Skip to main content

མི་རྟག་པའི་སྐྱོ་གཏམ། - བླ་མ་གུ་རུ་མཁྱེན་བརྩེ་འོད་ཟེར།

 མི་རྟག་པའི་སྐྱོ་གཏམ།





 ༈ དུས་རྒྱུན་ཆད་མེད་པར་ འཛམ་བུ་གླིང་ནང་སྡོད་ནི་གི་ རང་དབང་རྩ་དང་སྤུ་ལས་མེད། མི་རྟག་པ་འདི་ ལེགས་ཤོམ་འབད་ཧ་གོ་དགོཔ་ཨིན། མི་རྟག་པ་ཧ་གོ་བ་ཅིན་ ཆོས་འབད་ནི་ལུ་སྤྲོ་བ་འོང་། ཆོས་ལུ་འཛུལ་ནི་ལུ་སྤྲོ་བ་འོང་། ཆོས་ཡང་མགྱོགས་པར་མགྱོགས་པར་འབད་འོང་། སྟོང་པ་ཉིད་ཀྱི་དོན་འཐོབ། སངས་རྒྱས་ཀྱི་གོ་འཕང་ཡང་མགྱོགས་པར་འཐོབ། འ་ནཱི་མི་རྟག་པ་འདི་ དཔེར་ན་གླངམོ་ཆེ་གི་རྐང་རྗེས་གཅིག་ལུ་ སེམས་ཅན་ག་ར་གྱི་རྐང་རྗེས་ཚང་ཟེར་ མི་རྟག་པ་ལོག་ཅི་ལོག་ཅི་དཔྱད་རིག་བཏང་ཚུགས་པ་ཅིན་ སངྱས་ཀྱི་སྒོམ་ཉམས་ལེན་ཚུ་ ག་ར་འདི་ན་ལུ་ཚང་ཟེར་གསུངས་ནུག 

འཁྲབ་སྟོན་སྟོན་སའི་ས་སྒོ་ནང་ལུ་ ལ་ལུ་དཔོན་བཟོ། ལ་ལུ་བློན་པོ་བཟོ། ལ་ལུ་མི་སེར་བཟོ། ལ་ལུ་མཉམ་ཆུང་བཟོ། ལ་ལུ་ཕྱག་ཞུ་མི་སྦེ་བཟོ་དེ་སྡོད་བའི། དེ་ཡང་ འཁྲབ་སྟོན་འདི་ མཇུག་བསྡུ་བའི་བསྒང་ལསན་ ད་རུང་རང་ རང་ར་སོ་སོའི་བགོ་ལ་འདི་ཚུ་ སོར་སྦེ་ རང་གི་ཁྱིམ་ནང་ལུ་འགྱོ་དགོཔ་ཨིན། དཔེ་འ་ནཱི་བཟུམ་སྦེ་ ད་རེས་ང་བཅས་འདི་ཚུ་ཡང་ ལ་ལུ་ཕོ་སྐྱེས་ཨིན། ལ་ལུ་ཨམ་སྲུ་ཨིན། ལ་ལུ་བུམ་ཐང་ལས་ཨིན། ལ་ལུ་སྤ་རོ་ལས་ཨིན། ལ་ལུ་གཞལམ་སྒང་ལས་ཨིན། ལ་ལུ་ཤར་ཕྱོགས་ལས་ཨིན་ཟེར་ མ་འདྲཝ་མ་འདྲཝ་གི་གཡུས་ཁར་ལུ་སྐྱེ། ལ་ལུ་ཕོ་སྐྱེས་དང་ཨམ་སྲུ། ལ་ལུ་སྦོམ་དང་ཆུང་ཀུ། ལུ་ཤ་གནགཔོ་དང་ཤ་དཀརཔོ་ཟེར་ དེ་སྦེ་སྐྱེཝ་མ་གཏོགས་ མགྱོགས་པར་རང་ ང་བཅས་ཚུ་ཡང་ཤི་སྟེ་འབད་ རང་རང་སོ་སོའི་ལས་དང་འཁྲིལ་ དེ་སྦེ་འགྱོ་དགོཔ་ཨིན། འཕྲལ་འཕྲལ་སྐབས་ ང་བཅས་རང་ཉལ་བའི་སྐབས་ལུ་ གཉིད་ལམ་གནམ་མེད་ས་མེད་ ལེགས་ཤོམ་མཐོང་། གཉིད་ལམ་ནང་ལུ་ དཔོན་ཨིན། ལ་ལུ་དྲག་ཤོས་ཨིན། དབང་ཚད་ཡོད་པའི་མི་སྦེ་འཐོངམ་ཨིན་པས། 

དུས་ནངས་པ་དྲོ་པ་ ང་བཅས་གཉིད་ཚོར་སྟེ་ གནམ་ལང་བའི་བསྒང་ལསན་ གཉིད་ལམ་ནང་མཐོང་མིའི་ དཔོན་གྱི་རྒྱུ་ནོར་ལོངས་སྤྱོད་འདི་ཚུ་ ཤི་ཀེ་རེ་བཅུ་གཅིག་ཡང་ འབག་ནི་མེད་པར་ རང་རྐྱངམ་ཅིག་ མལ་ཆ་འདི་ནང་ལས་ལོངམ་ཨིན། དཔེ་ཨ་ནཱི་བཟུམ་སྦེ་རང་ཨིན་ ད་རེས་ཀྱི་མི་ཚེ་འདི་ནང་ལུ་ ག་ཅི་མ་ཚད་ ག་ནི་ཡོད་དེ་འབད་རུང་ རྟག་པ་བརྟན་པ་ཆུང་ཀུ་ཅིག་ཡང་མེད།   གཉེན་དང་གྲོགས་ལ་སོགས་པ་ འགོ་དང་པ་ཕྱད་བའི་བསྒང་ལུ་ དགའ་དགའ་རང་འདྲ་ བལྟ་བའི་མིག་གཞི་མཐུན། མནོ་བའི་དོན་ཧིང་འདི་ཚུ་མཐུན་ཏེ་འབད་ མི་འདི་མེད་པ་ཅིན་ ཟ་བའི་ཟས་ལུ་བཅུད་མེད་དོ་བཟུམ་སྦེ་ ཉལ་བ་ལུ་གཉིད་མེད་དོ་བཟུམ་སྦེ་ མནོ་བསམ་བཏང་། དེ་ལས་ཅིག་ཁར་བསྡོམས་ གཉེན་འབད་བསྡོམས། དེ་ལས་བུ་གཞི་གསོ། ལོ་དག་པ་ཅིག་ཐལ། བར་ན་བུ་གཞི་དག་པ་ཅིག་ཚུད་འབད་བའི་བསྒང་ལསན་ གཅིག་གིས་སླབ་མི་བློ་འདི་ གཅིག་གི་ཉན་ཁུག་མ་བཏབ། གཅིག་གིས་སླབ་མི་བསྟུན་གྲོས་འདི་ གཅིག་གི་སེམས་ཁར་ལུ་མ་ཚུད་ གཅིག་གིས་ཤར་ལུ་འགྱོ་གེ་ཟེར་ གཅིག་གིས་ནུབ་ལུ་འགྱོ་གེ་ཟེར། འ་ནཱི་བཟུམ་འབད་དེ་སྦེ་ མ་པ་ལས་རང་སྒྲིག་མ་ཚུགས་པར་ དཔྱལཝ་ཨོ་ཀྲོ་བཙུམ་ ཁ་བྱལ་གེ་ཟེརན་སྟབས་མ་བདེ་ གཅིག་ཁར་སྡོད་གེ་ཟེརན་སྟབས་མ་བདེ། ལོ་གཅིག་ལུ་ཟླཝ་བཅུ་གཉིས་ཡོད། ཟླཝ་གཅིག་གཉིས་དེ་ཅིག་ཧ་ཧ་ཧི་ཧི་སྡོད་པ་ཅིན་ ཟླཝ་དགུ་བཅུ་ཐམ་དེ་ཅི་གནག་ལོང་ལོ་སྦེ་ དཔྱལཝ་ཨོ་ཀྲོ་བཙུམ་འབད་མི་ཚེ་འདི་མཇུག་བསྡུ་ཡི།  ཨིན་ན་མེན་ན་ ང་བཅས་གཉེན་རྐྱབ་ཚར་མི་ མི་འདི་ཚུ་གྱིས་ཤེས། གཉེན་མ་རྐྱབ་མི་ཚུ་ཡང་བསྒུག་ད་ལྟོ། འཐོན་འོང་ཁྱོད་རང་གི་སྐལཝ་མགྱོགས་པར་རང་འཐོན་འོང་ ལཱ་འདི་ཚུ་ ལྟདམོ་ཆེ་དྲགས་སྦེ་ཡོདཔ་ཨིན། འ་ནཱི་བཟུམ་སྦེ་ ག་ར་མི་རྟག་པའི་རང་བཞིན་ཨིན་ རྟག་པ་བརྟན་པ་ག་ནི་ཡང་མེད། 

དེ་བསྒང་ ང་བཅས་ར་ཆུང་ཀུ་སྦེ་སྡོད་ ཨ་པ་དང་ཨའི་གྱིས་སྐྱེས་ཏེ་ ཕང་མར་བཏབ་དེ་སྦེ་ གོབ་དེ་འགྱོ། ཧ་ལམ་ཅིག་ལས་ རྐངམ་གྱིས་ཨ་ཙི་རེ་ལམ་འགྱོ་ཚུགས་སྦེ་ ཆུང་ཀུ་སྦེ་སྡོདཔ་ད་ལུ་ ཕམ་གྱིས་ང་བཅས་ལུ་ག་དེམ་ཅིག་ གཅེས་གཅེས་ཕངས་ཕངས་འབད་འབདཝ་འོང་སྨོ། ཡོད་མི་འདི་ཚུ་སྨན་ cream དབུར། མེད་མི་འདི་ཚུ་ ནོར་གྱི་མར་དང་ཨོམ་ཚུ་དབུར་དེ་གྱིས་འབད། གཅེས་གཅེས་ཕངས་ཕངས་འབད་དེ་ཀྱིས་སྦེ། ཕམ་ཁོང་རང་ཟ་ནི་མེད་འཐུང་ནི་མེད་དེ་འབད་རུང་ཡང་ ང་བཅས་ལྟོགསཔ་ལུས་མ་བཅུག་ སྒྱེན་མོ་ལུས་མ་བཅུག་ རོགས་ཀྱི་གདོང་ཁར་ལུ་སྟོན་བཏུབ་པའི་ཀྱི་ཟས་ སྟོན་བཏུབ་པའི་བགོ་ལ་གྱོན་ཏེ་འབད་ ང་བཅས་ལུ་ཤ་ཚ་ཧིང་ཚ་འབད་ད་ནུག ད་སྦོམ་འགྱོ་ཡི་འགྱོ་ཡི་ ཉིནམ་གཅིག་བ་ཉིནམ་གཅིག་ དེ་ལས་ཚདཔ་ལེ་ཤ་འཐོན་ གདོང་ཉིམ་ན་སྟོན་ དེ་ལས་ གདོང་སྨན་ཀི་རིམ་དབུར་དེ་འབད་རུང་ དཀརཔོ་འགྱོ་ནི་མེད། གནག་ཏང་ཏ་ཐལ། གདོང་ཁར་གཉེར་མ་གིས་གང་། མགུ་ཏོ་སྐྱ་ཕུད་དོ་རེ་རེ་གཉིས་གཉིས་ དཀརཔོ་ཐལ་ནི་འགོ་བཙུགས་དོ་མེན་ན། འ་ནི་བཟུམ་སྦེ་ དེ་ཚུ་ཡང་ཐམས་ཅད་མི་རྟག་པའི་རང་བཞིན་ཨིན། དུས་རྒྱུན་ཆད་མེད་པར་ བདེ་བའི་སྡོདཔ་རྩ་ད་སྤུ་ལས་མེད། འ་ནི་བཟུམ་སྦེ་ རྟག་པ་དང་བརྟན་པ་ཆུང་ཀུ་ཅིག་ཡང་མེད་སྨ་རེད། 

གནམ་དང་དུས་བཞི་ཡང་མི་རྟག་པའི་རང་བཞིན་ཨིན། གནམ་བྱཱར་འཐོན་པའི་སྐབས་ལུ་ སྒོ་སྒྲིག་ནང་ལས་ཕར་ཕྱི་ཁར་འཐོན་བལྟ་ཞིག ཕྱི་ཁར་ལུ་སྤང་དང་ནགས་ཚལ་འདི་ཚུ་ ཧོ་ལྡེམ་ལྡེམ་བཏང་། དེ་ལས་མེ་ཏོག་འདི་ཚུ་ཤར། གསེར་སྦྱངམ་འདི་ཚུ་འཕུར། བྱ་དང་བྱི་ཅུང་གིས་སྐད་ག་ནི་བ་ཧན་པར་ལུ་རྐྱབ། ཆུ་འདི་ཚུ་ཡང་དུས་རྩི་བཟུམ་སྦེ་འབབ་སྟེ་ དགའ་ཏོག་ཏོ་སྦེ་ དེ་འབད་སྡོད་བའི། དེ་ལས་ གནམ་དགུན་རན་པའི་སྒང་ལས་ སྟེ་ང་བཅས་ཀྱིས་ སྒོ་སྒྲིག་ནང་ལས་ཕར་ཕྱི་ཁར་བལྟ་ཞིག ས་འདི་ཚུ་ཡང་ག་ར་རྡོ་བཟུམ་ཅིག་ལུ་སྒྱུར། ཤིང་དང་ནགས་ཚལ་ཚུ་ཡང་ལེགས་ཤོམ་སྦེ་མཐོང་ནི་མེད། མེ་ཏོག་ཡང་ཕུད་རྡོག་ཅིག་ཡང་མཐོང་ནི་མེད། གསེར་སྦྱངམ་འཕུར་སར་ཡང་ཕུད་རྡོག་ཅིག་ཡང་མཐོང་ནི་མེད། ཆུ་འདི་ཚུ་ཡང་ག་ར་འཁྱེག་ཆགས་ཏེ་འབད་བཞིན་ན་ ག་ནི་ཡང་མེད་པའི་ དེ་སྦེ་ས་ཀྲག་ཀོ་ཀྲག་མཐོང་ཨིན། དེ་ཚུ་ཡང་ག་ར་མི་རྟག་པའི་རང་བཞིན་ཨིན་མས། 

ང་བཅས་ཚུ་ཡང་ ལ་ལུ་ཅིག་མིག་ཏོ་གིས་མ་མཐོང་པར་མིག་ཤེལ་བཙུགས་འབད་མི་ཚུ་ ང་བཅས་ཨཔ་དང་ཨའི་གིས་སྐྱེས་བའི་སྐབས་ལུ་ཡང་ དེ་སྦེ་མིག་ཤེལ་བཙུགས་སྟེ་མ་སྐྱེས་ སྐྱེཝ་ཅི་ཡང་མ་བཙུགས། འཇིག་རྟེན་འཛམ་གླིང་ནང་སྡོད་ཡི་སྡོད་ཡི་རང་ རང་གིས་དབང་པོ་ལུ་རྐྱེན་ཕོག་ སྟེ་ད་མིག་ཤེལ་གཅིག་མ་བཙུགས་པ་ཅིན་མགུ་ཁོག་ མགུ་ཏོ་ནཱ་དོ་བཟུམ་སྦེ་འབད་ མིག་ཤེལ་བཙུགས་བའི་བསྒང་ལསན་ ཧིང་སངས་ས་སྦེ་མཐོང་ དེ་སྦེ་འབད་བའི། འ་ནི་བཟུམ་སྦེ་མི་རྟག་པ་རང་བཞིན་ཨིན་ རྟག་པ་དང་བརྟན་པ་ག་ཅི་ཡང་མེད། ད་ལྟོ་ང་ལུ་ཡང་ ཁྱོད་འདི་ཚུ་གྱི་གདོང་ཁར་ལུ་ ད་ང་བླམ་སློབ་དཔོན་གྱིས་ དེ་སྦེ་མིང་ཅིག་བཏགས་ཏེ་འབད་ སྟེ་ང་གིས་ ད་ལྟོ་ནཱ་ལས་མར་ཆོས་གནངམ་མ་གཏོགས་ ངེ་གི་མི་ཚེ་འདི་ནང་ཡང་ མི་རྟག་པའི་རང་བཞིན་ཅིག་ཨིན། 

ཧེ་མ་ཆུང་ཀུ་བསྒང་ལུ་ སྐྱེས་ཏེ་འབད་ལོ་ ༢ ཡང་ལེགས་ཤོམ་སྦེ་ མ་ལངམ་ལས་ ང་རང་གི་ཨའི་གྱོངས། བལྟ་མི་བཅའ་མི་མེད། ཕམ་སྤུན་ཆ་ཚུ་གྱིས་བལྟ་མ་བཏུབ། ལེགས་ཤོམ་སྦེ་འབད་མ་བཏུབ་པར། ནོར་འཚོ་འདི་ཀྱིས་འབད་ལོ་ ༡༥ ཚུན་ཚད་ལུས་སོང་ཡི། ལོ་ ༡༥ གྱི་ཤུལ་ལས་ ང་རང་གི་སློབ་གྲྭ་གི་སློབ་དཔོན་གཅིག་གིས་ སྡི་ཆེ་དེ་དྲེགས་མ་ཚུགས་པར་ ཁྱོད་ཆུང་ཀུ་བསྒང་ལས་དཀརཝ་དེ་འབད་སྤྱད་དོ་སྨོ་ཟེར་ དཔེ་ཆ་ནང་འཛུལ་ཟེར་ འདི་ཀྱིས་འབད་ སློབ་གྲྭ་ནང་བཙུགས་འབྱིན་སྟེ་འབད་དཔེ་ཆ་བལྟ་ སློབ་རིམ་ ༨ པ་དང་ ༩ པ་ནང་ལྷོད་པའི་བསྒང་ལསན་ ངེ་གི་མི་ཚེ་ནང་ ཨང་དང་པ་གཉིས་པ་གསུམ་པ་མ་གཏོགས་ བཞི་པ་ཡང་ནམ་ཡང་མ་འཐོན། ང་ལུ་ འ་ན་ལས་ མི་གིས་མིག་ཏོ་ཚ། ངན་རྐྱབ་སར་ལས་རྐྱབ། དུག་བྱིན་སར་ལས་བྱིན། རྒྱ་གར་གྱི་དཔའ་བོ་སྐྱེལ་སར་ལས་སྐྱེལ་སྦེ་ སྟེ་རོགས་གི་མེདཔ་བཏང་ནི་གིས་དཔའ་བཅམ། དེ་ལས་སླབ་རིམ་ ༡༠ པ་ནང་ ལྷོད་པའི་སྒང་ལསན་ ཟླཝ་ཟླཝ་ ལོ་ལོ་སྦེ་ སློབ་གྲྭ་ནང་འགྱོ་མ་ཚུགས་པར་ནཱ་ཟུག་རྐྱབ། བླམ་སློབ་དཔོན་བསྟེན་ཏེ་འབད་རུང་ཡང་ ཁྱོད་ལུ་ཚེ་མིན་འདུག་ཟེར་ ཁྱོད་མགྱོགས་པར་རང་ བར་ཆད་འོང་ནི་མས་ཟེར་ འ་ནི་བཟུམ་སྦེ་གསུངས་ཏེ་སྦེ་ དེ་ལས་བླ་མ་གྱིས་ཆོས་འབད་བཅུག་ ཧེ་མ་ཆུང་ཀུ་བསྒང་ལུ་ ང་རང་སློབ་གྲྭ་ནང་སྡོད་པའི་སྐབས་ལུ་ རྐངམ་དང་ལགཔ་ཚུ་སྒྲིང་སྒྲིང་ཨིན། 

ཞབས་ཁྲ་འདི་ཚུ་རྐྱབ་ འཁྲབ་སྟོན་འདི་ཚུ་སྟོན་ དེ་ལས་ཕུཊ་བོལ་དང་བས་ཀེཊ་བོལ་ བོ་ལི་བོལ་འདི་ཚུ་རྐྱབ་སྟེ་འབད་ འ་ནེ་སྦེ་དོད་རིལ་རི་འབད་སྡོད་ཡི། སྟེ་འ་ནི་སྦེ་སྡོད་དེ་ དེ་ལས་ཕར་བཀང་ལུང་ལུ་དཔེ་ཆ་བལྟ་སྡོད་དེ་ ལོག་དེ་ངལ་གསོ་ན་འོང་བའི་སྐབས་ལུ་ ང་རའི་བླམ་འདི་ཤུགས་སྦེ་རྙུང་། བླ་མའི་སྐུ་འདུན་བཅར་བའི་བསྒང་ལསན་ ཁྱོད་ཆོས་འབད་ཟེར་སླབ་བའི་སྐབས་ལུ་ཉན་མ་བཏུབ་ཟེར་ ངནི་ཤི་ནི་འབད་དོ་སྨ་རེ་ཟེར་ འ་ནི་བཟུམ་སྦེ་གསུངས་བའི་སྐབས་ལུ་ སེམས་ལུ་འཁྲུལ་བ་དཔག་ཏུ་མེད་པར་འབྱུང་སྟེ་སྦེ་ ད་ང་ཆོས་འབད་བར་འགྱོ་ནི་ཨིན་ཟེར་ འ་ན་ལས་ ང་རའི་བླམ་འདི་བཤགས་ ང་ཆོས་འབད་མཐུན་བཏང་ ལོ་ ༦ དང་ ༧ དེ་ཅིག་ འ་ནེ་སྦེ་འགྱོ་དེ་འབདཝ་ད་ལུན་ དེ་ལས་གནམ་ལོ་ ༢༠༠༥ དེ་ཅིག་ལས་ ང་གིས་ཉལ་ཁྲི་གུ་ལས་རྐངམ་གོམ་ཐེམ་གང་ཡང་སྤོ་མ་ཚུགས་སྦེ་ཡར་སོང་ཡི། 

ད་ལྟོ་ཡང་ གནམ་ཁར་ལས་གནམ་བཀྱག་འབབ་དོ། ས་ཁར་ལས་ས་ཆུ་འཐོན་དོ། ས་ཡུམ་རྐྱབ་དོ། འགུན་དགྲ་འོང་དོ་ཟེར་འབད་རུང་རང་ ང་གི་རྐངམ་གོམ་ཐེངས་གང་ཡང་སྤོ་མི་ཚུགས། ང་རའི་ལགཔ་གིས་ ང་རའི་ཁ་ནང་མི་ལྷོད། ང་ཡང་ཁྱོད་བཟུམ་སྦེ་དོད་རིལ་རི་འབད་སྡོད་སྡོདཔ་ཨིན། རྐངམ་དང་ལགཔ་ མིག་ཏོ་གཟུགས་སྒྲིང་སྒྲིང་སྡོད་སྡོདཔ་ཨིན། འ་ནི་བཟུམ་འགྱོ་འོང་ཟེར་མནོ་བསམ་རང་མ་བཏང་། ཁྱོད་དེ་ཚུ་ཡང་ རྐངམ་ཞརཝ་མི་ཐལ་ མི་ཏོག་ཞརཝ་མི་ཐལ་ རྣམ་ཅོ་བྱ་རྡུགས་མི་ཐལ་ཟེར་ གཏན་གཏན་ཙ་ལས་རང་མེད། 

ད་ལྟོ་ཁྱོད་ལུ་རྐངམ་སྒྲིང་སྒྲིང་འདུག ལགཔ་སྒྲིང་སྒྲིང་འདུག་ གཟུགས་སྒྲིང་སྒྲིང་འདུག་ སེམས་འདིན་འཆོལ་ལོ་ལུ་མ་ཐལ་ སེམས་ཁར་ལུ་འདྲེ་མ་འཛུལ་ ད་ལྟོ་སྒྲིང་སྒྲིང་འབད་འདུག འ་ནི་ཡོད་པའི་སྐབས་ལུ་ རང་གིས་ཁེབ་ས་བཏོན་དགོཔ་ཨིན། ཁེབ་ས་བཏོན་ཏེ་འབད་ རང་གིས་ཆོས་འབད་དགོ་ ཆོས་མ་འབདཝ་འདྲཝ་ཅིག་འབད་བ་ཅིན་ ཉིནམ་ནངས་པར་བཟུམ་ཅིག་ ཁྱོད་རྐངམ་ཞརཝ་འགྱོ་བ་ཅིན་ ག་གིས་བལྟ་འོང་ཁྱོད? ག་གིས་ལེགས་ཤོམ་འབད་བྱིན་འོང་? ག་གིས་སྐྱིད་སྡུག་གཟིགས་ནི? ཨ་ཝ་ག་གིས་འཕྱག་ནི?་ ལྟོ་ག་དེ་འབད་འཐོབ་ནི? ཁྱོད་ཀྱིས་ ཆོས་ག་དེ་སྦེ་འབད་ནི?་ཁྱོད་ཡར་ལོང་ ཕྱག་ཕུད་རྡོག་གསུམ་ ག་དེ་འབད་འཚལ་ནི?

ཆོས་འབད་ནི་ཨིན་པ་ཅིན་ འབད་ནི་གྱི་གོ་སྐབས་ད་ལྟོ་ཨིན། རང་གི་མི་ཚེ་འདི་ནང་ རྟག་པ་བརྟན་པ་མེད། ལ་ལུ་ལམ་འགྱོ་བའི་བར་ན་ཤི་བའི། ལ་ལུ་ཆུང་ཀུ་བསྒང་ལས་སྐྱེཝ་ཅིག་ཤི་བའི། ལ་ལུ་སྐྱེ་དེ་སྦེ་ ཟླཝ་དག་པ་ཅིག་ལས་ ལ་ལུ་གོབ་དེ་འགྱོཝ་ད་ ལ་ལུ་གཞོནམ་སྦེ་སྡོདཔ་ད། ལ་ལུ་རང་གིས་ཤི་ རང་སྲོག་རང་གི་བཅད། ལ་ལུ་ཆུ་གིས་འཕྱག་འབག་ ལ་ལུ་མེ་རྐྱེན་ནང་ཤི། ལ་ལུ་སྣུམ་འཁོར་ནང་འགྱོ་བའི་བར་ན་ལུ་ཤི། ལ་ལུ་རོགས་དང་འཐབ་འཛིན་འབད་དེ་འབད་ཤི། ལ་ལུ་ལྟོ་བཟའ་སྟེ་འབད་ཟས་ཀྱིས་ཕོག་དེ་འབད་ཤི། ལ་ལུ་མལ་ཆ་ནང་ལུ་དྲོ་པར་ལོང་ནི་མེད་པར་སྦེ་ཤི། འ་ནི་བཟུམ་སྦེ་ཤི་ནི་གྱི་རྐྱེན་ལེ་ཤ་ཡོད། སྡོད་ནི་གྱི་རྐྱེན་འདི་ཆུང་ཀུ་ཅིག་ལས་བརྒལ་མིན་འདུག འ་ནི་བཟུམ་སྦེ་ མི་གི་ཚེ་འདི་ དཔེ་ག་ཅི་བཟུམ་ཅིག་ཨིན་ན་ཟེར་བ་ཅིན་ དབང་འདུས་ཕོ་བྲང་གི་ཁྲོམ་གྱི་བར་ན་ལུ་ དཀར་མེ་བཏེག་བཞག་བཞགཔ་བཟུམ་སྦེ་ཨིན། དེ་ནང་ལུ་ཡུདཔ་ཐེངས་ཅིག་རང་ འབརཝ་འབར་སར་སྡོད་འོང་ཟེར་གཏན་གཏན་ག་གིས་ཡང་སླབ་མི་ཚུགས། 

རླུང་མ་འདི་ཤུགས་ཆེ་ནི་འདི་གིས་ དཀར་མེ་འདི་ལུ་སྡོད་པའི་གི་རང་དབང་རྩ་ད་སྤུ་ལས་མེད། ང་མིའི་གཡུས་ཁར་སྐྱེས་དེ་འབད་རུང་ མི་ལུས་རིན་པོ་ཆེ་འཐོབ་ཅིག་ཟེར་ ང་གཡོག་འ་ནེ་བཟུམ་ཅིག་ཡོད་ཟེར་ ང་ཡོན་ཏན་འ་ནེ་བཟུམ་ཅིག་ཡོད་ཟེར་ མི་འདི་གིས་ང་ལུ་བརྩེ་བ་འ་ནེམ་ཅིག་འབད་བའི་ཟེར་ ང་འཇའ་རིསམོ་འདུག་ལོ་ཟེར་ ང་ལེགས་ཤོམ་འདུག་ལོ་ཟེར་ སེམས་ལེགས་ཤོམ་འདུག་ལོ་ཟེར་ ང་ལུ་རྒྱུ་འདུག་ལོ་ཟེར་ ཕྱུགཔོ་འདུག་ལོ་ཟེར་ འ་ནེ་སྦེ་ངལ་རངས་ཏེ་འབད་མ་སྡོད། མི་ཚེ་འདི་སྙིང་པོ་ག་ནི་ཡང་མེད། གཉིད་ལམ་བཟང་པོ་མཐོང་དོ་བཟུམ་ཅིག་ཨིན། གཉིད་ལམ་འདི་ཁར་ལས་གཉིད་འཚོར་བའི་བསྒང་ལསན་ ག་ནི་གིས་ཡང་རང་ལུ་ཕན་ག་ནི་ཡང་མི་ཐོགས། འ་ནི་ཚུ་སེམས་ཁར་བཞག་བཞིན་ན་ལས་ ཡང་དག་པའི་ཆོས་ཅིག་ རང་གིས་འབད་ཚུགས་པ་ཅིན་ ཕན་འདི་དེ་རང་ཆེ་ནི་ཨིན། 

མི་གི་ཚེ་འདི་ཡང་ རྟག་པ་བརྟན་པ་ག་ཅི་ཡང་མེད་ ལུས་ལུ་ཡང་རྟག་པ་བརྟན་པ་མེད། ཚེ་དང་སྲོག་ལུ་ཡང་རྟག་པ་བརྟན་པ་མེད། ནཱ་བདེ་ཆེན་ཆོས་གླིང་ལུ་ ཧེ་མ་དྲགོས་གཅིག་ལུ་ བུ་གནམ་མེད་ས་མེད་ལེགས་ཤོམ་ཅིག་སྡོད་ཡི། འ་ནི་བུ་འདི་ ཕྱི་རུ་ཉལ་ ནངས་པར་དྲོ་པར་ལོངས་པའི་བསྒང་ལསན་ ཆུ་ཚོད་ ༡༡་ལུ་ཡང་ ཨ་ལོ་འདི་ལོང་ནི་མིན་འདུག་ཟེར་ དེ་ལས་ ཕམ་གིས་ག་ཅི་འབད་ཡི་ག་ ཕམ་གིས་་སྒོ་སྒྲིག་ནང་ལས་བལྟ་བའི་སྒང་ལསནི་ མི་མཐོང་པས་ལོ། སྒོ་ག་དེམ་ཅིག་བརྡུང་རུང་ཡང་ ཕྱེ་མི་བཏུབ་པས་ཟེར་ སྒོ་སྤོགས་ཏེ་བལྟའི་བསྒང་ལུ་ ཨ་ལོ་འདི་ཤི་སྟེ་ ཆུ་ཚོད་ ༦ དེ་ཅིག་ཡང་ཡར་སོང་ནུག་ལོ། 

འ་ནི་བཟུམ་སྦེ་ མི་གི་ཚེ་ལུ་རྟག་པ་དང་བརྟན་པ་ག་ནི་མེད་སྨ་རེ། ཁ་ཙ་ཁ་ཉིནམ་ དེ་ལས་ཕར་མེ་འབར་མཚོ་ནང་ལུ་ཡང་ Tourist Guide ལོ་གཞོནམ་འབད་མི་ ལོ་ ༢༥ འབད་མི་གཅིག་ རོགས་ Tourist མི་གཅིག་མར་བུད་འགྱོ་དོ་ཟེར་ བཟུང་པར་འགྱོ་ ཁོ་རང་ཡང་མི་བཟུང་པར་འགྱོ་དོ་ཟེར་ ཁོ་རང་འདི་ནང་བུད་འགྱོ་སྟེ་ རོ་ད་ལྟོ་ཡང་འཚོལ་མ་ཐོབ། འ་ནི་བཟུམ་སྦེ་ མི་རྟག་པའི་རང་བཞིན་ཨིན། རྟག་པ་དང་བརྟན་པ་ཟེར་མི་འདི་ཆུང་ཀུ་ཅིག་ཡང་མེད་ བློ་གཏད་དེ་འབད་མ་སྡོད། ཉིནམ་ནངས་པ་བཟུམ་ཅིག་ལོང་པའི་སྐབས་ལུ་ མིག་ཏོ་ཞརཝ་ཐལ་སོང་པ་ཅིན་ ཆོས་ག་དེ་སྦེ་འབད་ནི? རྣམ་ཅོ་བྱ་རྡུགས་ཐལ་སོང་པ་ཅིན་ ཆོས་ག་དེ་སྦེ་འབད་ནི། རྐངམ་ཞརཝ་འཐལ་སོང་པ་ཅིན་ ཆོས་ག་དེ་སྦེ་འབད་ནི། རོགས་ཀྱི་ངན་རྐྱབ་སྟེ་སེམས་འཆོལ་ལོ་ཐལ་སོང་པ་ཅིན་ ཆོས་ག་དེ་སྦེ་འབད་ནི། འ་ནི་རང་གིས་དྲན་པ་ལེགས་ཤོམ་སྦེ་མནོ་བསམ་བཏང་སྟེ་གིས་འབད་ རང་གིས་སེམས་ཁར་དྲན་པ་བཙུགས་ཏེ་གིས་འབད་ ཆོས་ལུ་དད་པ་མོས་གུས་བསྐྱེད་དགོཔ་ཨིན།

ཧེ་མ་ ང་བཀང་ལུང་ལུ་དཔེ་ཆ་བལྟ་སྡོདཔ་ད་ པདྨ་ཆོས་རྒྱལ་ཟེར་ པདྨ་དགའ་ཚལ་ལས་ཆ་རོགས་གཅིག་སྡོད་ཡི། ཁོ་སློབ་རིམ་ ༡༤ དང་ང་ ༡༣ ནང་འབད་སྡོད་ཡི། ང་ ཞབས་བྲོ་རེ་འཐེན་འབདཝ་ད་ ཁོ་གླིངམ་ཕུ་ སྒྲ་སྙན་བསྐྲོག་མི་ཨིན། གནམ་མེད་ས་མེད་སྒྲ་སྙན་བསྐྲོག་མི་མཁས་མཆོག་ཨིན། འདི་འབདཝ་ད་ ཁོ་གི་མིག་ཏོ་གཉིས་ཀྱིས་ མ་ད་སྤུ་ལས་མི་མཐོང་། སྟེ་ ང་གིས་འ་ནི་ལུ་དྲི་དྲིཝ་ཨིན་ ཁྱོད་ཧེ་མ་ལས་རང་ འ་ནི་འབད་རང་སྐྱེ་སྐྱེཝ་ཨིན་ན་ཟེརཝ་ད་ལུནི་ སྐྱེཝ་ད་དེ་སྦེ་མེན་ སྐྱེཝ་ད་ ང་ཧིང་སངས་ས་སྦེ་ཡོད་ཟེར་ ང་ལོ་བདུན་བརྒྱད་དེ་ཅིག་འགྱོཝ་ད་ལུ་ དེ་ལས་ མར་རི་སེར་བུ་སྨན་ཁང་ནང་ འཛུལ་བའི་བསྒང་ལསན་ དེ་ལས་སྨན་ཁང་ནང་ admit འབད་ ག་དེམ་ཅིག་སྨན་བཅོས་འབད་རུང་རང་མ་དྲག་ ཕྱི་རུ་ཁམས་ཅིག་ལུ་ ཕམ་སྤུན་ཆ་ཚུ་དང་གདོང་སྒོར་རྐྱབ་ དེ་ལས་ དེ་ནང་ལྟོ་ཡང་བཟའ་ དེ་ལས་ཕྱི་རུ་ཉལ་ཏེ་ ནངས་པར་དྲོ་པ་ལོང་བའི་བསྒང་ལསནི་ འཛམ་བུ་གླིང་འདི་ ཁོ་གི་དོན་ལུ་སྒོ་བསྡམ་ཆི་ནུག་ཟེར་ འ་ནཱ་ལས་ཁོ་གིས་དཀརཔོ་ཟེར་མི་འདི་ག་ཅི་ལུ་སླབ་ཨིན་ན་ གནགཔོ་ག་ཅི་ལུ་སླབ་ཨིན་ན་ འཇའ་རིསམོ་ག་ཅི་ལུ་སླབ་ཨིན་ན་ རྩ་ད་སྤུ་ལས་དབྱེ་བ་ཕྱེ་མ་ཚུགས་ཟེར་ དེ་སྦེ་སླབ་དེས། 

དེ་བཟུམ་སྦེ་ ཁྱོད་བཟུམ་སྦེ་སྔོན་འགྲོ་བཏང་མི་ མར་ཆུ་ཁ་གི་མི་སྟོབས་འགོ་དཔོན་ཟེར་ HRO གཅིག་ཡོད། ཁོ་གི་མིང་འདི་ལུ་བསོད་ནམས་རྒྱ་མཚོ་སླབ་ཨིན། ཁོ་ཡང་འ་ནི་བཟུམ་སྦེ་ ལོ་བརྒྱད་དེ་ཅིག་འགྱོཝ་ད་ལུ་ དེ་ལས་མིག་ཏོ་གི་མ་པ་ལས་མ་མཐོང་སྦེ་ཐལ། དེ་ལས་ཁོ་སྔོན་འགྲོ་བཏང་ནི་ཟེར་ འ་ནི་དཔེ་ཆ་འདི་ང་གིས་ པར་བཏབ་སྟེ་འབྱིན་ཡི། དཔེ་ཆ་འདི་ཁོ་རང་ལགཔ་གིས་འབད་ ད་རུང་ལྷབ་ནི་གྱི་དོན་ལུ་ མར་ braille ནང་བྲིས་དགོ འ་ནི་བཟུམ་སྦེ་མར་ཀི་དེབ་ནང་བཟོ་སྟེ་ ལོ་གཅིག་དེ་ཅིག་ཁོ་ལུས་སོང་ཡི། ད་རེས་ཕྱག་འབུམ་འགོ་བཙུགས་ད་ཡི། ཁོ་ཡང་ དཔེ་ཆ་ཕར་ཁ་གླིང་ མུན་གསལ་གླིང་སློབ་གྲྭ་ལས་བལྟ་སྟེ་མཇུག་བསྡུ། སྟེ་ཁ་གླིང་ལུ་བལྟ། བཀང་ལུང་ལུ་བལྟ། RCSC རྐྱབ། དེ་ཡང་ལེགས་ཤོམ་འགྱོ། དེ་ལས་མར་ RIM ལས་འབད་ སྦྱོང་བརྡར་འབད་དེ་ དུས་ཅིག་ལས་འགོ་བཙུགས་ཏེ་ ཁོ་མར་ཆུ་ཁ་རྫོང་ཁག་ནང་ལུ་འབད་ཡོདཔ་ཨིན། 

ཁོ་རང་ཡང་ཆ་རོགས་འདི་ཚུ་གྱིས་ ཁོ་རང་ཁྱིམ་གྱི་སྒོ་ཁ་ཚུན་ཚད་སྐྱེལ། ཁྱིམ་གྱི་སྒོ་ཁ་ལས་ཁོ་རང་ནང་ན་འཛུལ། ཆ་རོགས་འབད་མི་ཡང་ཁོ་ལུ་མེད། ཕྱི་ཁར་ལས་མེ་དཔག་དེ་འབད་རུང་ཁོ་གིས་མི་ཤེས། སྟེ་འ་ནི་བཟུམ་སྦེ་ ཁོ་རང་རྐྱངམ་ཅིག་ ཆ་རོགས་འབད་མི་ཡང་མེད་པར་སྡོད་དེ་ཡོད། འ་ནི་བཟུམ་སྦེ་ ང་བཅས་རང་ད་ལྟོ་ཡང་ མནོ་བསམ་བཏང་བལྟ་དགོ། ང་ཡང་ནངས་པར་དེ་བཟུམ་ཅིག་ མིག་ཏོ་ཞརཝ་ཐལ་བ་ཅིན་ ཆོས་ག་དེ་སྦེ་འབདན་ན་སྨོ་མནོ། ཐ་ལི་ནང་ལྟོ་ཅིག་བཟའ་དེ་འབད་རུང་རང་ ད་རེས་འ་ནི་ཐ་ལི་ནང་ལྟོ་བཟའ་མི་འདི་ ང་གི་མི་ཚེ་འདི་ནང་གི་མཇུག་མེན་ན་སྨོ་ཟེར། ནངས་པར་ཡང་ལྟོ་བཟའ་བའི་དུས་ ཤར་འོང་ག་སྨོ་ཟེར་མནོ་བསམ་བཏང་དགོ སྒོ་བསྡམ་སྟེ་འཐོན་འགྱོ་དེ་འབད་རུང་ ཡ་འ་ནི་ཁྱིམ་འདི་ནང་ལས་ ངེ་མི་ཚེ་འདི་ནང་ མཇུག་སྦེ་འཐོན་འགྱོཝ་མེན་ན་སྨོ་ཟེར་ ནངས་པར་ཡངན་ལྟ་མ་བཟུམ་ཅིག་ དེ་ལས་ལོག་དེ་འབད་ ལྡེག་མི་ཕྱེ་སྟེ་ནང་ན་འཛུལ་བའི་དུས་ཅིག་ཤར་འོང་ག་སྨོ་ཟེར་ ལྟ་མ་ཡིག་ཚང་ནང་ལས་འཐོན་ ལྟ་མ་ཡངན་རང་སློབ་གྲྭ་ནང་ལས་འོང་པའི་བསྒང་ལསན་ ལོག་འོང་བའི་སྐབས་ལུ་ སྣུམ་འཁོར་གི་འཐུ་བཀོ། ཡངན་མི་འཆོལ་ལོ་ཅིག་གིས་བརྫམ་བྱིན་ བསད་བཏང་། 

འ་ནི་བཟུམ་འབད་དེ་སྦེ་ རང་གི་ད་ལྟོ་གཅེས་གཅེས་ཕངས་ཕངས་འབད་དེ་སྦེ་ ཕྱི་དར་དང་གོས་ཆེན་གྱིས་སྤུར་ཏེ་ ནང་ལྟོ་དང་སྤགས་གིས་འཚོ། ཤ་ཁྲག་གི་ཕུང་པོ་འདི་ ཅིག་ལས་བལྟ་བ་ཅིན་ ལྐོད་མའི་ནང་ལས་མར་ཚུན་ཚད་ ཨ་ཝ་གི་ཚང་ཨིན་ཟེར་ འ་ནི་ཨ་ཝ་གི་ཚང་འདི་ལུ་བཟོ་བཟོ། སྨན་དབུར་སར་ལས་དབུར། brush རྐྱབ་སར་ལས་རྐྱབ། ཉིན་ནུབ་མེད་པར་ཁོ་ཆུ་འཁྱུ་ བདག་འཛིན་འབད་དེ་ འབྱུང་ཁུངས་མེད་པར་ལཱ་ལེ་ཤ་ཅིག་འབད་བའི་ང་བཅས་གིས། འ་ནི་ཤ་ཁྲག་གི་ཕུང་པོ་འདི་ ནམ་ཅིག་གིས་ཚེ་ ང་བཅས་ཤི་བའི་བསྒང་ལས་རོ་ཟེར་སླབ་ཨིན། 

རང་ལུ་ཕངམ་བཏབ་མི་གཉེན་དང་གྲོགས་ ཕམ་སྤུན་ཆ་འདི་ཚུ་ཡང་ཁམས་པ་རྐྱབ་འོང་། འདྲོག་འོང་ དེ་བསྒང་ལས་ ཨ་ཛའི་རོ་ཨིན་མས་ ང་ལུ་གྲིབ་ཕོག་འོང་ གདོང་ཁར་རང་སྦྱར་མི་བཏུབ། འ་ནི་ནང་ལས་ ཁ་ཤ་དཀརཔོ་གཅིག་གིས་སྤུར་ ཡོ་ལ་དཀརཔོ་ཅིག་སྤྲིང་། གདོང་ཁར་དཀར་མེ་ཅིག་ཕུལ། ཟས་བསྔོ་འདི་ཚུ་བཀྲམ་ གུར་གནགཔོ་ཅིག་སྤུབས་འབད་ ཁྱིམ་འདི་གི་གདོང་ཁར་ལུ་ སེམས་རང་འཁྲུལ་ལྷང་ལྷང་སྦེ་རོ་འདི་འ་ནེ་སྦེ་བཀོ་བཞག་བའི་བསྒང་ལསན་ རང་གིས་སེམས་ཀྱི་རྣམ་པར་ཤེས་པ་འདི་ རོ་ཁྱི་སྤྱང་ཁྱི་ ཁྲོམ་ཁར་ལས་ཕར་འགྱོ་བའི་ས་སྒོ་མེད་ ཆ་རོགས་འབད་མི་མེད། འབྱིན་མི་གི་ཟས་མེད། བདག་འཛིན་འབད་མི་མེད་པར་ སྤྱང་འཁྱམ་དོ་བཟུམ་སྦེ་ བར་དོ་གི་ཐང་ནང་ལས་ཕར་ བྱ་སྒྲོ་རླུང་གིས་སྟེགས་པ་ལྟ་བུ་ བྱ་གི་སྤུ་གཅིག་རླུང་མ་གི་འཕྱག་འབགཝ་ད་ལུ་ ཁོ་སྡོད་དགོ་འབད་ འ་ན་སྡོད་དགོ་འབད་ཟེར་མནོ་བསམ་བཏང་སྟེ་འབད་རུང་ ཁོ་སྡོད་ནི་གྱིས་དབང་ཚད་ཁོ་ལུ་མེད། འ་ནི་བཟུམ་ཅིག་བར་དོ་གི་ཐང་ནང་ལས་ཕར་ ལས་ཀྱིས་རླུང་འཕུ་ དུས་ཀྱི་ཆརཔ་རྐྱབ་དེ་སྦེ་ རང་རྐྱངམ་གཅིག་དེ་ནང་ གནག་དུང་བའི་ནང་ལས་སྡུག་བསྔལ་གིས་གང་སྟེ་འབད་འགྱོ་དགོ། 

འ་ནི་བཟུམ་མནོ་བསམ་བཏང་དེ་སྦེ་ ད་རེས་རང་གི་གཟུགས་འདི་སྒྲིང་སྒྲིང་ཡོད་ག་ གཟུགས་འདི་བདེ་ཏོག་ཏོ་ཡོདཔ་ ཁེབ་ས་བཏོན་ཞིག། ཕྱག་དང་སྐོར་ར་རྐྱབ་ཞིག མི་མཉམ་ཆུང་ལུ་ཆ་རོགས་འབད་ཞིག ཕམ་ལུ་ཞབས་ཏོག་ཞུ་ཞིག འ་ནི་གྱིས་ཁྱོད་ལུ་ཕན་ཐོགས། ཁྱོད་ཀྱི་ཁ་གིས་ད་ལྟོ་ ཕར་སླབ་རུང་སླབ་ཚུགས། ཉན་རུང་རང་ཉན་ཤེས་པའི་ཁ་འདི་ཧིང་སངས་ས་ཡོདཔ་ད་ ཁེབ་ས་བཏོན་ཤིག ཐུན་འདི་ཚུ་བཏང་། དེ་ལས་སྐྱབས་འགྲོ་འདི་ཚུ་བགྱང་། དཀཽག་ལུ་བསྟོད་པ་འཕུལ། སེམས་ཅན་ལུ་སྙིང་རྗེ་བསྐྱེད། ཁ་ཧོན་ཏོང་ཏོ་འདི་ཚུ་སླབ། ཁྱོད་ཀྱི་སེམས་འདི་ད་ལྟོ་ འཆལ་ལོ་མ་ཐལ་ གླེན་གོ་ཐལ་མ་འབད་བས་ ད་ལྟོ་ཁེབ་ས་བཏོན་ཞིག་ སེམས་འདི་ཀྱིས་འདོད་པ་མོས་གུས་བསྐྱེད། སེམས་ཅན་ཐམས་ཅན་ལུ་སྙིང་རྗེ་བསྐྱེད། འ་ནི་གྱི་ཁྱོད་ལུ་ཕན་ཐོགས་ནི་ཨིན། གཞན་དང་གཞན་མི་ཚུ་གྱིས་ ང་བཅས་ལུ་ཕན་རྩ་ད་སྤུ་ལ་མི་ཐོགས། དྲོ་པ་དཀར་མེ་ཅིག་བཏེག་བཞག་ ཕྱི་རུ་ཡིག་ཚང་ལས་ལོག་པའི་སྒང་ལསན་ དཀར་མེ་འདི་བཤགས་འོང་། བཞེས་ཚར་ཚརཔ་འོང་དཀར་མེ་འདི། དུས་རྒྱུན་ཆད་མེད་པར་འདི་ནང་མི་སྡོད། ཆུ་ཚ་ཏོམ་ཕོརཔ་གང་ རང་གིས་གདོང་ཁར་བཀལ་ཞིག དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ལས་ ཁོད་སི་སི་ཐལ་བའི། མི་རྟག་པའི་རང་བཞིན་ཨིན། རྟག་པ་དང་བརྟན་པ་ག་ཅི་ཡང་མེད། འ་ནི་མི་རྟག་པ་འདི་ ལོག་ཅི་ལོག་ཅི་རང་གི་སེམས་ཁར་དྲན་དགོ་སྨ་རེ། རང་གི་སེམས་ཁར་དྲན་བཞིན་ན་ལས་ ཆོས་རྩ་འགེངས་ཏེ་འབད་དགོ ཆོས་འབད་ནི་ཨིན་ཟེར་ ང་གིས་ཐུན་བཏང་ནི་ཨིན་ ངེ་གི་མི་ཚེ་འདི་འཕྲོག་བརླག་མི་བཏང་མནོ་བའི་མནོ་བསམ་བཏང་དགོཔ་ཨིན། འ་ནི་ཚུ་རེ་རེ་བཞིན་དུ་གིས་སེམས་ཁར་བཞག་དགོཔ་འདི་གནམ་མེད་ས་མེད་ཁག་ཆེ། 

བཀྲིན།

ཡིག་ཐོག་གུ་འཕབ་མི་ བཀྲིས་སྟོབས་རྒྱས།

མི་མངམ་གིས་ ལྷག་མི་རྩོམ།

𝗧𝗿𝗮𝗻𝘀𝗹𝗮𝘁𝗶𝗼𝗻 𝗼𝗳 𝗛𝗶𝘀 𝗠𝗮𝗷𝗲𝘀𝘁𝘆'𝘀 𝗔𝗱𝗱𝗿𝗲𝘀𝘀 𝘁𝗼 𝘁𝗵𝗲 𝗡𝗮𝘁𝗶𝗼𝗻 - 𝗡𝗮𝘁𝗶𝗼𝗻𝗮𝗹 𝗗𝗮𝘆 𝟮𝟬𝟮𝟱

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

𝐀 𝐋𝐨𝐧𝐠 𝐋𝐢𝐟𝐞 𝐏𝐫𝐚𝐲𝐞𝐫 𝐟𝐨𝐫 𝐊𝐲𝐚𝐛𝐣𝐞 𝐑𝐢𝐧𝐩𝐨𝐜𝐡𝐞, 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨 𝐓𝐫𝐮𝐥𝐤𝐮 𝐉𝐢𝐠𝐦𝐞 𝐂𝐡𝐨𝐝𝐫𝐚𝐤.

ཚེ་མཚམས་རིན་པོ་ཆེ། Tsetsam Rinpoche (1922-2008)

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།