Skip to main content

བརྗེད་ཚུགས་པའི་ ལོ་རྒྱུས། ༼དམ་ཚིག་གི་ཟས་ཚོང་། ཚལ་ལུ། ༽

བརྗེད་མ་ཚུགས་པའི་ ལོ་རྒྱུས།
      
                ༼དམ་ཚིག་གི་ཟས་ཚོང་། ཚལ་ལུ།

༉ དེ་བསྒང་ང་ སློབ་རིམ་དྲུག་པའི་ གཞུང་གི་ཆོས་རྒྱུགས་ཕུལ་ཏེ་ གནམ་དགུན་གྱི་ངལ་གསོའི་སྐབས་ ཚལ་ལུ་གི་ལཱ་འབད་དེ་སྡོད་ཅི། ངེའི་ཨ་པ་གིས་ ཚོང་པ་གཞན་ཚུ་ལས་ སྔོན་མ་ལས་ ཏི་རུ་ལེན་ཡོདཔ་ལས་ ང་བཅས་ལུ་ཡོད་པའི་ ཚལ་ལུ་ཚུ་ག་ར་ ཁོང་ཚུ་གིས་བསྡུ་སྟེ་འབག་ཚར་རུང་ ཚལ་ལུ་ཆུང་ཀུ་ཚུ་ མ་འབག་པར་ བཞག་ནུག།

མ་གཞི་ ཟ་མི་གིས་ཕོཝ་མ་འགྲང་སཔ་ཅིན་ ལྕེ་གིས་ལྡག་ལྡགཔ་གིས་ ཕོཝ་མི་འགྲངས་ ཨིན་རུང་ ཏི་རུ་བཅུ་ལོར་གཅིག་འཐོབ་ནི་ཡོད་རུང་ འདི་གིས་ང་བཅས་བཟའ་ཚང་ལུ་ ལྷན་ཐབས་འབད་ཚུགསཔ་ལས་ ཚལ་ལུ་ཆུང་ཀུ་ཚུ་ ཏོ་ཀོ་རོང་ཟེར་ས་ལུ་ འབག་སྟེ་ བཙོང་ནི་སྦེ་ ཨའི་དང་ནུ་གཅུང་ང་བཅས་གསུམ་ བློ་སླབ་ཅི། ཏོ་ཀོ་རོང་ཟེར་སའི་ ས་གནས་འདི་ བཀྲིས་བསྒང་དང་ བསམ་གྲུབ་ལྗོངས་མཁར་གྱི་གཞུང་ལམ་ མཐུད་སར་ཨིནམ་ལས་ དེ་བསྒང་ གནམ་དགུན་ལུ་ ཚལ་ལུ་ཚོང་རྐྱབ་སའི་ ས་གནས་ངོ་མ་ཅིག་ཨིནམ་ལས་ ང་བཅས་སྡོད་ས་ལས་ དུས་ཡུན་ཆུ་ཚོད་ ༨ དང་ ༡༠ དེ་ཅིག་ གྱེན་ལམ་གཟར་དྲགས་སྦེ་ འཛེགས་དགོཔ་ཨིན།

དེ་ཚེ་ དྲོ་པ་ཆུ་ཚོད་ གསུམ་དེ་ཅིག་ལས་ ཨའི་གིས་རྟ་གཡོག་ཚུ་རྐྱབ་ནི་ འགོ་བཙུགས་ཅི། ང་བཅས་གསུམ་ལུ་ ཚལ་ལུའི་ཁུར་ཆ་ རེ་རེ་དང་ སྤུ་ཁ་ཀྱག་མདོག་ཅན་ དཔྱལ་བར་ མེ་ལོང་གི་ཚུལ་དུ་ཡོད་མི་ དཔལ་བཟང་དང་ སྤུ་མདོག་དམརཔོ་སྦེ་ཡོད་མི་ རྐྱང་ཕྲུག་གཉིས་ལུ་ཡང་ དོ་ཙེའུ་གཉིས་གཉིས་རེ་ སྒ་ཁར་བཀལ་ཏེ་ ལམ་འགྲུལ་འབད་ནི་འགོ་བཙུགས་ཅི།

ཚོང་ལཱ་འབད་མི་ རྒས་གཞོན་བར་གསུམ་ག་ར་ ལཱ་རྩ་འགེངས་འབད་བའི་ དུས་ཚོད་འདི་ནང་ རྟའི་དྲིལ་བུ་དང་གཡེར་ཁའི་སྐད་དང་བཅས་ ཞབས་ཁྲ་འཐེན་ཏེ་འགྱོ་བའི་སྐབས་ ཚོང་དཔོན་ནོར་བུ་བཟང་པོ་ཡང་ དེ་བསྒང་ ང་བཅས་དང་གཅིག་ཁར་ཡོད་པའི་ སྣང་བ་ཤརཝ་ཨིནམ་པས། དེའི་ནང་ལས་ཡང་ སྐབས་སྐབས་ ཨ་པ་དང་གཅིག་ཁར་ རྟ་གཡོག་རྐྱབ་པར་འགྱོ་བའི་སྐབས་ ཨ་པ་གིས་ ཨ་ལོའུ་མི་གཏང་ཟེར་ན་་ཨའེ་་་་ཨ་ལོའུ་གཏང་དགོ་པས་་་ཟེར་བའི་ཞབས་ཁྲ་ འཁྲུལ་སི་སི་སྦེ་འཐེན་མི་འདི་ ཁོ་ཡང་ ཨམ་སྲུ་དང་ཆགས་ ཨ་ལོ་གསུམ་རེ་གསོ་སྟེ་ འཇིག་རྟེན་པའི་བྱ་བ་ལུ་ ཐིམ་སོངཔ་ལས་ འཁོར་བའི་ཤན་ཐག་ལུ་ སེམས་འཁྲུལ་ཏེ་ འཐེན་ཡོདཔ་ཨིནམ་པས།

དེ་བསྒང་ ང་བཅས་མ་བུ་གསུམ་ རྟ་གཉིས་གདོང་ཁར་བཙུགས་ཏེ་ སྒོམ་དར་སྤ་ཏོང་ཟེར་སར་ ལྷོད་མ་ལྷོདཔ་ལས་ རྐྱང་ཕྲུག་གི་སྒྱིག་ཐག་གུ་ ཞ་རྩི་ཀེ་ཇི་སྟོང་གཅིག་ བཏགས་བཞག་བཞགཔ་བཟུམ་དང་ ཕོཝ་ནང་མགརཝ་ཨ་རྒས་ཅིག་གིས་ བུདཔ་རྐྱབ་དོ་བཟུམ་ ཕོཝ་གྱངས་ཁ་མེདཔ་ཅིག་སྤར་ ལམ་གོམ་རེ་རེ་ལུ་ ངལ་འཚོ་སྡོད་དེ་ རྩ་ལས་འགྱོ་མ་བཏུབ།

ཁོ་དང་གཅིག་ཁར་སྡོད་པ་ཅིན་ ཡར་ལྷོདཔ་མི་བདེན་ནི་མས་མནོ་སྟེ་ ནུ་གཅུང་དང་རྟ་དཔལ་བཟང་གཉིས་ རྟ་གཞན་ཚུ་དང་མཉམ་ གདོང་ཁ་བཏང་ད་ཡི། འགྲོས་ཀྱིས་གཏང་ བོང་ཀུས་ཡང་ ལྷ་ས་ལྷོད་པའི་དཔེ་ཡོད་དོ་བཟུམ་ ཁོ་གིས་རྩ་འགེངས་འོང་མནོ་སྟེ་ ཨའི་ང་བཅས་གཉིས་ ཁོ་དང་གཅིག་ཁར་ ངལ་འཚོ་ཡི་རང་ ཤའི་རི་ཟེར་ས་ གྱེན་སྦོམ་སྦེ་འཛེགས་དགོ་པའི་ ས་གནས་ཁར་ལྷོད་ཚུགས་ཅི། སེམས་ཅན་ཨིན་རུང་ རིག་པ་མི་བ་གསལཝ་ལས་ དེ་ཁར་ལས་ གྱེན་གཟར་དྲགས་ཡོདཔ་ལས་ ཁོ་གིས་འགྱོ་མི་ཚུགས་ཟེར་ཤེསཔ་ལས་ དེ་ཁར་ལས་ རྩ་ལས་སྤར་ར་མ་བཏུབ།

ཨའི་ང་བཅས་གཉིས་ ཚོང་པ་གཞན་གྱི་གདོང་ཁར་ ངོ་ཚཝ་ཨིན་ན་ དབུགས་བགམས་ཨིན་ན་ མ་ཤེས་པར་ ཐུར་ལས་བཟུང་སྟེ་ གདོང་ཁ་ལས་ གངས་ལས་ཤིང་འཐོན་དེ་འཐོན་ རྒྱབ་ལས་འཕུལ་རུང་ ཉལ་སྡོད་དེ་ མ་པ་ལས་ལོང་མ་བཏུབ་པར་ ལུས་སོང་ཡི།

ལོ་ངོ་མང་རབས་ཅིག་གི་སྔོན་མ་ལས་ ཚལ་ལུ་ཚོང་རྐྱབ་མི་ ཚོང་པ་དང་རྟ་ཚུ་གིས་ འབག་མ་ཚུགས་པའི་ ལས་ཀྱི་འབྲས་བུ་འདི་ དེ་བསྒང་ ང་བཅས་གསུམ་ལུ་ སྨིན་དཔ་འོང་ནི་མས། ཁོནི་ འབག་ནིའི་བྱ་བ་རྫོགས་སོངམ་ལས་ འབད་ཐབས་ག་ནི་ཡང་མེདཔ་ལས་  ཁུར་ཆ་དང་ སྒ་ཆས་ཚུ་ཡང་ས་ཁར་ཕབ་སྟེ་ ལམ་གྱི་ཟུར་ཁར་རྩྭ་ཡོད་སར་བཏགས་བཞག་ཞིནམ་ལས་ ཨའི་ང་བཅས་གཉིས་ ཁོ་གི་ཁུར་ཆ་ཙེའུ་རེ་རེ་ རང་གི་སྒལ་པ་བརྩེགས་ཏེ་ འབག་དགོ་བྱུང་ཡི།

སྔོན་མ་ནམ་ཡང་ འུ་མ་སྡུག་པའི་འུ་སྡུག་ མནོ་བསམ་འདྲ་མིན་སྣ་ཚོགས་གཏང་ ནགས་ཚལ་འདི་ནང་ ལམ་ཕྱེད་ལས་ལྟོཝ་བཀྱེས་ ཁ་བསྐོམ་རུང་ ཉིན་མའི་ལྟོ་ཧོད་འདི་ ནུ་གཅུང་གི་འབག་འགྱོཝ་ལས་ ད་རིས་ནངས་པ་བཟུམ་སྦེ་ འགྲུལ་འཕྲིན་འདི་ ཡོད་ར་མེདཔ་ལས་ ག་ལུ་ཡང་སླབ་སར་མེད་པར་ འུ་སྡུག་ཐང་ཆད་ཅི། ཨའི་བཅས་གཉིས་ཀྱི་གོ་ལ་ཚུ་ རྔུལ་ནག་གིས་ གནམ་བྱཱར་གྱི་ཆརཔ་གིས་སྦང་དོ་བཟུམ་སྦང་ ཡར་ལས་མར་ལོག་མི་ རྟ་དང་མི་ཚུ་ཐལཝ་ནང་རྒྱུགས་པའི་སྐབས་ ང་བཅས་གཉིས་ འཐུ་བཀོ་སག་སག་འབད་མི་ཚུ་ ད་ལྟོའི་བར་ན་ཡང་ སེམས་ཁར་གསལ་རིལ་རིལ་སྦེ་ འོངམ་མས།

དཀའ་སྡུག་བསིགས་ཅི་རང་ ལེང་ཤིང་སྤང་ཐང་ཟེར་ས་ལྷོད་པའི་སྐབས་ ནུ་གཅུང་དང་དཔལ་བཟང་ ཁོང་གཉིས་ལོག་འོང་ཏེ་ ཆ་རོགས་འབད་གེ་སླབ་དེས། ཨིན་རུང་ ང་བཅས་ཡར་ལྷོད་རན་པའི་ཁར་ ཤའི་རི་ལུ་ལུས་མི་ རྐྱང་ཕྲུག་འདི་ཁྱིམ་ནང་འཁྱིད་དེ་ ངལ་འཚོ་བཞག་ཟེར་སླབ་སྟེ་ ཁོང་གཉིས་ སྔོན་མ་བཏང་ཡི། ཨའི་ང་བཅས་གཉིས་ དེ་ཁར་ ཉིན་མའི་ལྟོ་བཟའ་ཏེ་ ཡར་ལྷོད་དེ་ ཚོང་པ་གཅིག་ལུ་ ཚལ་ལུ་བཙོང་པའི་སྐབས་ ང་བཅས་ཀྱི་མནོ་དོ་བཟུམ་སྦེ་ ཚལ་ལུའི་གོང་ཐོབ་མ་ཚུགས།

"ཆུང་ཀུའི་བསྒང་ལས་རང་ མི་དྲག་ཞན་མེད་པར་ ང་བཅས་ག་ར་ འདི་ཁར་ཚལ་ལུ་སྐྱེལ་རུང་ ད་རིས་བཟུམ་གྱི་ དཀའ་སྡུག་མ་སྲིད།  དུས་ཅི་ མཇུག་ཨིནམ་འོང་
གཞུང་གི་བཀྲིན་ལས་ མགྱོགས་སུ་ཅིག་སྦེ་ ནར་ཕུག་ལས་མར་ ང་བཅས་གཡུས་ཁར་ སོ་ནམ་ཞིང་ལམ་ལྷོད་ནིའི་འཆར་གཞི་འདུག།" ཟེར་ཨའི་གིས་སླབ་དོ་བཟུམ་ དེ་བསྒང་ ཏོ་ཀོ་རོང་ལུ་ ཚལ་ལུ་སྐྱེལ་ནི་འདི་ ངེའི་མི་ཚེ་ནང་ མཇུག་ཨིནམ་མས། 

ས་གནས་དེ་ཁར་ལྷོད་ཚུགས་ཚུགསཔ་ལུ་ དཀའཝ་དཔྱད་པའི་ཤུལ་མ་ གོང་ཚད་མནོ་དོ་བཟུམ་མ་འཐོབ། དེ་ཁར་ལྷོད་ནི་ཡང་ རྒྱ་ལམ་དང་མཇུག་ཨིནམ་ལས་ ཚལ་ལུ་བཙོང་ཚརཝ་ཅིན་ ལམ་གྱི་འོག་ལུ་ཡོད་པའི་ ཚོང་ཁང་སྦ་སྒོ་གཅིག་ནང་འཁྱིད་དེ་ མོ་མོ། པོ་ཀ་ར་དང་ མངར་ཆུ། དེ་ལས་ "ཨའི་ཆང་འཐུང་པ་ཅིན་ བདག་འཛིན་འབད་འོང་ག་" ཟེར་ ཨའི་གིས་ང་ལུ་སླབ་དེས་ ད་རིས་ཚད་ལས་བརྒལ་བའི་ འུ་སྡུག་ཅི་མནོ་སྟེ་ " ང་གིས་བདག་འཛིན་འབད་འོང་ འཐུང་ད་ཨའི། " ཟེར་སླབ་སྟེ་ ཚོར་ཚོར་བའི་བར་ན་ ཨའི་ཆང་འགྲངས་ཆི་ནུག།

ང་བཅས་གཉིས་ ཡར་ལས་ལོག་འོང་པའི་སྐབས་ ཙེའུ་གསུམ་ གསུམ་བརྩེགས་རྐྱབ་སྟེ་ ང་གིས་འབག་ ཨའི་མོ་འབག་མི་གཅིགཔ་འདི་ མོ་གིས་འབག་ནི་ཟེར་ འབག་འོང་ཡི། "མི་འོང་སར་མཐོངམ་ད་ ང་མ་བཤད་མ་རེད་ ཨའི་ བློ་བཙོང་འོང་།" ཟེར་སླབ་དེས། ལམ་ཕྱེད་ཀ་ལྷོདཔ་ད་ གཞུང་གཡོགཔ་ཅིག་སྐྱེལ་བར་འགྱོ་མི་ མི་དག་པ་ཅིག་འོང་སར་ མཐོངམ་ཅིན་ ཨའི་གིས་ " མི་འོང་དེས། ང་གཏང་ད། དྲནམ་བཏོན་ཏེ་ལམ་འགྱོ་གེ།" ཟེར་སླབ་དེས། ཨིན་ར་ཨིནམ་འདྲ་བས་མནོ་སྟེ་ མ་བཤད་པར་བཞག་ཡི་ས་གིནི་ ཁོང་གི་སྦོ་ལོག་ཁར་ལྷོདཔ་ཅིན་ ཨའི་འབོབ་རིལ་འགྱོ་སྟེ་ ལྷ་པ་གུ་རྨ་ཡང་བཏོན་ད་ཡི།

དེ་ལས་མི་དང་ སེམས་ཅན་ག་ཅི་འོང་རུང་ ངོ་ཚ་བ་གལ་ཆེཝ་སྡམ་ཟེར་དོ་བཟུམ་སྦེ་ ཨའི་གི་ལགཔ་གཡས་གུ་ བཤད་ཡི་ར་ སྒོམ་དར་མཇུག་ལུ་ཡོད་པའི་ ཁེ་ཤིང་རི་ཟེར་སར་ལྷོདཔ་ད་ ཨའི་ཡང་ ཆང་འགྲངསམ་སངས་སོང་ནུག། གཙང་ཆི་ལོ་ལུ་ཡོད་པའི་ ཚོང་ཁང་གཅིག་ལས་ ཁྱིམ་ནང་དགོ་པའི་ ཉོ་ཚོང་ཚུ་རྐྱབ་སྟེ་ ཕྱི་རུ་ཁམས་ལུ་ ཁྱིམ་ནང་ལྷོད་ཅི།

སྔོན་མ་བློ་གསར་སློབ་རིམ་ནང་ མ་འཛུལ་བའི་ཧེ་མ་ ཨའི་དང་གཅིག་ཁར་ ཚལ་ལུ་ཕུད་རྡོག་༤༠ ༼ཚངས་ལྷ་སྐད་ལས་འབད་བ་ཅིན་ གཱན་དྲ་ ༡༠། གཱན་དྲ་རེ་ལུ་ ཚལ་ལུ་༠༤་རེ་འོངམ་ཨིན།༽ འབད་མི་ཅིག་ ཕད་ཅུང་༼ཇོ་ལ་༽གཅིག་ནང་འབག་སྟེ་ འགོ་དང་པ་ ཏོ་ཀོ་རོང་ལུ་ཚལ་ལུ་སྐྱེལ་བའི་ཤུལ་ལུ་ ལོ་ངོ་ ༨ དེ་ཅིག་གི་ཤུལ་མ་ ཨའི་ང་བཅས་གཉིས་ལུ་ ཨ་རྟག་མ་མྱོང་བའི་ དཀའ་སྡུག་ཅིག་མྱོང་སྟེ་ མཇུག་བསྡུ་མི་འདི་ དུས་ནམ་ཡང་བརྗེད་མ་ཚུགས་པའི་ མ་བུ་གཉིས་ཀྱི་ སྲུང་གཅིགཔ་ འདི་ཨིན། མ་གཞི་ རང་ཆུང་ཀུ་བསྒང་ལས་རང་ ཚལ་ལུའི་ལཱ་འབད་དེ་ སློབ་གྲྭ་ནང་འགྱོ་ནིའི་ ཟད་འགྲོ་ཐོབ་སའི་ཕ་ཞིང་ངོ་མ་ ཚལ་ལུ་ཨིནམ་ལས་ ཚལ་ལུ་དང་འབྲེལ་བ་སྦོམ་ཡོད་པའི་ཁར་ དམ་ཚིག་གི་ཟས་ ཚལ་ལུ་འདི་ དགའ་སྐྱོ་སྡུག་གསུམ་ག་ར་ སེམས་ཁར་འཆར་ཚུགས་པའི་ ཟས་ཅིག་སྦེ་ ཆ་བཞག་ནི་ཡོད།

བཀྲིན་ཆེ་ལགས།

For more follow my facebookpage 👇


Comments

མི་མངམ་གིས་ ལྷག་མི་རྩོམ།

Lungtenzampa or is it because we are Desuup? - Dorji Choden

WORLD WAR II (September 1, 1939, to September 2, 1945)

Save me - Sonam Tenzin(ST)

སྲིད་པ་འཁོར་ལོ།

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།