Skip to main content

དགོན་ཤ་རི་སློབ་གྲྭ་ཆུང་བའི་རང་ཚུལ་ལོ་རྒྱུས།

༉ སྤྱི་ལོ་༢༠༡༩་ རང་ཟླ་༡༡་པའི་ནང་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་ རྒྱལ་ཡོངས་ཁག་འབགཔ་ སྤྱི་གཏང་སློབ་དཔོན་གྱི་ དྲི་བ་དྲིས་ལན་ནང་ལས་ བཙག་འཐུ་གྲུབ་སྟེ་ སྣུམ་འཁོར་ཌི་སེམ་གཅིག་ནང་ ས་རང་མེད་རོགས་ཀྱི་གཡུས་འགྱིམ་སྟེ་ བློ་དམན་རང་ཡང་ ཕྱོགས་དགའ་ས་ཧོངས་ལུ་ ལམ་འགྲུལ་འབད་ནི་འགོ་བཙུགས་ཅི། དེ་བསྒང་ ཐིམ་ཕུག་ལས་འགྱོ་བའི་སྐབས་ བཟའ་འཐུང་གི་རིགས་ཚུ་ སློབ་གྲྭ་གི་སྦོ་ལོག་ཁར་ཡོད་པའི་ ཚོང་ཁང་ཚུ་ལས་འཐོབ་དོ་འོང་མནོ་སྟེ་ གདན་སྲབ་ཁོད་ཁོད་གཅིག་དང་ མལ་ཆ་གཉིས་ དུས་རྒྱུན་དགོ་པའི་ཐབ་ཆས་དག་པ་ཅིག་འབག་སྟེ་ འགྱོ་ཡོད་རུང་ རིམ་ཆུ་ཟེར་ས་ལུ་ མ་ལྷོདཔ་ཅིག་ཁར་ དགོན་ཤ་རི་ལུ་ ཚོང་ཁང་ཡང་གཉིས་རྐྱངམ་ཅིག་ཡོདཔ་ལས་ འཕྲལ་འཕྲལ་ཁག་ཆེ་བའི་ ཅ་དངོས་དང་བཟའ་འཐུང་ཚུ་ཡང་ འཐོབ་མ་ཚུགས་པའི་དཀའ་ངལ་ཡོད་ལུགས་དང་ སློབ་གྲྭ་འདི་ཡང་ དགའ་ས་འགྱོ་སའི་ལམ་གྱི་ལྟག་ལུ་ མོ་ཆུ་གི་གཡས་ཁ་ཐུགས་ཆགས་ཡོད་པའི་སྐོར་ལས་ དེད་གཡོག་དང་ཨ་ཞེམོ་གིས་བཤད་དེས།
༼དགོན་ཤ་རི་སློབ་གྲྭ་ཆུང་བ། སྤྱི་ལོ་༢༠༡༩།༽
དུས་ཡུན་ཆུ་ཚོད་ ༣ དེ་ཅིག་ལུ་ སློབ་གྲྭ་གི་ཉེ་འདབས་ལུ་ ལྷོད་དེ་བལྟ་བའི་སྐབས་ ལུང་མའི་ནང་ནོར་འབྱང་དཔ་བཟུམ་ ཆུ་ཟིང་གཏང་ སེམས་ཡང་སྟོང་ཧང་ཧ་ འབད་ནི་འགོ་བཙུགས་ཅི། "སློབ་དཔོན་ཉ་རེ་བཟུང་ནི་ཡོད་པ་ཅིན་ མོ་ཆུ་སྦོ་ལོག་ཁར་ཡོད་ དེ་འབདཝ་ད་ ན་འཐན་འབད་དགོ་མ་རེད་ལགས་ ལོ་རན་ཆད་མེད་པར་ མི་འཕྱག་བདའ་ནི་ཡོད།" ཟེར་ དེད་གཡོགཔ་གིས་སླབ་དེས། ལུངམ་འདི་ནང་ལས་ ཉ་མ་ཚད་ གསེར་ཡང་འཐོབ་ནི་ཡོད་ཟེར་སླབ་རུང་ བུ་ང་བང་མི་ཆགས་ནིའི་གནས་སྟངས་ལུ་ ཡོདཔ་ཨིནམ་ཁོ་གིས་མ་ཤེས་པས། 

ཡུདཔ་ཅིག་ལས་ དེ་ཁར་ཡོད་པའི་ སློབ་ཕྲུག་གཅིག་ལུ་ སློབ་དབུ་འཛིན་གྱི་གཟིམ་ཅུང་ ག་ཏེ་ཨིན་ན་ཟེར་འདྲི་རྨེད་རྐྱབ་སྟེ་ སློབ་དབུ་འཛིན་དང་མཇལ་ཕྲད་གནངམ་ད་ ང་ལུ་ ཆ་རོགས་འབད་ནིའི་དོན་ལུ་ སློབ་མགོན་པོ་ཟེར་མི་ལུ་ འགྲུལ་འཕྲིན་གནང་དེས། "སྐུ་གཟུགས་བཟང་པོ་སཱར་ བྱོན་པར་ལེགས་སོ་ཡོད།" ཟེར་ སློབ་མགོན་པོ་གིས་ ཞལ་འཛུམ་དང་བཅས་གསུངས་ཏེ་ སློབ་དཔོན་ཆ་རོགས་གཅིག་ཡང་འཁྱིད་དེ་ སློབ་གྲྭའི་རྩེད་ཐང་གི་ སྦོ་ལོག་ཁར་ཡོད་པའི་ འབྲུག་པའི་ཁྱིམ་ཐོག་གཉིསམ་གི་འོག་ལུ་ ང་སྡོད་ས་ཨིན་ཟེར་གསུངས་གནང་དེས། སློབ་དཔོན་གཞན་མི་འདི་ མཇལཝ་ཅིན་ ག་ཏེ་ཨིན་ན་གཅིག་ལུ་ ན་འཐན་མཇལ་མཇལཝ་བཟུམ་ཚོར་རུང་ དེ་བསྒང་ང་གིས་ག་ནི་ཡང་ཞུ་མ་ཚུགས།
༼འབྲུག་པའི་ཁྱིམ་ཐོག་གཉིས་འབད་མི་ནང་ གནས་སྐབས་ཀྱི་སྡོད་གནས།༽
ང་བཅས་ཚུ་ཁྱིམ་ཕྱག་དར་རྐྱབ་ ཅ་ལ་ཚུ་ནང་ན་བཙུགས་ཏེ་ གློག་མེ་གི་ཐགཔ་བྱི་ཙི་གིས་ མེདཔ་གཏང་མི་ཚུ་ཡང་བཅོ་སྟེ་ བར་ན་ལས་ ངོ་སྤྲོད་འབད་བའི་སྐབས་ སློབ་དཔོན་གྱི་ཆ་རོགས་ སློབ་ཀུན་དགའ་ཡང་ དམར་ཚ་ལ་སློབ་གྲྭ་ཆུང་བ་ནང་ བཞུགས་ཡོད་པའི་ལོ་རྒྱུས་དང་ ང་ཡང་ དམར་ཚ་ལ་འབྲིང་རིམ་སློབ་གྲྭ་བར་མ་ནང་ ཆོས་བལྟ་སྡོད་པའི་སྐབས་ བདུན་ཕྲག་བཞིན་དུ་ ལམ་སེལ་འབད་ནི་དང་ ཀ་ཝ་པ་ནེའི་ལྟག་ལུ་ཡོད་པའི་ འཁོར་ལམ་ལེགས་བཅོས་འབད་ནི་དང་ སློབ་གྲྭ་འདི་ནང་ཕན་ཚུན་ལས་སྣ་དང་ རྩེད་རིགས་ཚུ་འགོ་འདྲེན་འཐབ་པའི་སྐབས་ སློབ་དཔོན་མཇལ་ཡོདཔ་ལས་ ཤུགས་ཀྱིས་སྦེ་འབྲེལ་བ་སྦོམ་ཡོད་པའི་་ ཤེས་རྟོགས་འབྱུང་ཡི།

དེ་ཚེ་ སློབ་དཔོན་གཉིས་ཀྱིས་ ཁྱིམ་གསར་པའི་ནང་ ང་བང་མི་ཆགས་དོ་འོང་ཟེར་ ཐུགས་བསམ་བཞེས་ཏེ་ ང་ཡང་ཁོང་དང་མཉམ་ འགྱོ་སྦེ་བཞེས་སྒོ་གཅིག་བཟའ་སྟེ་ ཁོང་དང་མཉམ་ཉལ་རུང་ མ་བཏུབ་མེད་ཟེར་གསུངསམ་ཨིན་རུང་ ང་ཨ་ཙི་གཡང་ཟ་སུ་ཅིག་གཏང་སྟེ་ སློབ་དཔོན་གཉིས་དང་ཆགས་འགྱོ་མ་ཚུགས། མ་གཞི་སྣུམ་འཁོར་མངམ་སྦེ་ རྒྱུན་འབྲེལ་མི་ཐབས་པས་ ཨིན་རུང་ ཐབས་པའི་སྐབས་ མོ་ཆུ་དབུགས་གཏུམ་དང་ཁོང་གཉིས་ཀྱིས་ འགོ་དང་པ་སྡོད་མི་ཚུ་རྣཝ་ཚེར་ཁག་ཁ་ བཟོཝ་ཨིནམ་མས། དེ་ཚེ་ནུབ་མོ་ སེམས་མ་དགའ་བར་ ལྟོ་ཡང་མ་ཟ་ས་གིནི་ སྒོའི་གཉའ་ཤིང་ཡང་མཐོང་སར་མེདཔ་ལས་ ཨ་ཁུ་གིས་བྱིནམ་མི་ སྒྲོ་གཟུགམ་འདི་ མགུ་བཀལ་ཏེ་ གཉིད་ཐལ་མ་ཐལ་གཏང་བའི་ ཚོར་སྣང་ཚུ་ད་ལྟོའི་བར་ན་ཡང་ གསལ་ཏོག་ཏོ་སྦེ་ སེམས་ཁར་དྲནམ་མས།

དེ་འཕྲལ་ལས་ སློབ་སྟོན་འདི་འགོ་བཙུགས་མ་ཚུགས་རུང་ སློབ་དཔོན་ཚུ་གིས་ སྤྱིར་གཏང་ག་ར་ སློབ་སྟོན་མཛད་དེ་ མཇུག་བསྡུ་ཁམས་ལུ་ལྷོད་དེ་འདུག། ཉིནམ་གཉིས་པའི་ཕྱི་རུ་ སློབ་མགོན་པོ་དང་སློབ་ཀུན་དགའ་ དེ་ལས་ སློབ་དཔོན་གཉིས་ཀྱི་ཨམ་སྲུ་ ཨིང་སྐད་ཀྱི་སློབ་སྟོན་པ་ སློབ་ཚེ་རིང་སྒྲོལ་མ་དང་  སློབ་ཨྱོན་པདྨ་གཉིས་ དེ་ལས་ སློབ་དབུ་འཛིན་གྱིས་ སློབ་གྲྭའི་སྤྱིར་གཏང་གནས་ཚུལ་དང་ ཆ་རོགས་འབད་དགོཔ་རེ་ཡོད་པ་ཅིན་ གཡང་མ་ཟ་བར་སླབ་དགོ་པའི་ སྐོར་ལས་ གཞི་གཡོགཔ་གསརཔ་ང་ལུ་ རྒྱབ་སྐྱོར་གང་དྲག་གནང་པའི་སྐབས་ རང་གི་གཡུས་ཁར་ ཕམ་སྤུན་ཆ་དང་གཅིག་ཁར་ འཛོམས་སྡོད་ཡོད་པའི་སྣང་བ་ཡང་ ཤརཝ་ཨིནམ་པས། དེ་མ་ཚད་ ཨ་ཞེམོ་ཡེེས་ཆོས་སྒྲོན་དང་ རྨགཔ་ཡོན་ཏན་གྱིས་ཡང་ ཤར་ཕྱོགསཔ་ཟློ་རོགས་ཨིནམ་མས་ གཞི་གསརཔ་ཆགསཔ་ད་ ལཱ་ཁག་ཡོད་ ཆ་རོགས་རེ་དགོ་པ་ཅིན་ སླབ་དགོ་ཟེར་སླབ་སྟེ་ ཕྱགས་རྙིགས་བླུགས་སའི་ཧོད་ལས་འགོ་བཙུགས་ཏེ་ གློག་ཐག་དང་ ཅ་དངོས་གཞན་ཚུ་ཡང་ ཆ་རོགས་འབད་དེ་གནང་མི་ལུ་ དགའ་ཚོར་སྦོམ་ཡོད་ཟེར་ཞུ་དོ།

སྤྱིར་གཏང་ དགོན་ཤ་རི་སློབ་གྲྭ་ཆུང་བ་འདི་ སྤུ་ན་ཁ་རྫོང་ཁག་གི་ མཐའ་ཟུར་སློབ་གྲྭ་ཅིག་ཨིནམ་བཟུམ་འདུག དེ་བསྒང་ འདི་ནང་ མི་རློབས་མངམ་མེདཔ་ལས་ སློབ་ཕྲུག་ཡང་ ༥༧ རང་ཨིན་པའི་ཁར་ སློབ་ཕྲུག་ཚུ་ཡང་ ལམ་ཐག་རིང་ནི་འདི་གིས་ སློབ་གྲྭའི་ཉེ་འདབས་ལུ་ ཁྱིམ་སྦ་སྒོ་ཆུང་ཀུ་རེ་བཟོ་སྟེ་ ཕམ་ལ་ལུ་ བུ་གཞི་ཚུ་དང་གཅིག་ཁར་ དེ་ནང་སྡོད་ནི་འདུག། དེ་སྦེ་ཨིན་རུང་ འབྲུག་གཞུང་བཀྲིན་ཆེ་ནི་འདི་གིས་ སློབ་གྲྭ་འདི་ལྟོ་ཐོབ་ཀྱི་གྲངས་སུ་བཙུགས་ཡོདཔ་ལས་ སློབ་ཕྲུག་ཚུ་སྦ་སྒོ་འདི་ནང་ ཟས་བཅུད་མ་ཐོབ་པར་ལུས་ནི་འདི་ དཀོན་སུ་ཅིག་སྦེ་ ཚོར་སྣང་འབྱུང་པའི་ཁར་ གཞུང་པ་མེན་རུང་ དྲོ་པ་དང་ཕྱི་རུ་ཟུར་འཐེབ་ སྐྱོར་སྦྱང་འབད་ནི་ནང་ ཕན་པ་སྦོམ་ཡོད་ལས་ སྤྱི་ལོ་འདི་ནང་ སློབ་རིམ་དྲུག་པའི་ གཞུང་གི་ཆོས་རྒྱུགས་ཀྱི་གྲུབ་འབྲས་ཡང་ སྔོན་མ་དང་ག་བསྡུར་འབདཝ་ད་ ལེགས་ཤོམ་འཐོནམ་མ་ཚད་ སློབ་ཕྲུག་ཆོས་སྐྱིད་དབང་མོ་ཟེར་མི་འདི་ སྤ་རོ་སྤང་སྦི་ས་ལུ་ཡོད་པའི་ ་འབྲུག་རྒྱལ་པོའི་གཙུག་སྡེ་ནང་ ཆོས་སྦྱང་ནིའི་གོ་སྐབས་ཡང་ ཐོབ་ཡོདཔ་ཨིན།

༼སློབ་གྲྭ་གི་ཉེ་འདབས་ལུ་ རྐྱབ་ཡོད་པའི་ སློབ་ཕྲུག་ཚུ་གི་སྡོད་ཁྱིམ་ཚུ།༽
                                 ༼སློབ་རིམ་དྲུག་པའི་སློབ་ཕྲུག་ཚུ་ སྐྱོར་སྦྱང་འབད་བའི་ མཐོང་སྣང་།༽
སློབ་ཁང་ནང་འབད་བ་ཅིན་ སློབ་རིམ་ལྔ་པའི་ནང་ ཁོང་ཨ་ལོ་བཞི་རང་ཨིནམ་པའི་ཁར་ བློ་གསར་སློབ་རིམ་ནང་ འཛུལ་མི་ཡང་ གྱངས་ཁ་ཆོདཔ་ཅིག་ཨིནམ་པས། ལོ་རྒྱུས་གོ་དོ་བཟུམ་འབད་བ་ཅིན་ སློབ་གྲྭ་འདི་ལུངམ་ཅིག་ནང་དང་ ལམ་ཐག་རིངམོ་ལས་ སྟབས་བདེ་སྒྲིག་བཟོ་ནིའི་དོན་ལུ་ སློབ་གྲྭ་གཞན་ཁར་ བཙུགསཔ་ཨིན་ཟེར་གོ་ཡི། མ་གཞི་ སློབ་གྲྭ་འདི་ནང་ ང་རང་སྡོད་པའི་རིང་ལུ་ སྡོད་ཡི་རང་ སེམས་བང་ཆགས་རུང་ སློབ་གྲྭ་འདི་ནང་ ཉིམ་འདི་ དཔྱལཝ་མཐོངམ་ཅིན་ ལ་མོའི་རྒྱབ་ལུ་ འཛུལ་ནིའི་འགྱོ་ཆས་སྒྲིག་པའི་ ན་ཟུག་འདི་འབདན་ བཟོད་རང་མ་ཚུགས། ཨིན་རུང་ མི་མ་ཤིནི་ཐབས་ཤེས་ལུ་ རྫོགས་ནི་མེད་ཟེར་དོ་བཟུམ་ སློབ་ཀུན་དགའ་ལུ་ཡོད་པའི་ དྲོད་རྫ་རྙིངམ་འདི་ནང་ ཨ་ཞེམོ་ཡེེས་ལས་ མེ་དུང་གཅིག་བཏོགས་ཏེ་ དྲོད་ཏོག་ཏོ་སྦེ་སྡོད་ནིའི་ ཐབས་ཤེས་སྒྲིག་ཅི།

སློབ་གྲྭ་འདི་མཐའ་ཟུར་གྱི་སློབ་གྲྭ་གཅིག་ཨིན་རུང་ འདི་ནང་ སྤྱིར་གཏང་སློབ་གྲྭ་ནང་ དུས་རྒྱུན་དུ་ འབད་སྲོལ་ཡོད་པའི་ དྲོ་པའི་ཐུན་དང་རྒྱལ་པོའི་བརྟན་བཞུགས་ གསལ་བཤད་དང་ ཕྱི་རུའི་ཐུན་ཚུ་ རེའུ་མིག་དང་འཁྲིལ་ གནང་སྲོལ་འདུག།
༼རྒྱལ་པོའི་བརྟན་བཞུགས་ ཚོགས་པའི་མཐོང་སྣང་།༽
དེ་མ་ཚད་ སློབ་གྲྭ་འདི་ནང་ ཆོས་ཚན་རྐྱངམ་ཅིག་གིས་མ་དོ་བར་ ཀུན་ཚང་ཤེས་ཡོན་ འབྲུག་པའི་ལམ་སྲོལ། མི་སྡེ་ཤེས་ཡོན་ཚུ་ཡང་ གོ་བརྡ་སྤྲོད་སྲོལ་ཡོད་པའི་ཁར་ དུས་སྟོན་དང་དུས་ཆེན་ཚུ་ཡང་ སློབ་གྲྭ་གཞན་ཚུ་ནང་ ག་ཨིནམ་སྦེ་ འགོ་འདྲེན་ཐབས་ཏེ་ བརྩི་སྲུང་ཞུ་ནི་ཚུ་ཡོདཔ་ཨིན།
༼སློབ་ཕྲུག་ཚུ་ལུ་ གོམས་འདྲིས་སློབ་སྦྱོང་གནང་པའི་ མཐོང་སྣང་།༽
༼སློབ་གྲྭ་འདི་ནང་ དགའ་སྟོན་ བརྩི་སྲུང་ཞུ་བའི་ པར་རིས་ཚུ།༽
ང་བཅས་སློབ་དཔོན་ཚུ་གིས་ དབྱིན་ལོ་༢༠༢༠ གི་ སློབ་སྟོན་འཆར་གཞི་དང་ལས་སྣ་ཚུ་ག་ར་ བརྩམས་ཚར་ཏེ་ སློབ་སྟོན་འགོ་བཙུགས་མ་ཚུགསཔ་ཅིག་ལས་ ནད་ཡམས་འདི་འགོ་དང་པ་ སྤུ་ན་ཁ་ལུ་ཕྱི་གླིངཔ་གཅིག་ ངོས་འཛིན་འབད་ནི་འགོ་བཙུགས་པའི་ཉིནམ་ལས་ ཡོངས་འབྲེལ་སློབ་སྟོན་ འབད་དེ་སྡོད་པའི་བར་ན་ ངེའི་ཁག་འབགཔ་གི་དུས་ཡུན་འདི་ མཇུག་བསྡུཝ་ལས་ སློབ་ཕྲུག་ཚུ་དང་དངོས་སུ་སྦེ་འཕྱད་མ་ཚུགས་པར་ སློབ་གྲྭ་འདི་ནང་ལས་ དགོངས་ཞུ་འབད་ཡི། 

ཨིན་རུང་ སྐབས་ཅིག་ལས་ ནད་ཡམས་ཞི་བའི་སྐབས་ བྱམས་བརྩེ་ཆེ་བའི་ སློབ་གྲྭའི་སློབ་དབུ་འཛིན་དང་ སློབ་དཔོན་ལས་བྱེདཔ་ དེ་ལས་ དགོན་ཤ་རིའི་ས་གནས་གཞུང་གི་ འགོ་འཁྲིདཔ་དང་ལས་བྱེདཔ་ཡོངས་ཀྱིས་ ཐུགས་སྨོན་དང་བཅས་ ཨྱོན་གུ་རུ་རིན་པོ་ཆེའི་སྐུ་འདྲ་གཅིག་གནང་ཡོདཔ་ཨིན། 
༼དགོན་ཤ་རིའི་སློབ་གྲྭ་དང་ རྒེད་འོག་གི་འགོ་འཁྲིདཔ་ ལས་བྱེདཔ་ཡོངས་ཀྱིས་ གནང་མི་ སྐུ་འདྲ།༽
དེ་བསྒང་ སློབ་དབུ་འཛིན། རྒེད་འོག་གི་ཁྲི་འཛིན་ དེ་ལས་ སློབ་དཔོན་ཡོངས་ཀྱིས་ཧོངས་ལས་ བློ་དམན་རང་ལུ་ བཀའ་སློབ་བཟང་པོ་གནང་པའི་ཁར་ ས་ཕྱོགས་ག་ཏེ་སྡོད་རུང་ བྱ་བ་ལམ་འགྲོ་ལེགས་ཤོམ་འོང་བའི་སྨོན་ལམ་དང་ འཕྲལ་དང་འཕྲལ་རང་ འཕྱད་ཚུགས་པའི་སྨོན་ཚིག་ཚུ་ གསུངས་གནང་ཡོདཔ་ཨིན། དེ་བསྒང་ རང་ལུ་འདི་བཟུམ་ འོས་འབབ་མེད་རུང་ ཐུགས་གཏད་དེ་ བཀའ་སློབ་དང་སྨོན་འདེབས་ཚུ་གསུངས་གནངམ་ད་ རང་ཡང་ གོངམ་བསོད་ནམས་ཅན་དང་ ཐུགས་རིག་མཁས་པའི་ སློབ་དཔོན་རྒས་ཤོས་ཚུ་གི་ ཐུགས་སྨོན་འདི་ས་ཁར་མི་ཤོར་ འདི་རང་གི་དོན་ལུ་ཚོགས་བསག་ནིའི་རྒྱུ་ཅིག་དང་ དམ་ཚིག་གི་ཚུལ་ཅིག་ ཨིནམ་ལས་ དགའ་ཚོར་ཆེ་བའི་ཁར་ ད་ལྟོ་ རྐྱེན་ངན་གང་ཡང་མེད་པར་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ལས་ གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་ མཐར་འཁྱོལ་ཏེ་ ཤེས་རིག་ལས་ཁུངས་ནང་ འཛུལ་ཞུགས་འབད་ཚུགས་མི་དང་ རྫོང་སློབ་འབད་ནིའི་ སྤྲོ་བ་བསྐྱེད་ཚུགས་མི་ཡང་ གནས་སོར་དང་པའི་ སློབ་དཔོན་ཡོངས་ཀྱི་བཀའ་སློབ་དང་ སེམས་ཤུགས་གནང་པའི་ བཀྲིན་ལས་ཨིན་ཟེར་ ཞུ་ནི་དང་འབྲེལ་ སློབ་དཔོན་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་མི་ ངེའི་ཆུང་ཀུ་བསྒང་གི་སློབ་དཔོན་ བཀའ་འགྱུར་དབང་འདུས་ལུ་ཡང་ དད་དམ་ལྷད་མེད་ཀྱི་སྒོ་ལས་ བཀྲིན་ཆེ་ཟེར་ཞུ་ནི་ཨིན།

ང་བཅས་ག་ར་འབད་རུང་ ས་གནས་ག་ཏེ་འགྱོ་དགོ་རུང་ ཚེ་སྔོན་མའི་འཕྲོ་དང་ འཁྲིལ་དགོཔ་ལས་ འདི་ནང་ཡུན་རིངམོ་སྦེ་ འབྲེལ་བ་ཐབས་སྟེ་སྡོད་པ་ཅིན་ སྔོན་མ་ བང་མ་ཆགས་པའི་ས་གནས་ཚུ་ཡང་ རང་འགྱོ་རན་པའི་སྐབས་ རང་གི་ཁག་ཆེ་བའི་ ཅ་དངོས་ཅིག་ལུས་སོངཔ་བཟུམ་གྱི་ ཚོར་སྣང་ཚུ་རང་དབང་མེད་པར་ སེམས་ཁར་འཆར་བའི་སྐབས་ མི་རྟག་པའི་ཆོས་ཀྱི་སྙིང་པོ་ཚུ་ཡང་ དེའི་སྐབས་ ཚར་གཅིག་དྲན་ནི་འདུག དེ་བསྒང་གི་ སློབ་ཕྲུག་དང་བཀྲིན་ཅན་གྱི་མི་ངོམ་ག་ར་ དུས་རྒྱུན་དུ་ ངེའི་སེམས་ཁར་ཡོད་པའི་ཁར་ ལོག་ཡང་ཡང་མཇལ་བའི་ སྨོན་ལམ་དང་གཅིག་ཁར་ བཀྲིན་དགའ་ཚོར་ཕུལཝ་ཨིན།

བཀྲིན་ཆེ་ལགས།

མི་མངམ་གིས་ ལྷག་མི་རྩོམ།

Gaw Chakarla Full Bhutanese Movie HD

𝐀 𝐋𝐨𝐧𝐠 𝐋𝐢𝐟𝐞 𝐏𝐫𝐚𝐲𝐞𝐫 𝐟𝐨𝐫 𝐊𝐲𝐚𝐛𝐣𝐞 𝐑𝐢𝐧𝐩𝐨𝐜𝐡𝐞, 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨 𝐓𝐫𝐮𝐥𝐤𝐮 𝐉𝐢𝐠𝐦𝐞 𝐂𝐡𝐨𝐝𝐫𝐚𝐤.

༄༅། །དཔལ་སྤྲུལ་རིན་པོ་ཆེའི་ཞལ་གདམས་བཞུགས་སོ། །

Chumphu Ney

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

རྗེ་བཙུན་མི་ལའི་ཞལ་གདམས། Advice of Jitsen Melarepa

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།