Skip to main content

དཔེ་རོགས་ལུ་བལྟ་སྟེ་རང་མནོ་བསམ་གཏང་དགོ་པའི་གཞི།

དཔེ་རོགས་ལུ་བལྟ་སྟེ་རང་མནོ་བསམ་གཏང་དགོ་པའི་གཞི།


༉ ད་རེས་ནངས་པ་བརྡ་བརྒྱུད་སྤྱིར་བཏང་དང་མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ གནས་ཚུལ་གཙོ་བོ་ཅིག་སྦེ་ཐོན་ཡོད་པའི་ ཕྱི་རྒྱལ་རཱ་ཤི་ཡ་(Russia)དང་ཡུ་ཀེ་རེན་(Ukraine)གཉིས་མ་འཆམས་པར་ དམག་འཁྲུག་ལང་དགོ་པའི་གནད་དོན་ཕྱི་ནང་གསང་གསུམ་སྦེ་ ལེ་ཤ་ཅིག་ཡོད་པའི་ནང་ལས་ ཡུ་ཀེ་རེན་(Ukraine)རྒྱལ་ཁབ་ནང་ ལུ་ཧཱནྶཀ་(Luhansk)དང་ ཌོ་ནེསཀ(Donetsk)ཟེར་མིའི་མངའ་སྡེ་ཁག་གཉིསཔོ་འདི་ ཕུང་གི་གཞི་དང་ཧད་བཏགས་འཚོལ་ས་ངོ་མ་ཅིག་སྦེ་འགྱོ་དགོ་མི་དེ་ཡང་ ཧེ་མ་ལས་མངའ་སྡེ་དེ་གཉིས་ནང་ སྐད་ཡིག་དང་ལམ་སྲོལ་ག་ཅི་འབད་རུང་ རཱ་ཤི་ཡཱན་(Russian)གི་སྐད་ཡིག་དང་ལམ་སྲོལ་ལག་ལེན་འཐབ་སྡོད་པའི་ཁར་ རཱ་ཤི་ཡ་(Russia)ལུ་རྒྱབ་སྐྱོར་འབད་དེ་ ཡུ་ཀེ་རེན་(Ukraine)ཁོང་རའི་རྒྱལ་ཁབ་ལུ་ངོ་རྒོལ་འབད་མི་ཚུ་ཡང་ མངའ་སྡེ་དེ་གཉིས་ནང་ཡོདཔ་ལས་བརྟེན་ཏེ་ཨིན་མས།

དཔེ་དེ་ཚུ་ལུ་བལྟ་སྟེ་ ང་བཅས་རའི་རྒྱལ་ཁབ་འདི་ཡང་ ལྷོ་དང་བྱང་ལུ་རྒྱལ་ཁབ་སྦོམ་སྟོབས་ཤུགས་ཅན་གཉིས་ཀྱི་བར་ན་ཚུད་ཡོད་ནི་འདི་གིས་ ད་ལས་ཕར་དྲན་པ་ཚོར་ཐོག་ལས་ རྒྱལ་ཁམས་མཐའ་དབུས་མེད་པའི་ས་ཁོངས་ནང་བཞུགས་མི་ འབྲུག་མི་ག་ར་གིས་ བློ་མཐུན་སེམས་མཐུན་གྱི་སྒོ་ལས་ རང་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ལག་ལེན་འཐབ། རང་གི་ཆོས་དང་ལམ་སྲོལ་གཙོ་བོར་བཏོན། རང་གི་གྱོན་ཆས་གོ་དང་དཀྱི་ར་ལུ་དང་འདོད་བསྐྱེད་དེ། དུས་དང་རྣམ་པ་ཀུན་ཏུ་ རྒྱལ་ཁབ་གཅིག་ནང་། མི་རིགས་གཅིག་དང་། སྐད་ཡིག་གཅིག ལམ་སྲོལ་གཅིག གྱོན་ཆས་གཅིག མནོ་བསམ་གཏང་ཐངས་གཅིག་སྦེ་ གནས་སྡོད་དགོཔ་འདི་ ག་ནི་བ་ཁག་ཆེ་བས་ཟེར་མནོཝ་མས།

དེའི་ནང་དོན་ཉིད་ལས་ཡང་ འབྲུག་མི་ཀུན་གྱི་ལུས་ངག་ཡིད་གསུམ་ གཅིག་སྒྲིལ་དང་གཅིག་མཐུན་བཟོ་ནིའི་དོན་ལུ་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ ཟ་བའི་ལྟོ་དང་གྱོན་པའི་གོ་བ་ཕངསམ་སྦེ་ ལག་ལེན་འཐབ་དགོཔ་འདི་ གལ་ཆེ་བའི་ནང་ལས་ཆེཝ་སྦེ་མཐོངམ་མས། མ་གཞི་འཛམ་གླིང་རྒྱལ་སྤྱིའི་གནས་སྟངས་དང་ ཡར་རྒྱས་གོང་འཕེལ་གྱི་གནས་ཚད་དང་བསྟུན་ ཨིང་ལིཤ་གི་ཤེས་ཡོན་དང་སྐད་ཡིག་དེ་ཚུ་ཡང་ མེད་ཐབས་མེདཔ་ཅིག་ཨིནམ་འདི་ ཀུན་གྱིས་ཤེས་ས་དང་མཐོང་ས་ཨིན་མས། ཨིན་རུང་རྫོང་ཁ་དང་ཨིང་ལེཤ་གཉིས་ ཟུང་འབྲེལ་གྱི་ལྕོགས་གྲུབ་དང་རིག་རྩལ་ཡར་རྒྱས་གཏང་ཐོག་ལས་ གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་སྦེ་ ལག་ལེན་འཐབ་པ་ཅིན་ རྒྱལ་ཁབ་ཀྱི་རང་བཙན་ཉེན་སྲུང་དང་ འཕྲལ་ཕུགས་གཉིས་ཀྱི་དགོས་དོན་འགྲུབ་ནི་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་འབྱུང་ནི་བཟུམ་ཅིག་མཐོངམ་མས་ཟེར་ཞུ་ནི་ཨིན། 
   -ཀརྨ་རྡོེ། 

Comments

མི་མངམ་གིས་ ལྷག་མི་རྩོམ།

Lungtenzampa or is it because we are Desuup? - Dorji Choden

WORLD WAR II (September 1, 1939, to September 2, 1945)

Save me - Sonam Tenzin(ST)

སྲིད་པ་འཁོར་ལོ།

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།