Skip to main content

༄༅། །དཔལ་སྤྲུལ་རིན་པོ་ཆེའི་ཞལ་གདམས་བཞུགས་སོ། །

༄༅།  །དཔལ་སྤྲུལ་རིན་པོ་ཆེའི་ཞལ་གདམས་བཞུགས་སོ། །
༈ སྐྱེ་མ་ཚེ་སྔོན་ལས་ཀྱིས། །
དལ་འབྱོར་བཅོ་བརྒྱད་ལྡན་པའི། །
མི་ལུས་རིན་ཆེན་རྙེད་དུས། །
རྣམ་གཡེང་ཚེ་འདིའི་དབང་གིས། །
འཆི་ལ་ཐུག་གི་བར་དུ། །
དམ་ཆོས་སྙིང་ནས་མ་དྲན། །
བླ་མ་དམ་པ་མཁྱེན་ནོ། །
༈ ད་ནི་དེང་ནས་བཟུང་སྟེ། །
ལོང་སྐབས་ཅུང་ཟད་ཡོད་ཚེ། །
ཚེ་འདིར་ལྟོགས་གྲིར་འཆི་ཡང་། །
ཕྱི་མར་ཕན་པའི་ཆོས་རེམས། །
༈ ཚེ་འདིར་དགྲ་འདུལ་གཉེན་སྐྱོང་། །
འཇིག་རྟེན་འཁོར་བའི་བྱ་བཞག །
དེ་སྔོན་མ་བྱས་ཅི་ཡོད། །
དེ་སྔོན་བྱས་བྱས་འབྲས་བུ། །
རྣམ་སྨིན་རང་གིས་མྱོས་ཚར། །
༈ ད་རུང་དེ་བས་མི་ཚད། །
འཆི་བསམ་ཡིད་ལ་མེད་པ། །
ཚེ་འདིར་དོན་གཉེར་ཞིག་ལ། །
བསམ་པ་ཆགས་ཤིང་གདའ་སྟེ། །
ཉིན་རེ་ཞག་རེ་སོང་བཞིན། །
འཆི་ལ་ཇེ་ཉེ་རེད་འདུག །
༈ འཆི་དགོས་བསམ་པ་མེད་པའི། །
རྒན་གཞོན་ཕོ་མོ་འདི་ཚོས། །
ཡིད་ལ་ཅི་འདྲ་དྲན་བྱུང་། །
ད་ནི་དུད་འགྲོ་ཡིན་ཀྱང་། །
ཕྱི་མར་ཅི་འདྲ་ཡོད་གྲགས། །
ཧ་ལམ་གོ་ཚོད་ཨེ་ཡིན། །
༈ ཚེ་འདིར་ཇི་ལྟར་སྐྱིད་ཀྱང་། །
ཕྱི་མའི་སྡུག་བསྔལ་རྒྱུ་ཡིན། །
འཆི་བ་མི་རྟག་པ་དེ། །
ནམ་ཡང་ཆ་མེད་རེད་པས། །
ནམ་ཞིག་འཆི་བ་ཤེས་ཀྱང་། །
རེ་ཞིག་མི་འཆི་སྙམ་པའི། །
ལེ་ལོ་དེ་འདྲ་མ་བྱེད། །
༈ ད་ལྟ་ཁོ་ན་ཉིད་དུ། །
མི་འཆིའི་ངེས་པ་མེད་པས། །
ད་ནི་འཆི་རན་སྙམ་པའི། །
བློ་ཐག་རྦད་ཀྱིས་ཆོད་ལ། །
ཕྱི་མར་ཕན་པའི་ཆོས་རེམས། །
༈ འཆི་བདག་བདུད་པོས་ནོན་ཚེ། །
སྔར་བྱས་རྣམ་སྨིན་དྲན་ནས། །
ཅི་བྱེད་རང་དབང་མེད་པར། །
བྲང་ལ་སྦར་མོས་བཏབ་ནས། །
ང་རང་མི་འཆིའི་ཐབས་ཤིག །
ཨ་ཕ་ཨ་མ་ཅི་དྲག །
ཟེར་མི་མང་པོ་གདའ་སྟེ། །
ཐབས་ཤིག་ཡོད་ན་དྲག་སྟེ། །
ཨ་ཕ་ཨ་མས་ཅི་བྱེད། །
༈ ད་ནི་རང་བཞིན་མེད་པ། །
འཆི་བ་མི་རྟག་པ་ལ། །
ཅི་བྱེད་ངོ་མ་མི་འདུག །
བསམ་ལོང་དྲན་ལོང་མེད་པ། །
འཆི་བདག་གཤིན་རྗེ་ཁོ་ཡིས། །
སྐད་ཅིག་རང་དབང་མེད་པར། །
སོད་སོད་རྒྱོབ་རྒྱོབ་ངང་ནས། །
ཕྱི་མའི་ལམ་དུ་འཁྲིད་འགྲོ། །
༈ བསྐལ་པ་སྟོང་ཕྲག་རེ་ལ། །
དྲིན་ཅན་ཨ་མ་དེ་རྣམས། །
དམྱལ་བར་གནས་དགོས་བྱུང་ཡང་། །
རང་རེ་རྨོངས་པ་རྣམས་ཀྱིས། །
ཧ་ལམ་ཙམ་ཡང་མི་ཤེས། །
༈ ན་ཆུང་གཞོན་པ་ཚོ་ལ། །
བན་རྒན་བཅོས་གཏམ་མིན་ཏེ། །
ཚེ་རབས་སྔ་མའི་ལས་ཀྱིས། །
ད་ལྟའི་ཕ་མ་བུ་རྒྱུད། །
ཁྱིམ་མཚེས་ཉེ་འབྲེལ་རྣམས་ཀྱང་། །
རྡོ་ཐོག་བ་མོ་ལྟ་བུའི། །
གནས་སྐབས་འདི་ན་འདུག་ཚེ། །
བྲག་རི་ཐོག་གིས་གཏོར་འདྲ། །
༈ ཞེ་སྡང་ཁོང་ཁྲོ་མ་ཤོར། །
ཞེ་སྡང་དམྱལ་བའི་རྒྱུ་ཡིན། །
འདི་འདྲ་ཟེར་འདུག་མ་བསམ། །
ཡུན་རིང་གཤིབ་མི་མ་ཡིན། །
ཚོང་འདུས་མགྲོན་པོ་ཇི་བཞིན། །
གར་འགྲོ་ཆ་མེད་རེད་པས། །
ཕ་མའི་དྲིན་ལན་མེད་ཀྱང་། །
ཚིག་རྩུབ་འཐབ་མོ་མ་བྱེད། །
ཕ་མར་ཆག་ཉམས་སོང་ན། །
ཕྱི་ལུས་ལེན་པ་དཀའ་བས། །
ཕ་མར་བྱམས་སྐྱོང་གྱིས་ཤིག །
༈ འཆི་ནད་དྲག་པོ་ཐེབས་དུས། །
ཁྱིམ་མཚེས་ཉེ་འབྲེལ་རྣམས་ཀྱིས། །
ནད་པ་ཅི་འདྲ་ཟེར་དུས། །
བུ་དང་ཆུང་མ་རྣམས་ཀྱིས། །
ཨ་ཕ་ཤི་བར་གྱུར་ན། །
ངེད་ཚོས་ཅི་བྱེད་དགོས་ལེ། །
མི་ཚེ་ཆོད་ཐབས་མི་འདུག །
ཡོད་ཚད་ཆོས་ལ་བསྒྱུར་ནས། །
ས་མཐར་གནས་བསྐོར་འགྲོ་སྐད། །
དེ་འདྲ་ཟེར་མི་གདའ་སྟེ། །
ཁ་ཟེར་དོན་ལ་མི་འདུག །
༈ ཞག་གསུམ་སྔ་བདུན་མཚམས་ནས། །
རོ་དེ་མེད་པ་ཐུབ་ནས། །
ཤི་གསོན་བསམ་པ་ཁ་ཁ། །
རང་རང་འདུག་ཆས་ཅི་དྲག །
བསམ་བློ་གཏོང་མི་མ་གཏོགས། །
ཤི་འཕོ་དྲན་མི་མི་འདུག །
༈ ལས་འབྲས་བསམ་བློ་བཏང་ན། །
ཨ་རེ་རང་གཞན་མེད་པ། །
གཅིག་རྗེས་གཅིག་ལ་མ་གཏོགས། །
འདུག་ས་ཡོད་རབས་མི་འདུག །
མཐོ་དམན་དྲག་ཞན་ཀུན་ལ། །
འདི་འདྲའི་དུས་ཤིག་འོང་རན། །
སྔོན་ལས་བཙན་པོའི་དབང་གིས། །
མི་འོང་ཐབས་ནི་མི་འདུག །
༈ ཡར་འགྲོ་མར་འགྲོའི་ས་མཚམས། །
ད་ལྟ་རང་ལག་ཡོད་དུས། །
མ་གཡེང་དམ་ཆོས་སྒྲུབ་དགོས། །
འཆི་བ་ཐོག་ཏུ་སླེབ་ཉིན། །
དེ་དུས་འགྱོད་མེད་རེམ་རེམ། །
༈ ད་ལྟ་ལུས་རྟེན་འདི་ལ། །
སྙུང་གནས་ལན་གཅིག་བསྡད་ན། །
ངན་སོང་སྐྱེ་སྒོ་ཆོད་པར། །
འཕགས་པའི་ཞལ་གྱིས་བཞེས་ཀྱང་། །
རྨོངས་པ་ཕལ་ཆེར་རྣམས་ཀྱིས། །
རང་དོན་ཡིན་པ་མ་ཤེས། །
༈ དེ་འདྲའི་སྐོམ་ལེ་ཟེར་ནས། །
དམུས་ཐག་ཆོད་པར་གདའ་སྟེ། །
ཨ་རེ་དེ་འདྲ་མ་ཡིན། །
ཕྱི་མ་བཀྲེས་སྐོམ་སྡུག་བསྔལ། །
ལོ་གྲངས་སྟོང་ཕྲག་རེ་ལ། །
ཆུའི་མིང་ཙམ་མ་མཐོང་། །
༈ ལས་ངན་དེ་འདྲའི་གནས་ལ། །
ཕ་མ་དྲིན་ཆེན་དེ་རྣམས། །
མེད་ལ་ངེས་པ་མེད་པས། །
ཅི་འདྲ་འོང་ས་གདའ་འོ། །
ད་ལྟ་བསམ་བློ་ཐོངས་དང་། །
༈ ཨ་མ་དྲིན་ཆེན་མ་དེ། །
གར་སོང་རྗེས་མགོ་མེད་པས། །
བསམ་བློ་བཏང་ཞིང་བཏང་ལ། །
ལས་ངན་ཤན་པ་ཡིན་ཀྱང་། །
མིག་ནས་འཆི་མ་ཤོར་ཡང་། །
མ་ཎི་རྡོག་གཅིག་འདོན་ཀྱང་། །
དེ་ཡི་དོན་དུ་བསྔོས་ཤིག །
༈ ལ་རྒྱ་ཟེར་ལེ་མིན་ཏེ། །
མར་མེ་ཀོང་བུ་རེ་ལ། །
སེར་སྣ་འཇུར་གེགས་མ་ཤོར། །
སེར་སྣ་འཇུར་འགེགས་ཤོར་ན། །
ཕན་པ་མི་དགོས་གནོད་པ། །
བཀྲེས་སྐོམ་སྐྱེ་བའི་རྒྱུ་ཡིན། །
༈ སྐྱབས་གནས་དཀོན་མཆོག་གསུམ་ལ། །
དངོས་པོ་ཆེ་ཆུང་མ་གཏོགས། །
རྒྱུ་ཟས་གང་ཡོད་འབུལ་དུས། །
སེར་སྣ་མ་ཤོར་རེམ་རེམ། །
༈ ལྷག་ཏུ་ཡིད་ལ་བཞག་རྒྱུ། །
འཕགས་པའི་དགེ་འདུན་རྣམས་ལ། །
དད་པ་དག་སྣང་མེད་ཀྱང་། །
འཆི་བ་སྲོག་ལ་བབས་ཀྱང་། །
སྐུར་འདེབས་གཏན་ནས་མི་རུང་། །
༈ ཕྱོགས་བཅུའི་སངས་རྒྱས་སྤྱི་གཟུགས། །
དཀོན་མཆོག་ཀུན་འདུས་བདག་ཉིད། །
དྲིན་ཆེན་རྩ་བའི་བླ་མ། །
ངོ་བོ་གུ་རུ་པད་འབྱུང་། །
ཅི་མཛད་ཁྱོད་ཤེས་སྒོ་ནས། །
ཉིན་མཚན་དུས་དྲུག་རྣམས་སུ། །
གསོལ་བ་རྒྱུན་དུ་ཐོབས་དང་། །
ཅི་བསམ་ལྷུན་གྱིས འགྲུབ་འོང་། །
༈ བན་རྒན་འཁྲུལ་གཏམ་མིན་ཏེ། །
འཆི་བ་ཁ་ཞེ་མེད་པར། །
སྙིང་ནས་དྲན་མི་ཡོད་ན། །
འདི་ལ་ཞིབ་ཏུ་ལྟོས་དང་། །
སྙིང་གཏམ་མི་ལ་བཤད་ཡོད། །
༈ ད་ནི་རང་གཞན་མེད་པ། །
སུ་དང་གང་འདྲ་ཡིན་ཀྱང་། །
ཚེ་འདིའི་སྣང་བ་ནུབ་ཚེ། །
སྐྱབས་གནས་དཀོན་མཆོག་མ་གཏོགས། །
རེ་ས་གཞན་ན་མེད་པས། །
ཆོས་ཀྱི་སྙིང་པོ་དམ་པ། །
མ་ཎི་ཡིག་དྲུག་བགྲོངས་ཤིག །
༈ སྐད་ཅིག་ཚེ་འཕོས་ཐག་ཏུ། །
བདེ་ཆེན་ཞིང་གི་མགོན་པོ། །
རྒྱལ་བ་འོད་དཔག་མེད་མགོན། །
དབྱེར་མེད་རྩ་བའི་བླ་མ། །
དཔལ་སྤྲུལ་རྡོ་རྗེ་འཆང་ཆེན། །
མ་རྒན་འགྲོ་བ་འདི་རྣམས། །
བདེ་ཆེན་ཞིང་དུ་དྲོངས་ཤིག །

Comments

མི་མངམ་གིས་ ལྷག་མི་རྩོམ།

སྙིང་རྗེ་མེད་པའི་འཆི་བདག།

Atomic Habits- James Clear(Book Review)

འབྲུག་རྒྱལ་ཁབ་ཀྱི་མིང་མ་འདྲཝ་བཏགས་ཚུལ་གྱི་སྐོར།

Shechen Rabjam Rinpoche

ཕུན་ཚོགས་གླིང་གི་འཁྲུལ་སྣང་། Sorrows of Phuntsholing

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།