མི་སེར་གྱི་རྒྱལ་པོ།
ཡབ་རྗེ་མི་དབང་འཇིགས་མེད་སེང་གེ་དང་། །
ཡུམ་མཆོག་ཨ་ཞེ་ཚེ་རིང་དབྱངས་སྒྲོན་ལས། །
མ་འོངས་རྒྱལ་ཁབ་ཞི་བདེ་སྐྱོང་བའི་སྲས། །
འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་འཁྲུངས། །
མི་དབང་རྒྱལ་པོ་འཇིགས་མེད་གེ་སར་མཆོག །
མི་སེར་ཉམས་ཆུང་སྐྱིད་སྡུག་གཟིགས་པའི་ཕྱིར། །
སྤྱིར་བཏང་སློབ་ཕྲུག་མཉམ་དང་དབྱེར་མེད་པར། །
སྐུ་ན་ཆུང་ཀུའི་དུས་ལས་སྐུ་ཡོན་གནང་། །
མ་འོངས་སྔོན་གཟིགས་ཅན་གི་རྒྱལ་པོ་མཆོག །
རྒྱལ་འབངས་གཉིས་ཀྱི་རེ་འདོད་འགྲུབ་ནི་ལུ། །
སྤྱི་ཟླ་བཅུ་པའི་སྤྱི་ལོ་གཉིས་སྟོང་བཞིར། །
ཀྲོང་གསར་དཔོན་སློབ་ཕྱག་འགན་བཞེས་པར་མཚར། །
བརྗེད་པར་ཕངས་པའི་གཉིས་སྟོང་དྲུག་གི་ལོ། །
ཞབས་དྲུང་རྣམ་སྤྲུལ་འབྲུག་རྒྱལ་བཞི་པ་གིས། །
བྱམས་བརྩེ་ཆེ་བའི་མི་སེར་རྒྱལ་པོ་ལུ། །
འབྲུག་རྒྱལ་ལྔ་པའི་ཕྱག་འགན་བརྩི་སྤྲོད་གནང། །
རྒྱལ་ཁབ་རང་བཙན་ཡུན་བརྟན་གནས་ཐབས་ལུ། །
དབྱིན་ལོ་གཉིས་སྟོག་བཅུ་གཅིག་ལོ་འདི་ལུ། །
ཡུམ་མཆོག་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་མ། །
ཨ་ཞེ་རྗེ་བཙུན་པད་མ་བཙུན་མོ་བཞེས། །
མ་འོངས་རྒྱལ་ཁབ་འཇིགས་མེད་སྐྱོང་ནི་དང། །
ཕྱོགས་བཅུ་ཀུན་ལས་རྣམ་པར་རྒྱལ་བའི་སྲས། །
གུ་རུའི་རྣམ་སྤྲུལ་འཇིགས་མེད་རྣམ་རྒྱལ་མཆོག །
སྨན་ལྗོངས་ཡུལ་དུ་མི་ཡི་ལུས་སུ་བྱོན། །
རྒྱལ་ཁབ་རང་བཙན་མ་ཉམས་གནས་ཐབས་དང། །
འབངས་འཁོར་སེམས་ཀྱི་རེ་འདོད་བསྐང་ནི་ལུ། །
མ་འོངས་སྔོན་གཟིགས་ཅན་གི་མི་དབང་གིས། །
རྒྱ་འབྲུག་གཉིས་ཀྱི་མཐུན་འབྲེལ་བཟོ་གནང་ཡོད། །
ཆོས་ལྡན་འབྲུག་གི་རྒྱལ་ཁབ་འདི་ནང་ལུ། །
ཆོས་རྒྱལ་མི་དབང་འཇིགས་མེད་གེ་སར་གིས། །
བརྩེ་བའི་སེམས་ཀྱིས་མི་སེར་སྐྱིད་སྡུག་གནང། །
སྡུག་བསྔལ་མཐའ་དག་མ་ལུས་བསལ་གནང་ཡོད། །
ཉེན་འཚུབས་ཆེ་བའི་རྐྱེན་ངན་ཞི་ཐབས་དང། །
མ་འོངས་ན་གཞོན་རང་བཙན་བཟོ་ནི་ལུ། །
བརྒྱ་དང་བཅུ་གཉིས་འཁོར་བའི་དུས་ཆེན་འབྲེལ། །
རྒྱལ་སྲུང་སྦྱོང་བསྡར་ལས་རིམ་གཞི་བཙུགས་གནང་། །
དེང་སང་ནད་ཡམས་ཀོ་ཝིཊ་བཅུ་དགུའི་དུས། །
སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རྒྱལ་པོ་གིས། །
རང་གི་སྲོག་ཡང་ཕངས་མེད་རྒྱལ་འབངས་དོན། །
ཉིན་མཚན་མེད་པར་ཕྱག་ལཱ་མཛད་བཞིན་ཡོད། །
བཀྲིན་ཆེ་མི་དབང་མཆོག
-རྡོ་རྗེ་དངོས་གྲུབ།
Comments
Post a Comment