སྨྱུ་གུ་ཚེ་རིང་བཟང་མོ།
ཨོཾ་མ་ཧུྃཿ གླུ་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ། །
ཐུགས་འགྱེས་པར་མཛོད་ཤོག་ཡི་དམ་ལྷ། །
རྐྱེན་བར་ཆད་སེལ་ཅིག་མཁའ་འགྲོའི་ཚོགས། །
སྙན་ལེགས་པར་གསོན་དང་འདིར་བཞུགས་ཀུན། །
ས་འདི་དང་ས་ངོ་མ་ཤེས་ན། །
ས་འདི་ནི་སྤ་རོ་ཆོམ་ཕུག་གནས། །
རི་ཀེེ་ལ་ཤ་ཡི་ཕྲེང་བས་བསྐོར། །
གནས་རྡོ་དང་གནས་ཤིང་གཙང་ཆུས་གང་། །
མི་ང་འདྲ་ང་ངོ་མ་ཤེས་ན། །
ཕོ་སྨན་ཆུང་དམངས་གི་དཔའ་བོ་ཡིན། །
ཡུམ་ཕུར་པ་བཟང་མོའི་བློ་གཏད་དང་། །
ཕ་དཔལ་ལྡན་འབྲུག་པའི་བུ་བརྒྱུད་ཡིན། །
༼ དངོས་པོའི་བཤད་པ ༽
སྦ་ཁུག་ནང་གི་ཅ་དངོས་འདི། །
གཟུགས་གཞི་སྙོམས་ལ་རྩེ་མོ་རྣོ། །
ལྗི་ཚད་ཡང་པའི་མཚོན་ཆ་འདི། །
སྨྱུ་གུ་ཚེ་རིང་བཟང་མོ་ཟེར། །
མྱུ་གུ་རྩྭ་རི་བྲག་ནས་འཁྲུངས། །
ཚོང་དཔོན་རྣམས་ཀྱིས་བཟོས་ནས་བཙོང་། །
བེད་སྤྱོད་སློབ་གཉེར་རྣམས་ཀྱིས་གཏོང། །
རྣམ་དཔྱོད་རིག་ཅན་རྣམས་ཀྱིས་སྤྱོད། །
ཨེ་རིང་བསམ་ན་ལག་མཐོ་གང་། །
ཨེ་རྣོ་བསམ་ན་སྤུ་ཡི་གྲི། །
ཨེ་སྲ་བསམ་ན་ཨིནྜའི་ལྕགས། །
ཨེ་མཛེས་བསམ་ན་ལྷ་མོའི་འཛུབ། །
ལན་གཅིག་རི་མོ་བརྐོས་པ་ན། །
རི་མོ་པ་ཏྲ་མཚོ་ཡི་རླབས། །
རི་མོ་ལན་གཉིས་བརྐོས་པའི་ཚེ། །
རི་མོ་མི་ཡལ་བརྟན་གྱི་རྒྱན། །
རི་མོ་ལན་གསུམ་བརྐོས་པ་ན། །
ལོ་བསྐལ་བར་དུ་རྒྱབ་རྟེན་བྱེད། །
མཁས་པའི་ཁྱད་ཆོས་རྩོམ་གྱི་རྒྱུ། །
གྲགས་པའི་མིང་གཏམ་འབྲུག་སྒྲ་སྒྲོགས། །
དཔོན་སྨྱུ་གུ་ཚེ་རིང་བཟང་མོ་ཡིས། །
ཕྱི་པ་ཏྲ་མིག་གི་མེ་ཏོག་བརྒྱན། །
ནང་བརྐོས་པའི་ཚིག་གིས་མདའ་མོ་འཛུགས། །
གསང་དགྲ་ཡི་ཁོང་ཁྲོ་ཁྲག་ཚ་ཁོལ། །
༼ མཇུག་སྡོམ༽
སྨྱུ་གུ་ཚེ་རིང་བཟང་མོ་འདི། །མཁས་པ་རྣམས་ཀྱི་མཚན་ཆ་ཡིན། །
རྩོམ་པའི་སྒྱུ་རྩལ་འདོད་པ་ན། །མཛེས་པའི་སྨྱུ་གུ་བདག་པོར་བགྱིས། །
ཤར་ཕྱོགཔ་བཀྲིས་ནོར་བུ་ཡིས། །གེ་སར་སྒྲུང་ལ་གཞི་རྟེན་ནས། །
སྨྱུ་གུ་ཚེ་རིང་བཟང་མོའི་བསྐོར། །བསམ་པའི་གླེང་མོ་ཅུང་ཞིག་སྤྲོས། །
-བཀྲ་ཤིས་ནོར་བུ།
Comments
Post a Comment