Skip to main content

ཕུན་ཚོགས་གླིང་གི་འཁྲུལ་སྣང་། Sorrows of Phuntsholing

༉ འཇིག་རྟེན་འཛམ་གླིང་འདི་ནང་ སྡུག་བསྔལ་ཆུའི་གཉེར་མ་ འཁོར་བ་རླུང་གི་འཁོར་ལོ་ཨིན་ ཟེར་སླབ་མི་འདི་ བདེན་རང་བདེན་པས། ཇི་སྐད་དུ་ སྐྱེས་བུ་དག་ནི་གར་ནས་གར་འགྲོ་ཡང་།། ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་།། ཟེར་སླབ་དོ་བཟུམ་ སྔོན་གྱི་ལས་ཀྱི་རི་མོ་དང་འཁྲིལ་ འཁོར་བའི་ཤན་ཐག་འདི་ནང་ གཞན་ཁར་སྤར་ཐབས་མེད་པར་ ཐང་ཆད་པའི་ཚེ་ མནོ་བསམ་འདྲ་མིན་སྣ་ཚོགས་བཏང་ སྡུག་བསྔལ་གསུམ་གྱི་ངང་ལུ་ རྫོགས་ནི་མེད་པའི་སྡུག་བསྔལ་ ཆུའི་གཉེར་མ་འདི་མྱོང་བའི་སྐབས་ འཇིག་རྟེན་འཁོར་བ་ལུ་བལྟ་སྟེ་ ཞེན་པ་ལོག་པའི་ གཞི་ལས་གཞན་ རྩ་ལས་མིན་འདུག

རང་ལུ་ གཅེས་གཅེས་ཕངས་ཕངས་འབད་མི་ ཨའི་གླེན་གོམོ་གཅིག་ལས་ལྷག་མེད་རུང་ མཐོང་ནི་མེད་པའི་ ཨ་པ་ཡོདཔ་བཟུམ་སྦེ་ བྱམས་སྐྱོང་འབད་བའི་མཐའ་མ་ དུས་ཡུན་ཐུང་ཀུ་གཅིག་ནང་ འདི་བཟུམ་གྱི་སྡུག་བསྔལ་མྱོང་འོང་ཟེར་ མནོ་བསམ་གཏང་ནི་ཕར་བཞག་ ཐ་ན་གཉིད་ལམ་ འཚུབ་དྲགས་ཅིག་ནང་ཡང་ མཐོང་མ་མྱོང་། དེ་བསྒང་ ངེའི་ཨའི་གིས་ ངེའི་ཨ་པ་ག་ཨིན་ན་ ངོ་སྟོན་ཚུགས་པའི་ སྤོབས་མེད་མི་ཡང་ མོ་རང་རྒྱུ་ནོར་གྱི་སྟོབས་དང་ དབང་ཚད་ཀྱི་ཤུགས་མེདཔ་མ་ཚད་ ཁ་སླབ་མ་ཤེས་པའི་ཁར་ མོ་དང་འབྲེལ་བ་ཐབས་མི་ ཚད་མེདཔ་ཡོདཔ་ལས་ ངེའི་ཨ་པ་ག་ཨིན་ན་ ངོ་སྟོན་མ་ཚུགསཔ་ཨིནམ་ ད་རིས་ ཧ་གོ་ཡི།
དེ་བསྒང་ གནམ་དགུན་ལུ་ ང་ཕུན་ཚོགས་གླིང་ཁྲོམ་ཁར་ ཆ་རོགས་ཚུ་དང་མཉམ་བཤལ་བར་འགྱོཝ་ད་ དཔྱད་རིག་མེད་སི་སི་སྦེ་ ཕོ་ཆ་རོགས་ཚུ་ཡང་འཕྱད་དེ་ སྤྲོ་བ་སྟོན་སྡོད་པའི་སྐབས་ རང་ལེགས་པ་མི་བཏུབ་ཆ་རོགས་ལེགས་དགོ ཟེར་དོ་བཟུམ་ ཆ་རོགས་རེ་རེ་གཉིས་གཉིས་སྦེ་ མིག་གིས་མཐོང་སར་མེདཔ་ ཚོར་ཡི། ང་དང་གཅིག་ཁར་ཡོད་པའི་ ཕོ་ཆ་རོགས་བཞི་གིས་འབད་བ་ཅིན་ ཁོང་ཚུ་ག་ཅི་ཅིག་མ་ཟ་བར་ མ་ཆགས་མི་ཨིནམ་ལས་ ལྟོ་རེ་ཟ་བར་ འགྱོ་འགྱོཝ་འོང་ ལོག་ང་བཅས་འབད་སར་འཐོན་འོང་ཟེར་ བློ་མར་གཞོང་དེ་གཞོང་ནི་འདུག
ཁོང་གསུམ་གྱི་བློ་ལུ་ བློ་གཅིག་ཡང་མ་བདེ་ དེ་མ་ཚད་ ནམ་ནུབ་མོ་ ཁོང་ཚུ་གི་བར་ན་མོ་རིགས་སུ་གཏོགས་མི་ ང་རྐྱངམ་ཅིག་འབདཝ་ལས་ ཁ་གཏང་འོང་ཟེར་འདྲོག་པའི་ཁར་ ཨའི་ཡང་ཚ་གྱང་ལང་དོ་འོང་ ཁོང་ཚུ་གིས་ག་ཅི་ཅིག་ མི་འབད་ག་སྨོ་ཟེར་ འདྲོག་ཡང་འདྲོག་ཡི། ནུབ་མོ་ཆུ་ཚོད་༡༠ འགྱོ་རུང་ ཁོང་ཆ་རོགས་ཚུ་ ལོག་འོང་ནི་མེད་པའི་ཁར་ འདྲོག་པའི་ཧང་ཁར་འདྲེ། ཟེར་སླབ་དོ་བཟུམ་ ཁོང་ཚུ་གིས་མིའི་སྦུག་ལུ་ ངོ་ཚ་དང་བྲལ་བའི་ལཱ་ ལ་ལུ་གིས་འུ་བཀལ་ནི་དང་ གསང་གནས་ཚུ་ དཀྲོགས་ནི་འགོ་བཙུགས་ཅི།
དེ་བསྒང་ ང་ཡང་ ན་ཚོད་དར་བབ་འབདཝ་ལས་ གཟུགས་ཀྱི་བ་སྤུ་ཚུ་ཡང་ རང་དབང་མེད་པར་ཟིང་ནི་ འགོ་བཙུགས་རུང་ རང་ཚོད་རང་གིས་བཟུང་དགོ་མནོ་སྟེ་ སྡོད་ད་རུང་ ཕྱིའི་ཡུལ་འདི་ཤུགས་ཆེཝ་ལས་ འབད་ཐབས་ག་ཅི་ཡང་མེད་པར་ ང་ཡང་འཇིག་རྟེན་གྱི་བྱ་བ་ལུ་ ར་བཟི་ད་ནུག འདིའི་མཐའ་འཁོར་ལུ་ སྣུམ་འཁོར་ མི་དང་སེམས་ཅན་ག་ཅི་བཟུམ་ཡོད་རུང་ འདོད་ཆགས་ཀྱིས་ར་བཟི་བའི་སྐབས་ བལྟ་བའི་མིག་ཏོ་གསལ་རུང་ མཐོང་སའི་ཡུལ་རྩ་ལས་མེད་པའི་ གནས་སྟངས་འདི་ནང་ བཤད་ཐོ་མང་ཚེ་བརྫུན་གཏམ་འཐོན། བྱ་བ་མང་ཚེ་འཐུས་ཤོར་མང་། ཟེར་དོ་བཟུམ་ ངེའི་མེ་ཏོག་པདྨ་ རོ་སྦྲང་རྩི་མངར་བ་འདི་ ཕངས་སེམས་མེད་པར་ ཁོང་སེར་སྦྱངམ་བཞི་གིས་ གཅིག་ཤུལ་གཉིས་སྦེ་ ལོངས་སྤྱོད་ཡོདཔ་མ་ཚད་ དེ་ཚེ་ནུབ་མོ་ ང་ཁྱིམ་ནང་འགྱོ་མ་ཚུགས་པར་ སྣུམ་འཁོར་ཀྲག་གཅིག་གི་འོག་ལུ་ ང་རང་རྐྱངམ་གཅིག་ གཉིད་ཐལ་སོང་ནུག
དེའི་ནངས་པ་ ཨའི་ག་ཏེ་འཚོལ་རུང་འཚོལ་མ་འཐོབ་ ཁྲོམ་མཇུག་ལུ་ཡོདཔ་ད་ མི་ཚུ་སྤུངས་སར་འགྱོ་བལྟཝ་ད་ ངེའི་ཨའི་འདི་ རྒྱ་གར་གྱི་སྣུམ་འཁོར་གཅིག་གིས་ བསྣད་ཡོད་པའི་ གནས་ཚུལ་གོཝ་ཅིན་ ང་འདི་ནང་དྲན་མེད་བརྒྱལ་སོང་ནུག ལོག་དྲན་པ་འོང་བའི་བསྒང་ལས་ ངེའི་ཨའི་གི་རོ་འདི་ ག་ཏེ་འཚོལ་རུང་ འཚོལ་མ་ཐོབ། འདི་གི་ན་ཟུག་འདི་ འབག་མ་ཚུགས་པའི་ཁུར་ཆ་ཨིནམ་མ་ཚད་ དེ་བསྒང་ གསོལཝ་བཏབ་རུང་ལྷ་རྒྱང་ཐག་རིང། འདྲེ་ལམ་ཐག་ཐུང། ཟེར་དོ་བཟུམ་ སྡུག་བསྔལ་བ་ལྷག་ སྐྱབས་མཛད་མི་ ག་ཡང་མེད་པར་ སྡོད་དགོཔ་བྱུང་ཡི།
དུས་དེ་ལས་འགོ་བཙུགས་ཏེ་ རང་ཡུལ་རྒྱབ་ཁར་བསྐྱུར། གཞན་ཡུལ་གདོང་ཁར ་བླངས། ཟེར་བའི་བློ་བཟུམ་སྦེ་ ང་ཡང་འདི་ནང་ སེམས་མ་ཆགས་པར་ གཞན་ཁར་འགྱོ་ནིའི་ བློ་ཐག་བཅད་རུང་ ཕུན་ཚོགས་གླིང་ལས་གཞན་ ག་ཏེ་ཡང་ འགྱོ་སའི་ལམ་མ་མཐོང་པར་ ལུས་སོང་ཡི། དེ་མ་ཚད་ ངེའི་གཟུགས་ཡང་ མ་བདེཝ་ཆགས་ཆིཔ་ལས་ འབད་ཐབས་ག་ཡང་ མེད་པར་སྡོདཔ་ད་ ཧེ་མ་སྤྲོ་བ་སྟོན་མི་ ལ་ལུ་འཕྱད་དེ་འབད་རུང་ འདིའི་སྐབས་ ང་མཐོངམ་ཅིན་ ཧེ་མ་བཟུམ་སྦེ་ དོམ་ལྟོགསཔ་ཤ་དང་འཕྱད་དཔ་བཟུམ་ མཆོང་ནི་ཚུ་ག་ནི་ཡང་མིན་འདུག རང་ལས་འཐོབ་ནི་ཡོད་མི་ཚུ་ཐོབ་སྟེ་ རང་གི་འདོད་པ་ཡོད་ཚདཔ་ཅིག་བཀང་པ་ཅིན་ ཁོང་ཚུ་ལུ་བཏུབ་ ཟེར་བའི་ དཔའ་ཉམས་ལས་ལྷག་ བྱམས་པའི་སེམས་འདི་ རྩ་ལས་མིན་འདུག
ངེའི་མངལ་ནང་ཡོད་པའི་ གཅེས་ཕྲུག་གི་ཨ་པ་ ཐད་རི་བ་རི་རང་ ཁོ་ཨིན་ཟེར་ སླབ་ནིའི་ དབང་ཚད་དང་ སླབ་ནིའི་སྒྲུབ་བྱེད་ ང་ལུ་མེདཔ་ལས་ ཉ་མོ་བྱེམ་ནང་འཐོན་དཔ་བཟུམ་ འབད་ཐབས་མེད་པར་ ལུས་དགོཔ་འཐོན་ཡི། གནས་སྟངས་སྐྱོ་སི་སི་ ག་བཟུམ་ཡོད་རུང་ འཛོལ་བའི་ལམ་ལས་ མཁས་པའི་ཡོན་ཏན་ཐོབ། ཟེར་བའི་དཔེ་བཟུམ་ རང་གི་ཧིང་ལུ་ བློ་སྟོབས་ཀྱི་ལ་ཆུ་སྦྱར་ཏེ་ མངལ་ནང་ཡོད་པའི་ཨ་ལོ་འདི་ ང་གིས་གསོ་ཚུགསཔ་འབད་གེ་ཟེར་ བློ་སྟོབས་བསྐྱེད་ནི་ཚུ་ རང་བཞིན་གྱིས་འོང་ནི་འདུག
བྱམས་པ་ཡོད་པའི་ཟེརན྄་བདེ་བ་རོགས་ལུ་བྱིན། སྙིང་རྗེ་ཡོད་པའི་ཟེརན྄་ སྡུག་བསྔལ་རང་གིས་མྱོངས་མི་ ལས་ངན་རང་ ལ་གཉིས་མཐུད་པའི་ལབ་རྩ་དང་ ཆུ་གཉིས་འཛོམས་པའི་མཚོ་མོ་ནང་ སྡུག་བསྔལ་གྱི་ངང་ལུ་སྡོདཔ་ད་ འབྲུག་རྒྱལ་ཁབ་གངས་ཅན་ལྗོངས་འབདཝ་ལས་ ཆུ་གཙང་ཏོག་ཏོ་འཐོབ་ནི་འདི་ ག་ཅི་བ་འཇམ་རུང་ ནད་ཡམས་ཀྱི་སྐབས་ ཕུན་གླིང་འདི་འགྲོ་འགྲུལ་བཀག་དམ་འབདཝ་ལས་ བཟའ་འཐུང་ཚུ་ ཧེ་མ་བཟུམ་སྦེ་ ཐོབ་པར་ལཱ་ཁག་འདུག
ཡུན་མ་རིང་པར་ བདུན་ཕྲག་དགུ་གི་ཤུལ་ལས་ ངེའི་གཅེས་ཕྲུག་ཚུ་ འཛམ་གླིང་ནང་ལུས་རྟེན་གཅིག་ཐོབ་སྟེ་ ངེའི་ན་ཟུག་བ་ ངེའི་གཅེས་ཕྲུག་ གསརཔ་ཚུ་མཐོང་སྟེ་ དགའ་བ་ཚད་མེདཔ་བྱུང་ཡི། འདི་གིས་ཡང་མ་ཚད་ འབྲུག་རྒྱལ་ཁབ་ནང་ བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ མི་དབང་མངའ་ཞབས་ཀྱི་ འོག་ལུ་མི་དང་སེམས་ཅན་ ག་འབད་རུང་ སྐལ་བ་བཟང་པའི་ཁར་ འཁྲབ་རྩེདཔ་ རྟ་མགྲིན་བསོད་ནམས་ཀྱིས་འཐེན་མི་ ཞབས་ཁྲ "ཚེ་ཕྱི་མར་ འབྲུག་གི་རྒྱལ་པོའི་ མི་སེར་མི་སྦེ་སྐྱེས་བའི་ བསོད་ནམས་མེད་རུང་། འབྲུག་རྒྱལ་པོའི་མཐའ་འཁོར་ནང་ལུ་ འཁྱམ་པའི་ སེམས་ཅན་འབད་སྐྱེ་རུང་དགའ་བས།" ཟེར་མི་འདི་ བདེན་རང་བདེན་པའི་ཁར་ སེམས་ཁར་ གཞན་དང་མ་འདྲ་བའི་ ཚོར་སྣང་བྱུང་ནི་འདུག ཚེ་ད་རིས་ལས་དབང་གིས་ ང་སྡུག་བསྔལ་མྱོང་རུང་ ང་དང་འདྲ་མི་ བུད་མེད་ཀྱི་ རིགས་སུ་འགྱུར་པ་ག་ཨིན་རུང་ འཕྲལ་མགྱོགས་རང་ བདེ་བ་དང་ལྡན་བཅུག་ ཚེ་ད་རིས་ཐོབ་མི་ བྱང་ཆུབ་སེམས་དཔའ་དངོས་ རྒྱལ་བློན་བཟུམ་ ཚེ་ཕྱི་མ་ཡང་འཐོབ་སྟེ་ རྫོགས་པ་ཆེན་པོའི་ཆོས་དར་ས་ སྐྱེས་བར་ཤོག་ཟེར་བའི་ སྨོན་ལམ་བཏབ་སྟེ་རང་ཡོད།
འདི་ཡང་ ཕུན་གླིང་འདི་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ མི་ཚུ་ག་ཡང་མེད་པར་གཅེས་ཕྲུག་ཚུ་དང་མཉམ་ དཀའཝ་སྤྱད་དེ་སྡོདཔ་ད་ མི་དབང་མངའ་ཞབས་ཀྱི་ ཐུགས་ལས་འཁྲུངས་པའི་ འབྲུག་གི་ཐུགས་སྲས་ བདེ་སྲུངཔ་དག་པ་ཅིག་གིས་ ཕངས་སེམས་ཀྱི་སྒོ་ལས་ ང་བཅས་ཚུ་ལུ་ ལྟོ་གནང་བར་བྱོན་དེས། དེའི་བསྒང་ བདེ་སྲུངཔ་ཕོ་མོ་ག་ར་གིས་ ང་བཅས་ཚུ་ལུ་བལྟ་སྟེ་ "ཨའེ་" ཟེར་ ཕངས་པའི་རྣམ་འགྱུར་དང་བཅས་ དེ་ཁར་ གནང་མིའི་ལྟོ་བཅུད་ཅན་འདི་ ང་བཅས་ཚུ་གིས་ དང་པ་དང་མཇུག་སྦེ་ ཟ་ཟཝ་ཨིན།
ཟླཝ་དག་པ་ཅིག་ནང་རང་ བཀོད་པའི་ལས་ལས་ཟུར་ས་མེད། དཔྱལ་བའི་གཉེར་མ་བསུབ་ས་མེད། ཟེར་དོ་བཟུམ་ ངེའི་གཅེས་གཅེས་མང་ཤོས་ཅིག་ སྔ་མའི་ལས་དང་འཁྲིལ་ འཆི་བདག་གི་དབང་དུ་ཐལ་སོང་རུང་ ཧིང་ཚ་ཁག་ཁ་སྦེ་ཡོད་མི་ ངེའི་གཅེས་གཅེས་ནོར་བུ་རྐྱངམ་ཅིག་ ལུས་སོང་ཡི། ཡ་་་དེ་སྦེ་ཞུཝ་ད་ ཁྱེད་ཚུ་ རྣམ་རྟོག་ལང་སྟེ་ སེམས་ཀྱི་འཆར་སྒོ་ སྒོ་བརྒྱ་སྦེ་ཕྱེ་ཕྱེཝ་འོང་ སྲུང་འགོ་བཙུགསཔ་ད་རང་ ངོ་སྤྲོད་གསལ་ཏོ་སྦེ་ཞུ་མ་ཚུགས་ བཟོད་གསོལ་ཞུ།
ཚར་གཅིག་འབདཝ་ད་ ང་བཅས་གཉིས་ སྣུམ་འཁོར་ལམ་གྱི་ཟུར་ཁ་ རྩེདམོ་རྩེད་དེ་ སྡོདཔ་ད་ ག་ལས་འོངམ་ཨིན་ན་ མ་ཤེས་པར་ སྣུམ་འཁོར་གཅིག་འོང་སྟེ་ འདི་ནང་གི་བུམོ་གཅིག་ ཕྱི་ཁར་འཐོན་སྟེ་ ང་བཅས་གཉིས་ལུ་ ཁ་ཟས་གཅིག་བྱིནམ་ད་ གཅེས་གཅེས་ནོར་བུ་འདི་ ཁོ་རང་ ལོ་ན་ཆུང་ཀུ་འབདཝ་ལས་ ངོ་ཚ་མེད་པར་ འདི་ལེན་ཟ་བ་གིས་མ་ཚད་ ད་རུང་ ལྷང་སྡོདཔ་ད་ ངེའི་གཡས་ཕྱོགས་ལས་ སྐད་གཅིག་གོ་སྟེ་ དེ་ཁར་བལྟཝ་ད་ མཉམ་རོགས་གཉིས་ ང་བཅས་གཉིས་བཟུམ་སྦེ་ རྩེདམོ་རྩེད་སར་བལྟ་སྟེ་གཡེང་སྡོདཔ་ད་ ཡུདཔ་ཐེངས་གཅིག་ནང་ འཇའ་ཡལ་དོ་བཟུམ་དང་ དཀར་གསལ་དགུང་ལས་ཡལ་དོ་བཟུམ་ ངེའི་གཅེས་གཅེས་འདི་ མཐོང་སར་མིན་འདུག
སྣུམ་འཁོར་འདི་ ག་ཏེ་འགྱོ་ཡི་ག་ ཤེས་མ་ཚུགས། ཨིན་རུང་ ཁོ་འཚོལ་བར་ག་ཏེ་ཡང་ ལྷོད་རུང་ མཐོང་སར་མེད་པར་ ཐང་ཆད་དེ་འབད་རུང་ ཁོ་འཛུམ་མཚར་བའི་ དགའ་འཛུམ་དང་བཅས་ ལོག་འོང་བའི་རེ་བ་བསྐྱེད་དེ་ ང་བཅས་གཉིས་རྩེདམོ་རྩེད་སར་ ཚར་བརྒྱ་སྦེ་འགྱོ་བལྟ་རུང་ ངེའི་ཧིང་གི་རེ་བ་འདི་ རེ་བ་དང་ སྡུག་བསྔལ་འདི་ ཨ་མོ་ཆུ་གི་ ཆུའི་གཉེར་མ་བཟུམ་སྦེ་ རྫོགས་ནི་མེད་པའི་གུ་ བཟོད་མ་ཚུགས་པའི་ ན་ཟུག་ཕོག་ མིག་ཆུ་ཁྲག་བཟུམ་འབབ་རུང་ ན་ཟུག་སངས་མ་བཏུབ་པར་ལུས་མི་ ལས་ངན་རང་ དུད་འགྲོའི་ལུས་ལུ་སྐྱེས་མི་ མོ་ཁྱི་ང་དང་ ངེའི་གཅེས་གཅེས་ནོར་བུ་ ང་བཅས་གཉིས་ཀྱི་ སྲུང་གི་བཅུད་དོན་ ཨིན།
✍︎སྙན་ཚིག་དང་ཚིག་སྦྱོར་གི་རྐངམ་ཆག་པའི་ སྲུང་གཟིགས་མི་ལུ་ དགའ་ཚོར་དང་བཅས་ འབྲུག་གི་ངོ་རྟགས་ རྒྱལ་ཡོངས་སྐད་ཡིག་ལུ་ སྤྲོ་བ་བསྐྱེད་ཐབས་ལུ་ དམིགས་ཏེ་ཨིན་ལགས།

མི་མངམ་གིས་ ལྷག་མི་རྩོམ།

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་སྐོར།

🍂History of Gomphu Kora in Tashi Yangtse District, under Tongjang Gewog.

ཁྲུས་བབས་ཀྱི་སྐོར།

Lungtenzampa or is it because we are Desuup? - Dorji Choden

སློབ་རིམ་༡༢་པའི་ རྒྱལ་ཡོངས་ཆོས་རྒྱུགས། ༢༠༡༨ ཡི་གུའི་སྡེབ་སྦྱོར།

Bokha Dzong

Dolung Goenpa

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།