་ཤོག་ལེབ་རྗེས།།
ནོར་ཉིད་ཤིན་ཏུ་འདོད་པ་ཀྭ་ལས་ཁྱེད་ཀྱི་ཆོས།།
_ རྡོ་རྗེ་རྒྱལ་མཚན། འབྲུག་པ་རྡོར་རྒྱལ།    



Comments

Post a Comment

མི་མངམ་གིས་ ལྷག་མི་རྩོམ།

Lungtenzampa or is it because we are Desuup? - Dorji Choden

WORLD WAR II (September 1, 1939, to September 2, 1945)

Save me - Sonam Tenzin(ST)

སྲིད་པ་འཁོར་ལོ།

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།