Skip to main content

བཀའ་བརྒྱུད་ཟེར་མིང་བཏགས་དགོ་པའི་ཁུངས་དོན།

   བཀའ་བརྒྱུད་ཟེར་མིང་བཏགས་དགོ་པའི་ཁུངས་དོན། 
དོན༌ངོ༌བོ༌བཀའ་ཟེར་མི་འདི་ རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་ སངས་རྒྱས་ཀྱི་རྗེས་སུ་འཇུག་སྟེ་ སྤང་བླང་གི་ཆོས་ཚུལ་བཞིན་དུ་ ཐོས་བསམ་སྒོམ་གསུམ་ལག་ལེན་འཐབ་སྟེ་ དམ་པའི་ཆོས་སྤེལ་མི་རིགས་བརྒྱུད་འདི་ བཀའ་བརྒྱུད་ཟེར་མིང༌བཏགས་ཡོདཔ་ཨིན་པས།
   བཀའ་བརྒྱུད་འགོ་དང་པ་བྱུང་ཚུལ།
དེ་ཡང་ ཆོས་སྐུ་རྡོ་རྗེ་འཆང་ཆེན་ལས་ རིམ་པ་བཞིན་དུ་ རྒྱ་གར་གྱི་གྲུབ་པའི་དབང་ཕྱུག་ཏི་ལི་པ་དང་ ཏི་ལི་པ་ལས དཔལ་ནཱ་རོ་པར་བརྒྱུད་དེ་ སྒྲ་བསྒྱུར་གྱི་རྒྱལ་པོ་མར་པ་ལུ་གསན་པའི་ཤུལ་ལས་ མར་པའི་ཞབས་ལས་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེ་གིས་ཅི་གསུངས་བཀའ་བསྒྲུབས་ཀྱིས་གདམས་ངག་ག་ར་གསན། དེའི་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ལས་ ཉི་མ་དང་ཟླ་བ་ལྟ་བུའི་ཐུགས་སྲས་རྣམ་གཉིས་ལས་ ཉི་མ་ལྟ་བུར་གྱུར་པ་སྒམ་པོ་པའམ་དྭགས་པོ་ལྷ་རྗེ་ཟེར་ཞུ་མི་འདི་གིས་ བཀའ་ཕྱག་ཆུ་བོ་གཉིས་འདུས་ཀྱི་སྲོལ་གཏོན་གནང་ནུག། ཆོས་རྗེ་ཁོ་ར་ཡུལ་གཉལ་སྨད་བུ་ཉི་ཟེར་ས་ལུ་ ཡབ་སྙི་བ་རྒྱལ་པོ་དང་ ཡུམ་ངལ་བཟང་མོ་གཉིས་ཀྱི་སྲས་ལུ་ སྟོན་པའི་འདས་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་བདུན་དང་༼༡༩༥༧༽ དགུང་ལོ་སུམ་ཅུ་སོ་གཉིས་ཀྱི་བར་དུ་སྨན་གྱིས་འགྲོ་དོན་མཛད་དེ་བཞུགས་པའི་མཐའ་མར་ རྗེ་བཙུན་མི་ལའི་མཚན་ཐོས་པ་ཙམ་གྱི་ དད་པའི་ལུས་མོས་གུས་བསྐྱེད་འདི་ བླམ་རྗེ་བཙུན་མི་ལ་ལས་ ཆོས་དང་གདམས་ངག་ཐམས་ཅད་ཡོངས་སུ་རྫོགསཔ་འབད་གསན་ཏེ་མཐར་ཕྱིན་པའི་རྗེས་སུ་ ལོ་དྲུག་བསྒོམས་ལས་ བར་སྣང་ལས་མཁའ་འགྲོ་མ་ཚུ་གིས་ བསྟན་པ་སྤེལ་དགོ་པའི་ལུང་བསྟན་གནངམ་ལས་བརྟེན་ཏེ་ རབ་བྱུང་གཉིས་པའི་ཤིང་སྟག་ལུ་ དྭགས་ལ་སྒམ་པོ་ལུ་གདན་ས་བཅགས་ སྐལ་བ་དང་ལྡན་མི་ཚུ་ལུ་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་གནངམ་ལས་ཚུར་ ཆོས་ལུགས་ཀྱི་མིང་ཡང་ ས་གནས་ལས་བརྟེན་ དཔལ་ལྡན་དྭགས་པོ་བཀའ་བརྒྱུད་དམ་ དྭགས་ལ་མཉམ་མེད་སྒམ་པོ་པ་ཟེར་དར་ཁྱབ་སོང་ནུག། 

   བོད་ཡུལ་མཐའ་དབུས་མེད་པར་ ཕྲིན་ལས་དང་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད་པའི་ མཐའ་མར་དགུ་ལོ་དྲུག་ཅུ་རེ་གཅིག་བཞེས་ད་ དགོངས་པ་རྫོགས་སོང་ནུག། ཁོ་གི་སློབ་མ་ཁྲི༌ཕྲག༌བསམ༌གྱིས༌མི༌ཁྱབ༌པ༌བྱོན༌པའི༌ནང༌ལས༌ གཙོ་བོ་བོད་ཁམས་ལས་ གྲུབ་ཐོབ་མི་གསུམ་དང་ ཤར་རམ་འཕགས་པ་གྲགས་པའི་བུ་བཞི། དྭགས་པོ་སྒོམ་ཆུང་གི་ཐུགས་ཀྱི་སྲས་བཞི། དྭགས་པོ་འདུལ་འཛིན་ཉེ་བའི་སྲས་བཞི། དྭགས་པོ་སྒོམ་ཚུལ་ལས་བརྒྱུད་འཛིན་གྱི་བུ་ཆེན་བཞི་སྟེ་ སྒོམ་པོའི་གྲུབ་ཐོབ་བཅོ་བརྒྱད་དང་ གཙོ་བོ་བརྒྱུད་འཛིན་བུ་ཆེན་བཞིའི་ནང་ལས་ ཚུལ་ཁྲིམས་སྙིང་པོ་དེ་ རྗེ་ཁོ་རའི་རྒྱལ་ཚབ་ཏུ་ ཁྲི་མངའ་གསོལ་མཛད་དེ། དེ་ལས་མར་ ཆོས་རྗེ་ཁོ་རའི་བུ་སློབ་ཚུ་གིས་ཆོས་རྒྱུན་སྤེལ་གནངམ་ལས་ཚུར་ བཀའ་བརྒྱུད་ཆེ་བ་བཞི་དང་ཆུང་བརྒྱདཟེར་་མི་འདི་བྱུང་ནུག། བཀའ་བརྒྱུད་ཆེ་བཞི་དང་ཆུང་བརྒྱད་ཡང་ བརྩི་ཐངས་མ་འདྲཝ་ལེ་ཤཱ་ཡོད་རུང་ ཁག་གཉིས་ལུ་དབྱེ་སྟེ་ཞུ་བ་ཅིན། 


དང་པ་ཚལ་པ་བཀའ་བརྒྱུད་ཟེར་མིང་བཏགས་པའི་ཁུངས་དོན།
    ཚུལ་ཁྲིམས་སྙིང་པོའི་སློབ་མ་ དྭགས་ལ་སྒམ་པོའི་འདུས་པ་སྤྱི་དང་ གཙོ་བོ་འགྲོ་མགོན་གཡུ་བྲག་པའམ་ཞང་བརྩོན་འགྲུས་གྲགས་པ་གིས་ ཚལ་གུང་གཉིས་སུ་གདན་ས་བཙུགས་ཏེ་ ཚོགས་པ་སྐྱོང འདི་ལུ་ སློབ་མ་ལེ་ཤཱ་བྱོན་པའི་ནང་ལས་ གཙོ་བོ་མཉམ་མེད་ཤཱཀྱ་ཡེ་ཤེས་ཀྱིས་གདན་ས་སྐྱོང་ གཞན་འོད་ཆེན་བཞི་ལ་སོགས་པ་ མཐའ་དབུས་མེད་པར་སོ་སོར་ ཆོས་གཞི་མང་དུ་བཙུགས་ཏེ་ བཀའ་བརྒྱུད་ཆོས་ཀྱི་བོད་ཁམས་ལུ་ཁྱབ་པར་མཛདཔ་ལས་ ཚལ་པ་བཀའ་བརྒྱུད་ཟེར་མིང་བཏགས་ནུག།

      གསུམ་པ་འབབ་རོམ་བཀའ་བརྒྱུད།
བརྒྱུད་འཛིན་གྱི་བུ་ཆེན་བཞིའི་ནང་ལས་ བླ་མ་འབབ་རོམ་པ་དར་མ་དབང་ཕྱུག་གིས ་བྱང་འབབ་རོམ་ལུ་ གདན་ས་བཅག་སྟེ་ཆོས་རྒྱུན་སྤེལ་བ་ལས་ འབབ་རོམ་བཀའ་བརྒྱུད་ཟེར་མིང་བཏགས་ཡོད་མི་དང་ རྗེ་དགེ་འདུན་རིན་ཆེན་གྱིས་མཛད་པའི་ ཞབས་དྲུང་རིན་པོ་ཆེའི་རྣམ་ཐར་ཤོག་གྲངས་བཅོ་ལྔ་ལས་ འབའ་རོམ་དར་མ་དབང་ཕྱུག་ལས་ འབབ་རོམ་བཀའ་བརྒྱུད་ཟེར་བཏགས་ཡོད་མི་འདི་ ས་གནས་འབབ་རོམ་དང་བླ་མའི་མཚན་དར་མ་དབང་ཕྱུག་ལས་བརྟེན་ འབབ་རོམ་བཀའ་བརྒྱུད་ཟེར་བའི་མིང་བཏགས་སྲོལ་བྱུང་ནུག།

བཞི་པ་ཕག་གྲུ་བཀའ་བརྒྱུད།
དྭགས་པོའི་སློབ་མ་ག་ར་གི་ནང་ལས་ མཆོག་ཏུ་གྱུར་པ་བརྒྱུད་འཛིན་གྱི་བུ་ཆེན་བཞིའི་ནང་ཚན་ འགྲོ་མགོན་རིན་ཆེན་ཟེར་ ཡུས་མདོ་ཁམས་ལས་ རྡོ་རྗེ་རྒྱལ་པོ་འདི་ ཨྱོན་གུ་རུ་རིན་པོ་ཆེ་གིས་ལུང་བསྟན་གནང་མིའི་ནང་ ཨོ་རྒྱན་ང་ཉིད་གང་འདུལ་སྐུར་སྤྲུལ་པ༔ རྡོ་རྗེ་རྒྱལ་པོ་ཕག་གྲུའི་ནགས་སུ་འབྱུང༔ ཞེས་ལུང་བསྟན་པ་ལྟར་ མདོ་ཁམས་རྨེ་ཤོད་ལུ་ རབ་བྱུང་གཉིས་པའི་ལྕགས་སྟག་ལུ་སྐུ་འཁྲུངས་ནུག། དགུང་ལོ་དགུ་ལས་མཁན་པོ་ཚུལ་ཁྲིམས་ལས་ ཆོས་ཞུ་སྟེ་མཚན་ཡང་རྡོ་རྗེ་རྒྱལ་པོ་ཟེར་བཏགས་ནུག། དགུང་ལོ་བཅོ་བརྒྱད་བཞེསཔ་ད་ བོད་ལུ་བྱོན་བྱ་འདུལ་འཛིན་ལས་ བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ ས་ཆེན་ཀུན་དགའ་སྙིང་པོ་སོགས་ མཁས་དབང་ལེ་ཤ་ཅིག་ལས་ ཆོས་ཚུལ་ཆུ་བོ་འབུམ་ཕྲག་དྲངས་ཏེ་ གསན་བསམ་མཐིལ་ཕྱིན་མཛད་པའི་མཐར་ དྭགས་ལ་སྒམ་པོར་ཆོས་རྗེའི་ཞབས་ལས་ ཆོས་ཉིད་ཀྱི་བདེན་པ་གཟིགས་ཏེ་ གྲུབ་པའི་སར་བྱོན་ དེ་ལས་ རབ་བྱུང་གསུམ་པའི་ས་སྟག་ལུ་ ཕག་གྲུ་ཀུན་བཟང་ནགས་མོའི་འདབ་ གདན་ས་བཏབ་སྟེ་ ཆོས་ཀྱི་བདུད་རྩི་འགྱེད་པ་ལས་ཕག་གྲུ་བཀའ་བརྒྱུད་ཟེར་སླབ་ནིའི་སྲོལ་དར་ནུག།

༡༽འབྲི་གུང་བཀའ་བརྒྱུད།
གདམས་པའི་བུ་ཆེན་བཞིའི་ནང་ལས་ རྟོགས་ལྡན་མི་ཉག་སྒོམ་རིང་གིས་བྱང་འབྲི་གུང་ལུ་ གདན་ས་བཟུང་སྐྱོང་འབད་བར་འབྱོན་དགོ་པའི་ ལུང་བསྟན་གནང་པའི་ཤུལ་ལས་ ངོ་བོ་གཅིག་ལུ་རྟོགས་པའི་བུ་ཆེན་ཀླུ་སྒྲུབ་ཀྱི་རྣམ་སྤྲུལ་སྐྱོབས་པ་འཇིག་རྟེན་གསུམ་མགོན་དང་ དེའི་ཞལ་སློབ་སྤྱན་སྔ་བ་གྲགས་པ་འབྱུང་གནས་ཀྱིས་ དར་རྒྱས་མཛད་པ་ལས་ ཕག་གྲུ་རྡོ་རྗེ་རྒྱལ་པོའི་སློབ་མ་བསམ་གྱིས་མི་ཁྱབ་པར་བྱོན་ཡོད་པའི་ནང་ལས་ སྐྱོབས་པ་འཇིག་རྟེན་མགོན་པོ་ལས་ འབྲི་གུང་བཀའ་བརྒྱུད་ཟེར་དགེ་འདུན་པ་ཁྲི་ཕྲག་བཅོ་བརྒྱད་ཙམ་བྱུང་ནུག།

༢༽སྟག་ལུང་བཀའ་བརྒྱུད།
   མཐའ་ཕྱིན་བུ་བཞིའི་ནང་ཚན་ མོས་གུས་མཐར་ཕྱིན་ཐང་པ་བཀྲ་ཤིས་དཔལ་གྱིས་ བྱང་སྟག་ལུང་ལུ་གདན་ས་བཅགས་ དེའི་དབོན་པོ་རིན་ཆེན་མགོན་གྱིས་ དར་རྒྱས་མཛད་པ་ལས་ སྟག་ལུང་བཀའ་བརྒྱུད་ཟེར་བླ་མའི་མཚན་དང་ ས་གནས་ཀྱི་མིང་ལུ་བརྟེན་ ཆོས་ལུགས་ཀྱི་མིང་ཡང་ ཐང་པ་བཀྲ་ཤིས་དཔལ་བ་ལས་བྱུངམ་ལས་ སྟག་ལུང་བཀའ་་བརྒྱུདཟེར་ཡོངས་གྲགས་སོང་ནུག། དེའི་ཤུལ་ལས་དབོན་པོ་གདན་ས་པས་ ཁམས་རི་བོ་ཆེར་གདན་ས་བཟུངམ་ལས་ ཡ་ཐང་དང་མ་ཐང་ཟེར་གཉིས་ལུ་ཁ་གྱེས་ཏེ་ གྲྭ་པ་སུམ་སྟོང་བརྒྱད་བརྒྱ་ཙམ་རྒྱུན་མ་ཆད་པར་ཚོགས་པ་བྱུང་ནུག།
 
༣༽ གཡའ་བཟའ་བཀའ་བརྒྱུད།
   ཡང་གདམས་པའི་བུ་བཞིའི་ནང་ལས་ སྐལ་ལྡན་ཡེ་ཤེས་སེང་གེ་ལས་ བསམ་ཡས་གྲྭ་རབས་སུ་ཟར་དགོན་པ་བཙུགས་དེའི་ཞལ་སློབ་གཡའ་བཟང་ཆོས་རྗེ་སྨོན་ལམ་གྱིས་ གཡའ་བཟང་དགོན་པ་ལུ་གདན་ས་བཟུང་ འདི་བརྒྱུད་པ་བླ་ཆེན་ལེ་ཤ་བྱོན་ཡོད་པ་ལས་ ཟར་པ་ཡེ་ཤེས་སེང་གེ་དང་སློབ་མ་རྒྱལ་བ་གཡང་བཟའ་པ་ལས་ བརྒྱུད་པའི་ཆོས་ལུ་གཡའ་བཟང་བཀའ་བརྒྱུད་ཟེར་མིང་གི་ཐ་སྙད་དར་ཁྱབ་སོང་ནུག།
  
   ༤༽ ཤུག་གསེབ་བཀའ་བརྒྱུད།
ཉེ་སྲས་བཞིའི་ནང་ལས་ བླ་མ་དགྱེར་སྒོམ་པ་གིས་སྙེ་ཕུ་ཤུགས་གསེབ་ལུ་དགོན་པ་ཆགས་སྟེ་ སློབ་མ་ཚུ་ལུ་ཆོས་སྤེལ་བཞུགས་ཡོདཔ་ལས་ ས་གནས་ཀྱི་མིང་ལས་རིགས་འགྲེལ་ཆོས་ཀྱི་མིང་ཡང་ སྙེ་ཕུ་གྱེར་སྒོམ་ཆོས་ཀྱི་སེངྒེ་ལས་ ཤུགས་གསེབ་བཀའ་བརྒྱུད་ཟེར་ཡོངས་གྲགས་སོང་ནུག།
 
༥༽ དམར་ཚང་བཀའ་བརྒྱུད།
   ཉེ་སྲས་བཞིའི་ནང་ཚན་ ཆོས་རྗེ་རྒྱལ་དམར་པ་ཤེས་རབ་སེང་གེ་བོད་ཁམས་ལུ་བྱོན་སྟེ་ ཤྭ་དགོན་བཏབ་འགྲོ་དོན་ཚད་ལྡན་བྱུང་བ་ལས་ དམར་ཚང་བཀའ་བརྒྱུད་ཟེར་བཀོད་ཡོད་མི་ ལྷོ་འབྲུག་ཆོས་བྱུང་དང་ཞབས་དྲུང་རིན་པོ་ཆེའི་རྣམ་ཐར་ནང་ལུ ཡིག་སྡེབ་ཀྱི་ཁྱད་པར་ཡང་སྨར་པ་ཤེས་རབ་སེངྒེ་ལས་ སྨར་ཚང་བཀའ་བརྒྱུད་ཟེར་མིང་དར་ཡོད་མི་འདི དོན་ངོ་མ་འདི་ས་གནས་དང་བླ་མའི་མཚན་གྱི་རིགས་འགྲེལ་ཆོས་ཀྱི་མིང་དམར་ཚང་བཀའ་བརྒྱུད་ཟེར་བཏག་ནུག།
 
༦༽ ཡེལ་པ་བཀའ་བརྒྱུད།
   ཉེ་སྲས་བླ་མ་ཡེལ་ཕུག་པ་ཡེ་ཤེས་བརྩེགས་ཀྱིས་ རང་གནས་ལྷོ་ཡེལ་ཕུག་ལུ་ ཆོས་གཞི་བཙུགསཔ་ལས་བརྟེན་ ཆོས་རྒྱུན་སྤེལ་བ་ལས་ ཡེལ་པ་བཀའ་བརྒྱུད་ཟེར་བའི་མིང་བྱུང་ནུག།
 
   ༧༽ ཁྲོ་ཕུ་བཀའ་བརྒྱུད།
   གདམས་པའི་བུ་བཞིའི་ནང་ལས་ རྒྱལ་ཚབ་རིན་ཆེན་མགོན་དང་ ཀུན་ལྡན་གཙང་པ་རས་ཆུང་སྐུ་མཆེད་གཉིས་ཀྱིས་ ཁྲོ་ཕུའི་གདན་ས་བཟུང་བའི་ཤུལ་ལས་ ཁོང་གཉིས་ཀྱི་དབོན་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱིས་སྐྱོང་ཏེ་ མཁས་གྲུབ་མང་རབ་བྱོན་པ་ལས་ ཁྲོ་ཕུ་བཀའ་བརྒྱུད་ཟེར་མིང་དར་ཁྱབ་བྱུང་ནུག།
  
   ༨༽ གླིང་རས་བཀའ་བརྒྱུད།
   གྲུབ་པ་མཐར་ཕྱིན་བཞིའི་ནང་ལས་ རྟོགས་པ་མཐར་ཕྱིན་པ་གྲུབ་ཐོབ་རྒྱལ་པོ་གླིང་ཆེན་རས་པ་འདི་ ཨྱོན་གུ་རུ་གིས ས་ར་ཧ་པ་བོད་སྤྲུལ་དངོས་བྱོན་པ༔ གྲུབ་ཐོབ་རྒྱལ་པོ་གླིང་ཆེན་རས་པ་འབྱུང༔ ཟེར་ལུང་བསྟན་པའི་ གླིང་རས་པདྨ་རྡོ་རྗེ་འདི་ གཙང་ཕྱོགས་མྱང་སྨད་གླིང་གི་སར་ རབ་བྱུང་གཉིས་པའི་ས་སྤྲེལ་ལུ་སྐུ་འཁྲུངས་ནུག། དགུང་ལོ་བཅུ་གསུམ་ལས་བླམ་ལེ་ཤཱ་བསྟེན་ཏེ་ གདམས་པའི་བདུད་རྩི་མཐར་ཕྱིན་ ལུང་རིགས་སྨྲ་བའི་མཁས་པ་སྦྱངས་ ཕག་གྲུའི་ནགས་ཚལ་དུ་བྱོན་སྟེ་ འགྲོ་མགོན་རིན་ཆེན་མཇལ་བ་ཙམ་གྱིས་ཐ་མལ་པའི་བྱ་བ་སྤང་ ལོ་བདུན་གྱི་དམ་བཅའ་ཕུལ་ ཞག་ལྔ་ལུ་བསྒོམས་པ་ལས་གྲོལ་བླ་མ་མཉེས་ཏེ་ རྒྱ་གར་ཆུ་བོ་གངྒཱ་ཚུན་ རྟོགས་པ་མཐོ་བའི་བསྔགས་བརྗོད་མཛད། སྣ་ཕུར་རིགས་ལྔའི་མཁའ་འགྲོ་མ་གིས་དབུ་རྒྱན་དངོས་སུ་ཕུལཝ་ལས་ རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཚབ་ལུ་ མངའ་གསོལ་ དེ་ལས་ སྣ་ཕུ་ཆོས་ལུང་ལུ་་གདན་ས་ཆགས་ ཆོས་བརྒྱུད་སྤེལ་བའི་ སློབ་མ་བསམ་གྱིས་མི་ཁྱབ་ཅིག་བྱོན་ཡོདཔ་ཨིན།

   དྲན་གསོ། འབྲུག་པ་བཀའ་བརྒྱུད་དང་ཤངས་པ་བཀའ་བརྒྱུད་གཉིས་བཀའ་བརྒྱུད་ཆེ་བཞི་དང་ ཆུང་བརྒྱད་ག་གི་ཁོངས་སུ་ཡང་མི་གཏོགསཔ་ཨིནམ་མཁྱེན་དགོ། ནོར་བ་རེ་བྱུང་སྲིད་ན་  བཟོད་པ་བཞེས་གནང་།
           

Comments

མི་མངམ་གིས་ ལྷག་མི་རྩོམ།

Lungtenzampa or is it because we are Desuup? - Dorji Choden

WORLD WAR II (September 1, 1939, to September 2, 1945)

Save me - Sonam Tenzin(ST)

སྲིད་པ་འཁོར་ལོ།

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།