Skip to main content

སློབ་སྟོན་འབདཝ་ད་ ཕར་ཕྱིན་དྲུག་ཚང་ཚུལ།

 ང་བཅས་བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་གནང་སྟེ་ འཛམ་བུ་གླིང་ལུ་གྱི་འགྲོ་བ་སེམས་ཅན་ཚུ་གི་ ཐར་པའི་ལམ་སྟོན་པ་དང་ ག་དང་ཡང་མ་འདྲ་བའི་ མཆོག་ཏུ་འགྱུར་པའི་ སྐྱེས་བུ་དམ་པ་གཅིག་ཨིན། དེ་འབདཝ་ལས་ ལམ་བདེན་པ་བཞི་དང་ ཕར་ཕྱིན་དྲུག་ ཡང་དག་པ་སྦེ་ ཉམས་སུ་བླངས་སྟེ་ ཐར་པའི་གོ་འཕང་ཐོབ་པའི་ ཡ་མཚན་ཆེ་བའི་ ལོ་རྒྱུས་ལེ་ཤ་ཡོདཔ་ཨིན། ཕར་ཕྱིན་དྲུག་ཟེརཝ་ད་ གཞི་གཅིག་ལས་ གཞི་གཞན་གཅིག་ནང་ ཡང་དག་ཏོག་ཏོ་སྦེ་ ལྷོད་ཚུགས་མི་ལུ་ ཕ་རོལ་ཏུ་ཕྱིན་པ་ཟེར་སླབ་ཡོདཔ་ཨིན། ཕར་ཕྱིན་དྲུག་གི་ གོ་དོན་དང་ ཕར་ཕྱིན་ལྔ་འདི་ ཤེས་རབ་ནང་བསྡུ་ཚུལ་ དེ་ལས་ སློབ་སྟོན་ནང་་ ཕར་ཕྱིན་དྲུག་ཚང་བའི་ཚུལ་ ག་དེ་སྦེ་ཨིན་ན་ ཞུ་ནི་ཨིན།
 
དང་པ་ཕར་ཕྱིན་དྲུག་གི་གོ་དོན་ མདོར་བསྡུ་ཞུ་བ་ཅིན་ སྦྱིན་པ་ཟེར་མི་འདི་ གཏོང་བའི་སེམས་དང་བཅས་ ལན་དང་རྣམ་སྨིན་མེད་པའི་སྒོ་ལས་ གཞན་ལུ་བྱིན་པའི་དོན་ཨིན། ཚུལ་ཁྲིམས་ཟེར་མི་འདི་ ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་་ མཐུན་ཕྱོགས་ཉམས་སུ་ལེན་མི་ལུ་སླབ་ཨིན། བཟོད་པ་ཟེར་མི་འདི་ རང་ལུ་མི་གཞན་གྱི་གནོད་པ་འབད་མི་ལུ་ གནོད་ལན་མ་འཇལ་བར་སྡོད་ཚུགས་པའི་སྤྱོད་པ་ཡང་དག་པ་དང་། བརྩོན་འགྲུས་ཟེར་མི་འདི་ བརྩོན་གང་དགེ་བའི་ལཱ་ལུ་སྤྲོ་བ་བསྐྱེད་མི་དང་ སེམས་ཤུགས་ཡོད་པའི་ དོན་ཨིན། བསམ་གཏན་ཟེར་མི་འདི་ སེམས་མ་གཡེང་བར་ དམིགས་པ་རྩེ་གཅིག་ཏུ་ གནས་པའི་སེམས་བྱུང་ཅིག་ལུ་སླབ་ཨིན། དེ་ལས་ཤེས་རབ་ཟེར་མི་འདི་ དངོས་པོ་རྣམས་ཀྱི་ སྐྱོན་དང་ཡོན་ཏན་སོ་སོ་སྦེ་ རྣམ་པར་འབྱེད་ཚུགས་པའི་རིག་པ་ཅིག་ལུ་ གོ་ནི་ཨིན།
སྦྱིན་པ་ལས་བསམ་གཏན་ཚུན་ ཤེས་རབ་ལུ་བསྡུ་ཚུལ་འདི་ཡང་ ཆོས་རྣམས་རབ་ཏུ་ རྣམ་པར་དབྱེ་ཤེས་པའི་ རིག་པ་ ཤེས་རབ་འདི་མེད་པ་ཅིན་ ཕར་ཕྱིན་ལྔ་ཡང་དག་ཏོག་ཏོ་སྦེ་ གྲུབ་མི་ཚུགས།
དེ་ཡང་ རྒྱལ་སྲས་ལག་ལེན་ལས་ ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས།། རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པས།། ཐབས་དང་ལྡན་ཞིང་འཁོར་གསུམ་མི་རྟོག་པའི།། ཤེས་རབ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།། ཟེར་གསུངས་དོ་བཟུམ་ རྒྱུ་ཤེས་རབ་འདི་མེན་པ་ཅིན་ བུམ་པའི་གཤམ་ལུ་ དོང་ཡོད་དོ་བཟུམ་སྦེ་ ཕར་ཕྱིན་ལྔ་ ག་དེ་སྦེ་གྲུབ་རུང་ ཡང་དག་ཏོག་ཏོ་སྦེ་ མཐར་ཕྱིན་མ་ཚུགས་པའི་རྐྱེན་ཡོད། ཐབས་མཁས་པའི་ཤེས་རབ་ལུ་ འཁོར་གསུམ་དམིགས་པ་དང་བཅས་ ག་ར་མེདཔ་ལས་ སྦྱིན་པ་ལས་བསམ་གཏན་ཚུན་ གཙོ་བོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལུ་བསྡུཝ་ཨིན།
 
 
རྒྱས་སྲས་ལག་ལེན་ནང་ལས་ བྱང་ཆུབ་འདོད་པས་ལུས་ཀྱང་གཏོང་དགོས་ན།། ཕྱི་རོལ་དངོས་པོ་རྣམས་ལ་སྨོས་ཅི་དགོས།། དེ་ཕྱིར་ལན་དང་རྣམ་སྨིན་མི་རེ་བའི།། སྦྱིན་པ་གཏོང་བ་རྒྱལ་སྲས་ལག་ལེན་ཡིན།། ཟེར་གསུངས་དོ་བཟུམ་ རང་གིས་སློབ་ཕྲུག་ཚུ་ལུ་ བྱམས་པ་དང་རྩེ་བའི་སྒོ་ལས་ རང་གི་བུ་གཞི་བཟུམ་ གཅེས་སྐྱོང་འབད་དེ་ ཆོས་ཡོན་ཏན་སྟོནམ་ད་ ལན་དང་རྣམ་སྨིན་ མེད་པའི་སྒོ་ལས་ དཔེ་ཆ་སྟོན་པ་ཅིན་ དམ་པའི་ཆོས་ཀྱི་སྦྱིན་པ་ཡང་འདི་ཨིན།
 
 
བཤེས་སྤྲིངས་ལས་ ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞན་དུ།། ཡོན་ཏན་ཀུན་གྱི་གཞི་རྟེན་ལག་པར་གསུངས།། ཟེར་དོ་བཟུམ་ འབྲུག་གཞུང་གི་ཤེས་རིག་གི་ སྒྲིག་གཞི་དང་བཅའ་ཁྲིམས་དང་འཁྲུལ་ དཔེ་ཆ་སྟོན་དགོཔ་དང་ བྱ་བ་སྤྱོད་ལམ་ཚུ་ཡང་ མི་གཞན་གྱི་གདོང་ཁར་ ཟབ་ཏོག་ཏོ་དང་ ཚུལ་བཞིན་དུ་སྦེ་ སློབ་སྟོན་འབད་དགོཔ་ཨིན། དེ་མ་ཚད་ རང་གི་སློབ་ཕྲུག་ཚུ་འབད་རུང་ ཕམ་བཟང་པོའི་བུ་གཞི།། སློབ་དཔོན་མཁས་པའི་སློབ་ཕྲུག། ཟེར་ སྒྲིག་ལུ་གནས་སྟེ་སྡོད་དགོ་པའི་ཁར་ སྒྲིག་ལམ་ཆོས་གསུམ་ཡང་དགོཔ་ཨིན། 
 
སློབ་ཕྲུག་ཚུ་ལུ་དཔེ་ཆ་སྟོན་པའི་ཚེ་ བཟོད་པའི་ཐགཔ་འདི་ རིངམོ་སྦེ་བཞག་སྟེ་སྟོན་དགོཔ་དང་ ཨ་ལོ་ཚུ་གི་རིག་པའི་སྤུད་ཚད་ལུ་བལྟ་སྟེ་རྩིགཔ་ཟ་ནི་དང་ ནམ་རང་འབད་རུང་དྲི་བ་བཀོདཔ་ད་ རང་གིས་རྩིགཔ་ཟ་ནི་ཚུ་སྤང་སྟེ་ ལེགས་རུང་མ་ལེགས་རུང་ ཧན་རུང་མ་ཧན་རུང་ བཟོད་པ་སྒོམ་སྟེ་ ཕྱག་ཞུ་དགོཔ་ཨིན།
 
 
དཔེ་ཆ་སྟོན་པའི་ཚེ་ རང་ཡང་བརྩོན་འགྲུས་བསྐྱེད་དེ་ སློབ་སྟོན་འབད་དགོ་པའི་ཁར་ རང་ལུ་མེད་མི་འདི་ གཞན་ལུ་བྱིན་མ་ཚུགསཔ་བཟུམ་དང་ དཔེ་ཆ་སྟོན་ནི་བ་ལྷག་ རང་ཡང་སློབ་སྦྱོང་འབད་དགོཔ་ཨིནམ་འདི་ སེམས་ཁར་ངེས་ཏེ་ ལཱ་འབད་དགོཔ་ཨིན། བརྩོན་འགྲུས་ཅན་གྱི་མི་གིས་ རི་ཡང་ཐལ་བ་བརླག་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ སློབ་དཔོན་དང་སློབ་ཕྲུག་གཉིས་ཆ་རང་ ཆོས་བལྟ་བའི་ནམ་དུས་ལུ་ བརྩོན་འགྲུས་བསྐྱེད་དགོཔ་ཨིན།
 
 
དཔེ་ཆ་སྟོན་པའི་སྐབས་ རང་དང་སློབ་ཕྲུག་གཉིས་ སེམས་ཉོན་མོངས་པའི་དབང་དུ་ཐལ་ཏེ་ ཕྱིའི་ཡུལ་ལུ་སེམས་བག་གཡེང་ མ་ཤོར་བར་ དམིགས་པ་རྩེ་གཅིག་ཏུ་བསྐྱེད་དེ་ སློབ་སྟོན་གནང་དགོཔ་ཨིན། སེམས་ཕྱིའི་ཡུལ་ལུ་གཡེང་པ་ཅིན་ རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན།། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན།། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན།། ཟེར་ སྣོད་ཀྱི་སྐྱོན་གསུམ་གྱི་དབང་དུ་ཐལ་བ་ཅིན་ ཆོས་སྦྱངས་མི་ཚུགས་ལས་ སེམས་མ་གཡེང་པར་ སློབ་སྦྱོང་འབད་དགོཔ་ཨིན།
 
 
ང་བཅས་ཀྱིས་ ལཱ་བཟང་ངན་ག་ཅི་ཨིན་ན་ དབྱེ་བ་ཕྱེ་སྟེ་ སློབ་སྟོན་འབད་དགོ་པའི་ཁར་ སྤྱོད་འཇུག་ལས་ ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང་།། ཟེར་གསུངས་དོ་བཟུམ་ ཨ་ལོ་ཚུ་ མ་རིག་པའི་གཉིད་ཐུགས་པོ་ལས་ སངས་ཐབས་ལུ་ ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་དབྱངས་དང་འདྲཝ་སྦེ་ གནང་མ་ཚུགས་རུང་ རང་ལུ་དགོཔ་ཁག་ཆེ་བའི་ རིག་པའི་ས་བོན་ བཟང་ཤོས་ཅིག་ ཨ་ལོ་ཚུ་གི་ ཁོག་པའི་ནང་ རྩིས་སྤྲོད་དགོཔ་ཨིན།
 

མི་མངམ་གིས་ ལྷག་མི་རྩོམ།

སྨོན་ལམ་ ༡༠༨ །

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

Ticking Toward Triumph: A Tale of Timely Kindness

འབྲུག་རྒྱལ་བཞི་པ་མཆོག་ལུ་བསྟོད་དབྱངས་སྙིང་བསྡུས།

བར་དོའི་སྨོན་ལམ།

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

Code of Conduct for Teachers

🍂History of Gomphu Kora in Tashi Yangtse District, under Tongjang Gewog.

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།