Skip to main content

ང་འཛོལ་སོང་ནུག་སྨོ?

 ང་འཛོལ་སོང་ནུག་སྨོ?

ས་ཐིམ་ཕུག་འདི་ སྔོན་རྒྱལ་བ་གོང་མིའི་ལུང་བསྟན་དང་ བྱེ་བྲག་ཏུ་ རྗེ་རིན་པོ་ཆེ་ མཁན་ཆེན་བསོད་ནམས་འོད་ཟེར་གྱིས་ ལུང་བསྟན་གནང་དོ་བཟུམ་ འབྲུག་པའི་ལམ་སྲོལ་ལུ་གཞི་བཞག་སྟེ་ རང་ལུགས་ཁྱིམ་གྱི་བཟོ་བཀོད་དང་བཅས་ དམ་པའི་ཆོས་དང་འབྲེལ་བའི་ ཤིང་ཚོན་དང་སྤར་རིས་ཚུ་གིས་རྒྱན་ཏེ་ མཛེས་ཏོག་ཏོ་སྦེ་ཡོད་ཨིན། འདི་ནང་ལས་ཡང་ འབྲུག་གི་རྒྱལ་ས་ལྟེ་བའི་ཁྲོམ་འདི་ ནམ་ཕྱི་རུ་འབད་བ་ཅིན་ ཡར་གནམ་ཁའི་སྐརམ་ ས་ཁར་འབབ་ཡོདཔ་བཟུམ་ ག་ཅི་དེ་ འཇའ་ཆི་ཆི་སྦེ་མཐོངམ་ཨིན། དེ་འབདཝ་ལས་ རྫོང་ཁག་ཁལ་གཅིག་གི་ མི་སེར་ཆེ་འབྲིང་ཆུང་གསུམ་ འདི་ཁར་སྤུང་ཡོདཔ་ལས་ ལྟབས་བདེ་སྡུག་གི་ལོ་རྒྱུས་ཞུ་བ་ཅིན་ ཞུ་ཡང་མི་ཚར་ དེ་མ་ཚད་ མི་རེ་རེ་ལུ་ དགའ་བ་དང་སྐྱོ་བའི་  ལོ་རྒྱུས་རེ་རེ་འབག་ཏེ་ཡོདཔ་ཨིནམ་ ང་གིས་ཧ་གོ་ཡི། འདི་ཡང་ ལ་ལུ་གཡོག་གི་དཀའ་ངལ། ལ་ལུ་ཕམ་སྤུན་ཆའི་དཀའ་ངལ། ལ་ལུ་བཟའ་ཚང་གི་དཀའ་ངལ།  དེ་འབདཝ་ད་ དེང་སང་ དུས་ཀྱི་འཕོ་འགྱུར་དང་བསྟུནམ་ད་ གཉེན་གྲོགས་ཀྱི་བར་ན་ སྟབས་མ་བདེཝ་འདི་ མང་ཤོས་ཅིག་སྦེ་མཐོངམ་ཨིན་པས།

དེ་ཡང་ དེ་བསྒང་ ང་དང་ངེའི་ཆ་རོགས་ དབང་རྒྱལ་ ང་བཅས་གཉིས་ མཐོ་རིམ་ཤེས་ཡོན་ མཐར་འཁྱོལ་ཏེ་ རྒྱལ་ས་ལྟེ་བ་ལུ་ རང་དང་བསྟུན་པའི་ ལཱ་གཡོག་གཅིག་ཡང་ཐོབ་སྦེ་  སྡོད་པའི་ཚེ་ ངེའི་ཆ་རོགས་འདི་ ཧེ་མ་མཐོ་རིམ་སློབ་གྲྭ་ནང་སྡོད་པའི་བསྒང་ ལུས་དང་གྱིབ་མ་བཟུམ་  འབྲལ་བར་མེད་པའི་བུམོ་ མཚོ་སྐྱིད་དང་གཅིག་ཁར་ གཉེན་རྐྱབ་སྟེ་ ཨ་རྟག་བཟུམ་སྦེ་འཕྱད་རང་མ་ཚུགས་རུང་ རང་གིས་ཧ་གོ་དགོ་པའི་ གནས་སྟངས་ཨིནམ་ ང་གིས་ཤེས་ཅི། ཟླ་ངོ་བརྒྱད་དེ་ཅིག་གི་ཤུལ་ལས་ ང་ལུ་ ཨ་རྟག་དང་མ་འདྲ་བའི་ འགྲུལ་འཕྲིན་ཅིག་འོང་དེས། 

དབང་རྒྱལ་་་   སྐུ་གཟུགས་བཟང་པོ་  བཀྲིས། ག་དེ་སྦེ་ཡོད?
ཀྲིས་་་་་ སྐུ་གཟུགས་བཟང་པོ་དབའེ། ང་བདེ་ཏོག་ཏོ་སྦེ་རང་ཡོད། ཁྱོད་ག་དེ་སྦེ་ཡོད?
དབང་རྒྱལ་་་་ བཀྲིས་ང་ཡང་བདེ་ཏོག་ཏོ་སྦེ་རང་ཡོད། ད་རིས་ཕྱི་རུ་ ཁྱོད་དང་གཅིག་ཁར་ འཕྱད་ཚུགས་ག་སྨོ? ད་རིས་ ཡིག་ཚང་ལས་ ཕྲང་སྟེ་ཁྱོད་ཀྱི་ཁྱིམ་ནང་འཐོན་འོང་མས།  བློ་ཅིག་སླབ་ནི་ཡོདཔ་ཨིན་དབའེ། དེ་འབདཝ་ད་ ཁྱིམ་ནང་ག་དང་ག་རང་ཡོད?
བཀྲིས་་་་བཏུབ་བཏུབ་དབའེ། ང་ཁྱིམ་ནང་རང་སྡོད་འོང་། ན་ག་འོང་ནི།  ཨམ་སྲུ་འདིན་ང་ལུ་མེད། ནུ་བཅུང་བསྟན་འཛིན་དང་ ང་བཅས་གཉིས་རང་ཨིན། ཤོག་མ་རེད་་་ དྲགོས་ལུ་ཚོགས་གཅིག་ཡང་ བཅའ་གྲིག་རྐྱབ་གེ་    ཧ་ཧ།
དབང་རྒྱལ་་་ ཡ་ཡ་བཏུབ་དབའེ་མཆེད་གྲོགས། ཁྱོད་འབདན་ ཕམ་དང་ནུ་གཅུང་ཚུ་གི་དོན་ལུ་ གཉེན་ཡང་མ་རྐྱབ་པར་སྡོདཔ་མས་སྨོ། ?
བཀྲིས་་་་དེ་སྦེ་མ་སླབ་དབའེ། འདི་རང་གི་དུས་ཚོད་མ་རནམ་བས། དེ་མ་ཚད་ ནུ་གཅུང་རྐང་ཐང་དྲངས་ མི་གྲལ་བཙུགས་ནི་འདི་ ཕོ་རྒནམ་ངེ་གིས་འགན་འཁུར་ཨིན། མགྱོགས་སུ་གཅིག་སྦེ་རང་ གཉེན་རྐྱབ་དགོ་པས་མནོ་ཡི་  ཧ་ཧ།
དབང་རྒྱལ་་་་ ཨ་་!  འདི་ང་གིས་ཡང་ཤེས། དེ་མ་ཚད་ གཉེན་ཟེརཝ་ད་ རིགཔ་འགྱིམ་དགོ་པས་མ་རེད། ༼   མི་གཅིག་འོང་བའི་ སྐད་ཅིག་གོ་སྟེ་ བལྟ་བའི་སྐབས་ ངེའི་དྲགོས་འོང་སར་མཐོང་སྟེ་་་་་་༽
བཀྲིས་་་་ ཡ་བལྟ་མ་སླབ་གེ་མས། ད་ལྟོ་དྲགོས་བྱོན་དེས།༼     དེ་སྦེ་སླབ་སྟེ་འགྲུལ་འཕྲིན་བཞག་ཅི།༽   
༼ ཡིག་ཚང་ནང་ལཱ་ཁ་སྐོང་འབད་དེ་ ཕྱི་རུ་ཚོུད་བདུན་དེ་ཅིག་ཁར་ ཆ་རོགས་དབང་རྒྱལ་ཡང་ལྷོད་དེ་ ང་བཅས་གསུམ་ ཕྱི་རུའི་ལྟོ་ཟ་ཚར་བའི་ཤུལ་ལུ་ རྒྱང་མཐོང་བལྟ་སྡོདཔ་ད་ ཉིན་མའི་བློ་འདི་ འཕྲོད་མཐུད་དེ་སླབ་ནི་འགོ་བཙུགས་ཅི།༽

བཀྲིས་་་་་ སླབ་ཚེ་དབང་རྒྱལ་ག་ཅི་འབད་ཡི་ལོ?
དབང་རྒྱལ་་་་་་བཀྲིས། ཨ་ནི་བློ་འདི་ ངེའི་སེམས་ཀྱིས་ མི་མནོ་ཟེར་རུང་ མ་པ་ལས་ མནོ་བཏང་བཏང་འོངམ་མས། ཁྱོད་ལུ་སླབ་ནི་ལུ་ཡང་ མ་འདྲཝ་ཅིག་འབདཝ་མས། ཨིན་རུང་ ཁྱོད་ལུ་མ་སླབ་པ་ཅིན་ བློ་རང་མི་བདེ་ དེ་མ་ཚད་ ཁྱོད་ཀྱིས་ཡང་ ང་ལུ་སླབ་ནི་ཅིག་འོང་།
བཀྲིས་་་་ཡ་! ག་ཅི་འབད་དཔ་སྨོ?  ང་ལུ་སླབ་གནང་། ང་གིས་ཆ་རོགས་འབད་ཚུགས་ག་ཡང་མི་ཤེས། ཚར་གཅིག་ག་ར་ ང་ལུ་སླབ་མས། ཧིང་ཁར་བཞགན་དུག་ཟེར་ སླབ་སྲོལ་འདུག་མེན་ན། (ཚ་གྱང་ལང་པའི་སྒོ་ལས་སླབ་ད)

དབང་རྒྱལ་་་་ཁྱོད་དཔྱད་རིག་འདུག་ག? མཐོ་རིམ་སློབ་གྲྭ་ནང་སྡོད་པའི་ཚེ་ མཚོ་སྐྱིད་དང་ང་ ཕྱི་རུ་ཚར་གཅིག་རང་ འཐུས་མ་ཤོར་མེན་ན?
བཀྲིས་་་་་་ཨིན་དབའེ། དེ་འབདཝ་ད་ ད་འདི་མོ་ཁྱོད་ཀྱི་ཨམ་སྲུ་ཨིན་མེན་ན?   ད་ག་ཅི་འབད་དཔ་སྨོ? ད་ལྟོ་ཡང་ ཧེ་མ་བཟུམ་སྦེ་ བསང་གཏང་སྦེ་ ཡོདཔ་འདྲ་བས་མེན་ན? ཚར་གཅིག་ཁྱོད་ མོ་འབད་སར་འགྱོ་སྦེ་  ག་ཅི་ཡང་འབད་མ་བཅུག་པར་ ཕྱི་རུ་ཆུ་ཚོད་ གཅིག་ལུ་ ཁྱིམ་ནང་ལོག་བདའ་བཏང་མི་འདི་  སེམས་ལས་བརྗེད་མ་བཏུབ་པར་ཡོད་ས་ཧ་ཧ།

དབང་རྒྱལ་་་་་ཨིན་དབའེ། དེ་བསྒང་ མོ་དུས་ཚོད་རང་ མ་རནམ་པའི་ཁར་ བུམོ་ཟབ་ཏོག་ཏོ་ཅིག་ཨིན་ཟེར་མནོ་ཡི། དེ་འབདཝ་ད་ གཉེན་རྐྱབ་ཚརཝ་ད་ རྐྱངམ་ཅིག་ཧ་གོ་བས་མས་། འདི་གོཝ་ད་ སེམས་མ་བདེ་ཁག་ཁ་འབད་ཡི་དབའེ།

བཀྲིས་་་་་་མཚོ་སྐྱིད་ཀྱི་སྐོར་ལས་ ང་གིས་ལེགས་ཤོམ་སྦེ་རང་ཤེས། མོ་དཔེ་བལྟ་བཏུབ་པའི་ བུམོ་དྲགོས་གཅིག་རང་ཨིན། ཁྱོད་ཀྱིས་མོའི་སྐོར་ལས་ ག་ཅི་ཧ་གོ་ཡི?   མ་པ་གཉེན་རྐྱབ་ཚརཝ་ད་ རྐྱངམ་ཅིག་ མིའི་སྐོར་ལས་ ལེགས་ཤོམ་སྦེ་ཧ་གོ་འོང་ ཟེར་མི་འདི་ ཧེ་མ་ལས་ གོ་ཡི།   དེ་སྦེ་འདི་ མེནམ་འོང་ས།  ཚར་གཅིག་སླབ་མས།

དབང་རྒྱལ་་་་་་་མོ་གིས་ མོ་ལོ་༢༤་ཚུན་ ཕོ་སྐྱེས་ག་དང་ཡང་ འབྲེལ་བ་མ་འཐབ་པའི་ཁར་ མོ་དང་འབྲེལ་བ་འཐབ་པའི་ བུཚ་དང་པ་ང་ཨིན་ཟེར་སླབ་དེས། ཨིན་རང་ཨིནམ་མས་ཟེར་མནོ་སྟེ་  མོ་ལུ་དམ་ཚིག་བསྟེན་གཉེན་རྐྱབ་སྟེ་ ཟླ་ངོ་བརྒྱད་འགྱོཝ་ད་རྐྱངམ་ཅིག་  ང་དང་མ་སྡོད་པའི་ཧེ་མ་ བུཚ་གཅིག་དང་ ལཱ་འཐུས་ཤོར་ཡོད་པའི་ ལོ་རྒྱུས་སླབ་དེས། འདི་གིས་སྦེ་ སེམས་མ་པ་ལས་ མ་བདེ་བར་ཡོདཔ་ཨིན། ད་རིས་ མོ་དང་བློ་ཡང་ ཨོ་ཏོག་ཏོ་ཅིག་སླབ་མ་ཚུགས།

བཀྲིས་་་་་་་ཡ!  དེ་སྦེ་ཨིནམ་མས་ཡ?  མ་པ་ཁྱད་མིན་འདུག  འཛོལཝ་བླ་མའི་གསུང་ལུ་རང་ཡོད་པ་ཅིན་ འཇིག་རྟེན་ཕལ་པའི་མིས་བློས་ཀྱང་། དེ་འབདཝ་ལས་ སེམས་མ་བདེཝ་འབད་མི་དགོ མོ་ཡང་དེ་སྦེ་ འཐུས་ཤོར་མི་འདི་ ཤུལ་ལས་ཁྱོད་དང་འཕྱད་འོང་མནོ་ འཐུས་མ་ཤོར་འོང་།  ཧེ་མ་ག་དེ་སྦེ་ འབད་རུང་འབད་ ག་དང་སྡོད་རུང་སྡོད་  ཐ་ན་སྨད་འཚོངམ་ཨིན་རུང་  ད་ལྟོ་ཁྱོད་དང་སྡོདཔ་ད་ བློ་མ་གསང་པར་ག་ར་སླབ་སྟེ་ ལུས་སེམས་དམ་ཚིག་བཟུང་སྡོད་པ་ཅིན་  འདི་རང་དགའ་བས་མེན་ན?

དབང་རྒྱལ་་་་ ཁྱོད་ཀྱིས་སླབ་མི་ཡང་བདེན་  དེ་འབདཝ་ད་ ལོ་རྒྱུས་འདི་གོ་བའི་ཤུལ་ལས་ མོ་ངེ་གི་མིག་གིས་མཐོངམ་ཅིན་ སེམས་ཀྱིས་བཟོད་རང་མི་ཚུགས་པས། འདི་ག་ཅི་ཨིན་ན་མ་ཤེས?   མོ་གིས་འདི་གི་སྐོར་ལས་ ཧེ་མ་ལས་སླབ་རུང་ བཏུབ་ཅི་ཟེར་ཡང་མནོཝ་མས། འདི་བཟུམ་གྱི་ སེམས་ཀྱི་ཚོར་བ་ ཡུན་རིངམོ་སྦེ་སྡོད་པ་ཅིན་ ང་མོ་དང་ཁ་འབྱལ་ནི་ཨིན་  བཀྲིས།
༼ ཁ་བྱལ་ནིའི་ལོ་རྒྱུས་འདི་གོཝ་ཅིན་ དོན་ཧིང་ནང་ ཆུ་ཁོད་སི་སི་ཅིག་ བླུགས་དོ་བཟུམ་གྱི་ ཚོར་སྣང་དྲག་པོ་ཅིག་བྱུང་པའི་མཐའ་མ།༽

བཀྲིས་་་་དབའེ་ཆ་རོགས་་་་  ཁྱོད་གཉིས་ད་རིས་ནངས་པ་ འཕྱད་པའི་གཉེན་མེན་  ལོ་ངོ་༦་གི་ཧེ་མ་ལས་རང་ ཁྱོད་གཉིས་དགའ་སྦེ་སྡོད་ནུག ད་རིས་གཉེན་དང་པ་འདི་ དཀོན་མཆོག་གིས་ གནང་བའི་དངོས་གྲུབ་ཨིན་ཟེར་ སླབ་སྲོལ'ཡོད། ཚར་གཅིག་གུ་ མནོ་བསམ་དེ་སྦེ་གཏང་ནི་འདི་ འཛོལ་བ་ཨིན། ཁྱོད་ཀྱིས་བཀོག་བཞག་པ་ཅིན་ མོ་རང་ བསོད་ནམས་ཡོདན་ གཞན་དང་དྲགཔ་སྦེ་སྡོད་དོ་འོང་ དེ་འབདཝ་ད་ གཉེན་ཡ་འབྲལ་འགྱོ་མི་ དགྲ་གཟུགས་ལུ་ཡོད་པའི་བུད་མེད་འདི་ མི་གཞན་གྱིས་མནོ་བསམ་ ག་དེ་སྦེ་གཏང་འོང་ག་ སླབ་རང་མི་ཤེས། ད་རིས་ཀྱི་ཐད་ཁར་ མོ་གིས་དེ་སྦེ་  ཧིང་ནང་ལས་རང་ཁྱོད་ལུ་སླབ་མི་འདི་ མོ་རའི་ཚེ་གཅིག་གི་གཉེན་གྲོགས་ལུ་ བློ་གསང་མ་ཚུགས་པར་ ག་དེམ་ཅིག་ལཱ་ཁག་རྐྱབ་སྟེ་ ཁྱོད་ལུ་སླབ་ཅི་ག་ ཁྱོད་ཀྱིས་ཤེས་ཅི་ག? དེ་མ་ཚད་ ཁྱོད་ལུ་ཧེ་མ་ལས་ སླབ་པ་ཅིན་ ཁྱོད་ཀྱིས་མོ་ ལམ་རྒྱ་འགྲམ་སྦུག་ལུ་ བཀོག་བཞག་འོང་མནོ་བའི་ ཚ་གྱང་  མོ་ལུ་ཡོདཔ་ཨིནམ་ ང་གིས་ཤེས།  རང་གི་མི་ཚེ་འདི་ནང་ བློ་སྦ་གསང་མེད་པར་ སླབ་མི་དཀོན། ང་འབདན་ བློ་ཚིག་གཅིག་གིས་ སེམས་དགའ་མི་དང་  མ་བཏུབ་པ་ཅིན་ཚིག་གཅིག་གསང་རུང་ མ་བཏུབ་པའི་ མི་གཅིག་ཨིན།  
༼དབང་རྒྱལ་ཚར་གཅིག་ ག་ནི་ཡང་སླབ་མ་ཚུགསཔ་ ཡར་སོང་པའི་མཐའ་མ ༽
དབང་རྒྱལ་་་་ དེ་འབདཝ་ད་  ག་ཅི་ཨིན་ན་མ་ཤེས་  འདི་མནོ་བསམ་གཏངམ་ཅིན་ སེམས་མ་པ་ལས་མི་བདེ་བས།

བཀྲིས་་་་ འདི་གི་སྐོར་ལས་ ང་གིས་ཡང་ཤེས་དབའེ།  ཧེ་མ་ང་ཆུང་ཀུ་བསྒང་ གཡུས་ཁའི་ཨ་པ་འདི་ཚུ་གིས་  ངེའི་ཨ་པ་མེདཔ་ད་ ངེའི་ཨའི་དང་ཉལ་ཡི་ཟེར་ དཀྲོགས་ཏེ་སླབ་ད་  འདི་ལུ་ཙིགཔ་ཟ་སྟེ་ རྡོ་བླུགས་བཞིནམ་ལས་ བདའ་བཏང་པའི་ དཔྱད་རིག་ཡང་འདུག  རང་གི་ཨའི་གི་དོན་ལུ་ དེ་སྦེ་འབདཝ་ད་ རང་གིས་གཉེན་གྲོགས་ལུ་ཡང་ དེ་སྦེ་ མ་མནོ་མི་ག་འོང་?   དེ་འབདཝ་ད་ མནོ་བསམ་རྒྱ་ཆེ་ཤོས་ལས་གཏང་པ་ཅིན་ ལོ་ན་རྒས་པའི་ཚེ་ ཕོ་གཞོནམ་མོ་གཞོནམ་གི་ལེའུ་འདི་  སྙིང་པོ་གཅིག་ ག་ནི་ཡང་མེད་པའི་ཁར་ ད་ལྟོ་འདོད་པའི་ར་བཟི་སྟེ་ཁུངས་མེད།  མནོ་བསམ་སྒོ་འབྲིང་ལས་གཏང་པ་ཅིན་ དེ་སྦེ་འགྱོ་མི་འདི་ཡང་ ཚེ་སྔོན་ལས་ལུ་ ཡིད་ཆེས་དགོཔ་དང་།  མནོ་བསམ་ རྒྱ་ཆུང་ས་ལས་གཏང་པ་ཅིན་ ཤུལ་ལས་མི་བཟང་ཤོས་ ཁྱོད་དང་འཕྱད་དེ་ གཉེན་རྐྱབ་ནི་ཨིནམ་ མོ་གིས་ཧེ་མ་ལས་རང་ཤེས་པ་ཅིན་ མོ་གཞན་དང་འཐུས་མ་ཤོརཝ་འོང་ ཟེར་མནོ་དགོ   མེན་ཡ?

ང་བཅས་ཀྱི་གཡུས་ཁར་ ཨ་རྒས་ཚུ་གིས་སླབ་ནི་ཡོད་ འཇིག་རྟེན་ཟས་ཀྱི་ཕུད་འདི་ བླམ་དང་དཔོན་གྱིས་ཡང་མི་ཐོབ་ལོ།  ཐོབ་རུང་མ་ཐོབ་རུང་ གསེར་རྫམ་གང་གི་ཅ་ལ་འདི་ གཅིག་རང་འོང་མེན་ན་  དབང་རྒྱལ་་་་་ཧ་ཧ་་།  ༼   ཁོ་སེམས་དགའ་བཅུག་ནིའི་དོན་ལུ་  བགོད་བྲོ་ཅིག་ཡང་ སླབ་ཅི༽

དབང་རྒྱལ་་་་་་ཧ་ཧ།

༼ དེ་བསྒང་མཚོ་སྐྱིད་ཀྱིས་ ཁོ་ལུ་འགྲུལ་འཕྲིན་འོང་དེས།  ཁོང་གཉིས་བློ་སླབ་སར་ ཨ་ཙི་ཅིག་ཉན་ཏེ་ ཇ་ལེན་པར་འགྱོ་ཡི།  ལོག་ལྷོད་པའི་སྐབས་་་་་་་་་༽

དབང་རྒྱལ་་་་་་ མཚོ་སྐྱིད་ཚ་གྱང་ལང་དོ་འོང་ནི་མས།  ང་འགྱོ་དགོ་པས་ བཀྲིས།  ཁྱོད་དང་བློ་སླབ་སྡོད་དེ་  བློ་ཡང་བདེ་ཡི་མས།
བཀྲིས་་་་དེ་སྦེ་མ་སླབ། ང་གིས་སླབ་མི་ག་ར་ རང་རྐྱང་གི་བསམ་འཆར་ཨིན། ཚར་གཅིག་མནོ་བསམ་གཏང་སྟེ་བལྟ། མཚོ་སྐྱིད་མ་འདྲཝ་སྦེ་ ཚོར་མ་བཅུག་པར་བཞག་མས། བུམོ་འབདཝ་ལས་ སེམས་ཤི་བ་འཇམ་རང་འཇམ་མས།  ང་གིས་མོ་ལུ་འདྲི་འོང་མ་རེད།   ཡ་་་ཇ་འཐུང་སྦེ་སོང་།

༼དེ་ལས་ ཁོ་རང་སྣུམ་འཁོར་བདའ་སྟེ་ འགྱོཝ་ད་ ང་གིས་སླབ་མི་འདི་དཔྱད་པ་ འདྲཝ་མ་འདྲཝ་བཏང་པའི་མཐའ་མ་  ཕྱི་རུ་ཆུ་ཚོད་  ༡༢ དེ་ཅིག་ལུ་ ཚིག་ཡིག་གཅིག་ལྷོད་ཅི།   ཚིག་ཡིག་འདི་ནང་་་་་་་་ ༽
" བདེ་ཏོག་ཏོ་སྦེ་རང་ ངེའི་ཨ་ཞེ་འབད་སར་ལྷོད་ཅི་ ཆ་རོགས། མོ་ལྟོ་རང་ མ་ཟ་བར་ ང་ལུ་བསྒུགས་ཏེ་སྡོད་ནུག     ད་འབདན་ ང་གིས་དེ་སྦེ་མནོ་མི་འདི་ འཛོལ་སོང་ནུག་ཟེར་ ང་གིས་ཤེས་ཅི་ ང་འཛོལ་སོང་ནུག་སྨོ?     བཀྲིན་ཆེ་བཀྲིས།  "
ཁ་མི་བཟེད་པའི་ངག་བརྗོད་ 
ཁྲབ་སྲུང་འདི་ནང་ མི་གཞན་དང་འབྲེལ་བ་ཡོད་པའི་ གནས་སྟངས་བྱུང་ན་ འདི་ཚུ་ག་ར་བློ་རིག་གི་ རྒྱུ་རྩལ་ཨིནམ་ ཐུགས་ཁར་ངེས་གནང་ཞུའོ།།
Pc. Korean Drama.
© བསམ་ལྗོངས་བཀྲ་ཤིས།

མི་མངམ་གིས་ ལྷག་མི་རྩོམ།

རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཉིད་ཀྱི་ཐུགས་རྗེས་སུ་གཟུང་བའི་ལོ་རྒྱུས་གསུང་བགྲོས་ལས་འཇིགས་པ་བརྒྱད་ལས་སྐྱོབ་པ་ནི།

Topic Sentence and Thesis Statement: The Keystones of Organized Writing

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

༄༅། །དཔལ་སྤྲུལ་རིན་པོ་ཆེའི་ཞལ་གདམས་བཞུགས་སོ། །

རྗེ་བཙུན་མི་ལའི་ཞལ་གདམས། Advice of Jitsen Melarepa

Lungtenzampa or is it because we are Desuup? - Dorji Choden

𝗧𝗿𝗮𝗻𝘀𝗹𝗮𝘁𝗶𝗼𝗻 𝗼𝗳 𝗛𝗶𝘀 𝗠𝗮𝗷𝗲𝘀𝘁𝘆'𝘀 𝗔𝗱𝗱𝗿𝗲𝘀𝘀 𝘁𝗼 𝘁𝗵𝗲 𝗡𝗮𝘁𝗶𝗼𝗻 - 𝗡𝗮𝘁𝗶𝗼𝗻𝗮𝗹 𝗗𝗮𝘆 𝟮𝟬𝟮𝟱

Code of Conduct for Teachers

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།