རང་དབང་ཞིག་མ་བྱུང་།
སྡོང་པོ་ཡལ་འདབ་མཛེས་པའི་ལྷ་ཤིང་གི་རྩེ་ལ། །
དུས་རྒྱུན་ཆགས་པའི་རེ་སྨོན་རྒྱ་སྟོང་ཞིག་འདེབས་ཀྱང་། །
ལྷ་ཤིང་ཁྱོད་ལ་ཆགས་པའི་ལྷ་བྱ་གཞན་ཡོད་དུས། །
ཆགས་འདོད་ཡོད་ཀྱང་ཆགས་པའི་རང་དབང་ཞིག་མ་བྱུང་། །
སྔོ་ལྗང་ལྡན་པའི་ཉམས་དགའ་སྤང་ཐང་གི་ནང་དུ། །
ཤ་ཝ་ཕོ་མོ་རྟག་པར་དགའ་སྤྲོ་ཡི་ངང་ནས། །
མཉམ་དུ་སྡོད་པའི་རེ་འདོད་ཡིད་ལ་ནི་མངའ་ཡང། །
དགྲ་ངན་ཤ་ཁྱི་བྱུང་དུས་རང་དབང་ཞིག་མ་བྱུང་། །
བཀྲ་མདངས་ལྡན་ཞིང་རོ་མངར་སྦྲང་རྩི་ནི་མངའ་བའི། །
མེ་ཏོག་ཁྱོད་ལ་འཁོར་བའི་བསམ་པ་ཞིག་མངའ་ཡང་། །
ཁྱོད་ལ་འཁོར་བའི་བུང་བ་མང་པོ་ཞིག་ཡོད་པས། །
བུང་བ་རང་ཉིད་འཁོར་བའི་རང་དབང་ཞིག་མ་བྱུང་། །
བཅུ་དྲུག་ལང་ཚོ་ལྡན་ཞིང་བཞིན་རས་ནི་མཛེས་པའི། །
ཡིད་འོང་ཁྱོད་དང་མཉམ་དུ་ཚེ་གཅིག་གི་གྲོགས་སུ། །
བྲལ་མེད་འཛོམས་པའི་བསམ་བློ་གང་མང་ཞིག་བཏང་ཡང་། །
ལས་འཕྲོ་རྫོགས་ཚེ་འཛོམས་པའི་རང་དབང་ཞིག་མ་བྱུང་། །
ལས་ལ་གང་བཀོད་མ་གཏོགས། ། སྣང་བ་གང་ཤར་མིན་འདུག །
བྲིས་མི་་་ཕུརཔ་ཚེ་རིང་།
Comments
Post a Comment