Skip to main content

དངུལ་ཕོགས་མེད་པའི་ལཱ་གཡོག ག་གིས་འབད་ནི?

 དངུལ་ཕོགས་མེད་པའི་ལཱ་གཡོག ག་གིས་འབད་ནི?

༈ མཐོ་རིམ་ཤེས་ཚད་  མཐར་འཁྱོལ་སྟེ་ སྐུགས་ཚད་རྒྱ་ཆ་ ༧༧.༨༢% འབག་སྟེ་ གཡོག་གི་ས་སྟོང་ཡོད་མི་ནང་ ཡིག་ཆ་ཚར་ ༡༣་ བཙུགས་མི་ལས་ ཚར་༤་གདམ་འཐུ་གྲུབ་སོང་རུང་ ངག་རྒྱུགས་དྲི་བ་དྲི་ལན་ནང་ འཐུས་སྦོམ་སྦེ་ཤོར་སྟེ་ གཡོག་གཅིག་ཡང་མ་འཐོབ་པར་ ས་རང་མེད་རོགས་ཀྱི་གཡུས་ ས་ཐིམ་ཕུག་ཁྲོམ་ཁར་ དབུགས་འགམ་སི་སི་སྦེ་སྡོདཔ་ད་ ཚར་གཅིག་འབདཝ་ད་ ངེའི་གློག་འགྲེམས་ནང་ ཕྱི་རྒྱལ་ཨེ་མི་རི་ཀ་ལུ་ ལཱ་འབད་ནིའི་ ཡིག་ཆ་བཙུགས་མི་ཚུ་ ག་ར་ཚངམ་ལས་ ཡོངས་འབྲེལ་ཟུམ་གྱི་ཐོག་ལས་ ཞལ་འཛོམས་གཅིག་ཡོད། གདམ་འཐུ་གྲུབ་མི་ མི་ངོམ་ག་ར་ རེ་གཟའ་ལྷག་པའི་ དྲོ་པ་ཆུ་ཚོད་༩་ལུ་ ཆད་ལྷག་མེད་པར་ འཛོམས་གནང་ཟེར་ གསང་ཨང་དང་བཅས་ ཡོངས་ཁྱབ་བཀོད་ཁྱབ་མདོ་ཆེན་གྱིས་ བཀོད་དེ་འདུག 

ད་ལྟོ་ཚུན་ཚད་ གཡོག་མ་འཐོབ་པར་ ལུས་མི་འདི་ ངེའི་ལུང་བསྟན་འབྲུག་ལུ་མེན་པར་ བྱ་དཀརཔོ་གུ་ཞོན་ཏེ་ ཕྱི་རྒྱལ་ལུ་ཨིནམ་འོང་ནི་མས་མནོ་སྟེ་ རེ་གཟའ་ལྷག་པ་གི་ཚེ་ ང་ཡང་ཟུམ་ཞལ་འཛོམས་ཀྱི་ ངོ་རྟགས་ཨང་དང་བཅས་ གསང་ཨང་འདི་ཨེབ་སྟེ་ འདི་ནང་འཛུལཝ་ད་ ང་བཅས་གདམ་འཐུ་གྲུབ་མི་ མི་ངོམ་བརྒྱ་ ལྷག་ཅིག་འདུག ཕྱི་རྒྱལ་གྱི་མི་ཚུ་ དུས་ཚོད་འདི་ཁར་ ཀྲིག་ཀྲི་སྦེ་ གནས་དགོཔ་ཅིག་ཨིནམ་པས། འདི་ཡང་ དྲོ་པ་ཆུ་ཚོད་༩་ལུ་ ཡོངས་ཁྱབ་མདོ་ཆེན་གྱིས་ བསུ་བ་དང་བཅས་ ཞལ་འཛོམས་འདི་ འགོ་བཙུགས་གནང་ཡི།

འདི་ནང་ གཡོག་གི་གོ་གནས་ གཡོག་གི་སྒྲིག་གཞི་དང་ བཅའ་ཁྲིམས་ཚུ་གསལ་ཏོག་ཏོ་སྦེ་ མ་སླབ་པའི་ཧེ་མ་ དང་པ་རང་ ལཱ་འབདཝ་ད་  དུས་ཡུན་ཆུ་ཚོད་ ༢༤×༧ འབད་དགོཔ་སྦེ་ཨིནམ་པས། ངལ་གསོ་ཡང་མི་ཐོབ་ གལ་སྲིད་ཐོབ་རུང་ ཚ་གྱང་དང་བཅས་སྡོད་དགོ་པའི་ ལཱ་འགན་ཅིག་ཨིན། དེ་སྦེ་སླབ་ཅིན་ ཕྱི་རྒྱལ་གྱི་ཏི་རུ་ ཌོ་ལར་འཐོབ་ནི་ཡང་ ལཱ་འཇམ་ཤོས་ཅིག་མེནམ་པས་  ལཱ་འདི་ག་ཅི་ཨིན་ན་སྨོ་ཟེར་ མནོ་ཚར་མ་ཚརཝ་ཅིག་ལས་ མི་ངོམ་གཅིག་གིས་ ཟུམ་ནང་ལགཔ་སེང་སྟེ་  ལཱ་འདི་ སེམས་གཡོག་བཀལ་ནི་དང་ ལུས་གཡོག་བཀལ་ཏེ་ འབད་ནི་ལཱ་གཉིས་ལས་ ག་འདི་སྨོ་ཟེར་ དྲི་བའི་ལན་ལུ་ འདི་ གཉིས་ཆ་རང་འབད་དགོ་པའི་ཁར་ དྲན་པ་སྟོན་ཏེ་འབད་དགོ་ ཟེར་སླབ་དེས།

དེ་སྦེ་འབད་བ་ཅིན་ ཟླཝ་གཅིག་གི་དངུལ་ཕོགས་ཡང་ ལོ་ལྔ་ལང་ཚུགས་པའི་ དངུལ་འོང་ཟེར་ མནོ་བསམ་བཏང་ཡི།  ང་ མ་ཚད་ ག་ར་གིས་དེ་སྦེ་རང་ མནོ་སྟེ་སྡོད་སྡོདཔ་འོང་། ཨིན་རུང་ ཧ་ལས་སི་སི་སྦེ་ ལཱ་འདི་འབདཝ་ད་ ཐོབ་ཁུངས་དངུལ་ཕོགས་ཡང་མེད་པའི་ ལོ་རྒྱུས་གོཝ་ཅིན་ ཚར་གཅིག་བགའ་དགོ་ཡང་མནོ་ཡི། ཡིག་ཆ་བཙུགསཔ་ད་ རྩིས་ཁྲ་ཨང་ཡང་ ཨིནམ་ཨིན་རང་འདྲཝ་སྦེ་ བཙུགས་དགོ་ཟེར་འདུག་ འདི་ནང་ ཏི་རུ་ཨ་ཙི་ཡོད་མི་ཡང་ གཡོ་འཕྲུལ་འབད་དེ་ ཡོདཔ་མེད་སར་བཀལ་ནིའི་ བློ་མེན་ན་སྨོ? ཟེར་དོགས་པ་ཡང་བསགས་ཅི། ལཱ་འབད་དེ་ཏི་རུ་འཐོབ་ནི་མེད་མི་འདི་ འགྲོ་བ་མིའི་དབང་ཆ་གི་ལམ་ལུགས་ལས་ཡང་ རྒྱབ་འགལ་བ་འདུག་ཟེར་ ཞུ་དགོཔ་འཐོན་ཡི།

འདི་ནང་ ད་རུང་ མི་ངོམ་གཅིག་གིས་ ལཱ་འདི་འབདཝ་ད་ ཡངན་འཕྲུལ་ཆས་ཡང་ འདི་དང་འདི་ཟེརཝ་ཅིག་མེད་དོ་འོང་ནི་མས་ མི་གིས་འདི་བཟུམ་གྱི་ལཱ་ ངལ་གསོ་མེད་པའི་ཁར་ དངུལ་ཕོགས་ཡང་མེད་པར་ དུས་ཡུན་ཆུ་ཚོད་༢༤×༧ འདི་འབད་ཚུགས་པར་ ལཱ་ཁག་འོང་། ངལ་གསོ་ཐོབ་རུང་ སེམས་ཁར་ཚ་གྱང་དང་བཅས་ སྡོད་དགོཔ་ཨིནམ་ལས་ འདི་བཟུམ་གྱི་ལཱ་འབད་མི་ མི་ཡོད་ཡང་མི་སྲིད་ འབད་ཡང་མི་ཚུགས་ འབད་མི་ཡོད་ག་སྨོ་? ཟེར་དྲིཝ་ད་ འབད་མི་ཡོད་ཟེར་ གསུངས་དེས།

འདི་བཟུམ་གྱི་ལཱ་ དུས་ཡུན་ཆུ་ཚོད་༢༤×༧ ཏི་རུ་གཅིག་ཡང་ ཐོབ་ཁུངས་མེད་པར་ ཉིན་ནུབ་མེད་པར་ ཚ་གྱང་དང་བཅས་ འཕྲུལ་ཆས་བ་ལྷག་སྟེ་འབད་མི་ མིའི་གཟུགས་སུ་སྤྲུལ་མི་ རང་གི་"ཨ་མ"  འདི་ཨིན་ཟེར་ གསུངསམ་ཅིན་ ང་ཡང་ ལྐོདམ་མདུད་ཕོད་བཏབ་སྟེ་ བློ་ཚིག་ཐེངས་གཅིག་ཡང་ སླབ་ནི་མེད་པར་ ང་བཅས་ག་ར་ ཧམ་ཐལ་ཐལ་སྦེ་ལུས་སོང་ཡི།

དེམ་ཅིག་གི་བར་ན་ "འཛམ་གླིང་ཨའི་གི་ཉིནམ་ལུ་བཀྲིས་བདེ་ལེགས།"  ཟེར་ ཨིང་སྐད་ནང་འབྲི་ཡོད་མི་འདི་ གསལ་སྟོན་གནངམ་ད་ རང་ལཱ་གཡོག་འཚོལ་སྡོད་དེ་ ཐ་ན་ རང་གི་ཨའི་དྲན་ནིའི་ དུས་ཚོད་ཡང་མེད་པར་ ལུས་སོང་ནུག དྲིན་ཅན་ཨའི་འདི་ བཀྲིན་ཆེཝ་ཨིནམ་ག་ར་གིས་ཤེས་རུང་ དེ་སྒང་ རང་ལཱ་གཡོག་མེད་པར་ ཐིམ་ཕུག་ལུ་སྤྱང་འཁྱམ་སྟེ་སྡོདཔ་ད་ དྲིན་གཅིག་ཡང་མེད་པའི་ཕྱིའི་མི་གཅིག་ འདི་བཟུམ་གྱི་ལས་རིམ་གཅིག་འགོ་འདྲེན་འཐབ་སྟེ་ རང་གི་ཨའི་དྲན་བཅུགཔ་ད་ ཧེང་སྐལ་རང་ སེམས་ལུ་འཁྲུལ་སྣང་ལང་པའི་ དུས་ཅིག་ཤར་བའི་ཁར་ ཁོ་ལུ་ཡང་ བཀྲིན་བསམ་དགོཔ་བྱུང་ཡི། 

འདི་ནང་ ང་བཅས་བཟུམ་ ལཱ་གཡོག་མེད་པར་སྡོད་མི་ མཉམ་རོགས་ལ་ལུ་ རང་དབང་མེད་པར་ མིག་ལས་མིག་ཆུ་གང་སར་ མཐོང་ཡི། དུས་ཡུན་དུམ་གྲ་ཅིག་གི་རྒྱབ་ལས་ ཡོངས་ཁྱབ་མདོ་ཆེན་འདི་གིས་ ཞལ་འཛོམས་ནང་བཅའ་མར་གཏོགས་པའི་ དགའ་ཚོར་བཟུམ་ཅིག་སྦེ་ དུས་ཡུན་ཆུ་ཚོད་རེ་ལུ་ ཕྱི་རྒྱལ་གྱི་ལུགས་སྲོལ་བཟུམ་ ཡུ་ཨེས་ཌོ་ལར་ $ ༧.༢༥ རྩིས་རྐྱབ་སྟེ་ དུས་ཡུན་ཆུ་ཚོད་༥་གི་གླ་ཆ་ཚུ་ རང་སོའི་རྩིས་ཁྲ་ཨང་ཚུ་ནང་  བཙུགས་གནང་ནུག འདི་གིས་ ཐིམ་ཕུག་ནོར་གླིང་འོག་ཐོག་ལས་ ཡིག་ཆ་འདྲ་སྟོན་ནི་ལུ་ ལྷན་ཐབས་སྦོམ་བྱུང་བ་མ་ཚད་ ཁག་འབག་གི་ལཱ་གཡོག་གཅིག་ཡང་ ཐོབ་ཚུགས་ཏེ་ དགའ་ཚོར་སྦོམ་བྱུང་ཡི།

𑁍 དང་འདོད་བསྐྱེད་དེ་ ལྷག་མི་ཡོངས་ལུ་ བཀྲིན་ཆེ་ལགས་ ལྷག་པར་དུ་ དུས་གསུམ་གྱི་ཨའི་ ག་ར་ལུ་ བཀྲིན་ཆེ།

མི་མངམ་གིས་ ལྷག་མི་རྩོམ།

Gaw Chakarla Full Bhutanese Movie HD

𝐀 𝐋𝐨𝐧𝐠 𝐋𝐢𝐟𝐞 𝐏𝐫𝐚𝐲𝐞𝐫 𝐟𝐨𝐫 𝐊𝐲𝐚𝐛𝐣𝐞 𝐑𝐢𝐧𝐩𝐨𝐜𝐡𝐞, 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨 𝐓𝐫𝐮𝐥𝐤𝐮 𝐉𝐢𝐠𝐦𝐞 𝐂𝐡𝐨𝐝𝐫𝐚𝐤.

Chumphu Ney

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

རྗེ་བཙུན་མི་ལའི་ཞལ་གདམས། Advice of Jitsen Melarepa

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།