Skip to main content

ལས་དང་དབང་གི་རི་མོ།

 
                                  ༼ཐོན་རིམ་དང་པ།༽
༉ ཐིམ་ཕུག་ལུ་ཡོད་པའི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ དུས་རྒྱུན་དུ་ གསོ་བའི་ཞབས་ཏོག་ལེན་ཏེ་སྡོད་མི་ མི་ངོམ་གཅིག་ ང་ཨིན། འཛམ་གླིང་རྒྱལ་ཁབ་གཞན་ཁར་མེད་པའི་ གསོ་བའི་ཞབས་ཏོག་ཚུ་ ཐོབ་ཚུགས་མི་འདི་ ང་བཅས་ག་ར་ སྔོན་བསོད་ནམས་བསགས་པའི་ འབྲས་བུ་ཨིནམ་པས། ཨིན་རུང་ སྨན་ཁང་འདི་ནང་ སྔོན་བཀོད་པའི་ལས་ལས་ འབྱོག་མ་ཐལ་བར་ ད་རིས་ གཞུང་ལུ་སྐུ་གྱོང་དང་ སྨན་གཡོགམ་ཚུ་ལུ་ དུས་མ་ཡུན་པའི་ ལཱ་བཀོལ་དགོཔ་འབྱུང་་མི་འདི་ ང་བསོད་ནམས་ཆུང་སོང་ནུག། 

ནདཔ་གཞན་ཚུ་བཟུམ་སྦེ་ ང་ཡང་ ད་ལྟོ་ཚུན་ཚོད་ སྨན་ཁང་ནང་གི་ སྨན་དྲི་གིས་ཧིང་བསུབ་སྟེ་ ལོ་མང་རབས་ཅིག་འགྱོ་བའི་ཁར་ སྨན་ཁང་འདི་ནང་ལྷོད་པའི་ ཉིནམ་ལས་འགོ་བཙུགས་ཏེ་ ཡར་དཀོན་མཆོག་ལུ་ ཕྱག་དང་མཆོད་པ་ཕུལ་ནི་དང་ ལུས་ཀྱི་བསྐོར་ར་རྐྱབ་ནི་ཚུ་ འབད་མ་ཚུགས། ད་ གཡུས་ཀྱི་གཡུས་ལྷ་དང་ ཆོས་སྐྱོང་སྲུང་མ་ཚུ་ཡང་ ང་ལུ་གཟིགས་ཏེ་ ཐུགས་བསུནམ་མ་ཚད་ ང་ངོ་ཡང་བརྗེད་སོངཔ་འོང་། ལུས་བདེ་བའི་ཚེ་ མི་རྟག་སེམས་ཁར་མ་དྲན་ མ་འོངས་རང་ལུ་དགོ་པའི་ བདོག་གཏད་རང་གིས་མ་བསྒྲུབ་ ཕ་རྒས་པ་བལྟ་བའི་བུ་གཞི་མེད་ མེད་པའི་བར་ལས་ རང་ཡང་མེདཔ་ཐལ་ནིའི་ ལམ་ཁར་ཚུད་སོང་ཡི། 

ཐབས་མེད་པའི་བྱ་བ་འདི་བཟུམ་ནང་ ཚུད་འོང་ཟེར་ ནམ་ཉིན་མ་ མལ་ཆ་དགུ་བརྩེགས་རྐྱབ་པའི་ གཉིད་ལམ་ནང་ཡང་མ་འཐོང་པའི་ ལྟདམོ་ཅིག་ ད་རིས་ང་གིས་སྟོན་དོ། མ་གཞི་ ཆོས་མངོན་པ་མཛོད་ནང་ལས་ ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།། ཟེར་གསུངས་མི་དང་ མགོན་པོ་ཀླུ་གྲུབ་ཀྱིས་  ཚེ་ནི་ནད་མང་རླུང་གིས་བཏབ་པ་ཡིས།། ཟེར་གསུངས་གནང་དོ་བཟུམ་ འདི་བཟུམ་གྱི་ ཐ་རྡུགས་སི་སི་གི་བྱ་བ་ལུ་ ཐུག་མི་འདི་ སྔོན་གྱི་ལས་ངན་པའི་བག་ཆགས་དང་ རྐྱེན་ངན་ཅིག་ཨིནམ་འོང་ཟེར་ གཞན་ལུ་སླབ་སར་ ག་ཡང་མེད་པར་ ང་གིས་རང་ལུ་ སླབ་སྟེ་སྡོད་རུང་ སེམས་ཐག་ཆད་དེ་འོངམ་མས།

སྨན་ཁང་འདི་ནང་ ང་གིས་ནདཔ་གཞན་ཚུ་ མཐོང་མ་ཚུགས་པའི་ ཚན་རིག་མཁས་པའི་སྨན་ཡང་ན་ དབང་པོ་ག་ར་ཉམས་ཚུགས་པའི་ མཐུ་སྟོབས་ཆེ་བའི་ རྫུ་འཕྲུལ་ཅིག་ ང་ལུ་ཡོད་རུང་དགའ་བས། དེ་སྦེ་ཡོད་པ་ཅིན་ ཁོང་གི་ནད་གཡོགཔ་རྐྱབ་མི་ ཕམ་སྤུན་ཆ་དང་ཉེ་ཚན་ གཡུས་ཁའི་ལྟོའི་དྲིམ་དང་ ཁོང་གི་ཚ་བོ་ཚམོ་ཚུ་ ང་གིས་མཐོང་མ་ཚུགསཔ་ལས་  ངེའི་བུ་གཞི་དང་སྤུན་ཆ་ཚུ་འདིནི་ མི་གཅིག་གིས་ མོ་གཤམ་གྱི་བུ་རེ་བ་བསྐྱེད་དོ་བཟུམ་ཨིནམ་ལས་ ན་ཟུག་ཡང་སངས་ནིའི་ དུས་སྐབས་ཅིག་བྱུང་ནི་མས།

དུས་ཚོད་འདི་ལུ་ལྷོདཔ་ད་ རང་གི་ལུས་འདི་ ནད་ག་ར་བླུགས་སའི་ཧོད་དང་ ཟ་བའི་ལྟོ་ཡང་ འགྱིབ་ཀྱི་དུང་ཅུང་ནང་ལས་བླུགས་པའི་ གནས་སྟངས་སྐྱོ་སི་སི་འདི་ནང་ མི་ག་གིས་ཡང་ མ་མཐོང་པའི་ ས་ཕྱོགས་གཅིག་ནང་འགྱོ་སྟེ་ ངལ་འཚོ་སྦེ་སྡོད་དགོ་མནོ་རུང་ ལས་དབང་གི་ཤན་ཐག་གིས་ རང་དབང་མེདཔ་བཟོ་བའི་ཚེ་ འཛམ་གླིང་ནང་འབད་ཐབས་ཀྱི་ཐགཔ་འདི་ རྩ་བ་ལས་ཆད་སོང་ཡི། རང་གིས་ཁོང་ལུ་ ཕན་པའི་ལཱ་ བཀྲིན་ཆེ་ཤོས་ ག་ཅི་ཡང་མ་འབད་རུང་ སློབ་དཔོན་དང་སློབ་ཕྲུག་གི་ དམ་ཚིག་བཟུང་སྟེ་ ང་བལྟ་བར་འོང་མི་ཚུ་ མཐོང་པའི་སྐབས་ ངེའི་བྱ་བ་ལུ་བལྟ་སྟེ་ སེམས་ལུ་མ་ཐེག་པའི་ ན་ཟུག་གི་ཐོཝ་བརྡུང་པའི་ཁར་ རང་གིས་རང་ལུ་བལྟ་སྟེ་ སེམས་ཁོ་ཐག་ཆད་དེ་འོང་ནི་འདུག།  

འཛམ་གླིང་འདི་ནང་ གསེར་ལས་དཀོན་པའི་ མི་ལུས་རིན་ཆེན་ཐོབ་ ཚེ་རིང་རུང་ ལུས་ཀྱིས་མ་ལྕོགས་པའི་ དུས་ཚོད་ཁར་ལྷོདཔ་ད་ དོན་དག་དང་སྙིང་པོ་ཅིག་ ག་ནི་ཡང་མིན་འདུག། གཞོན་པའི་དུས་ལུ་ ལཱ་དང་གཡོག་གི་སྦུག་ལས་མ་འཐོན་ ད་རྒས་ཚེ་ འཁོར་བའི་གནས་ལས་མ་ཐར་ ཁ་ལས་མ་ཎི་བགྱང་ ལུས་ཀྱིས་ཕྱག་མཆོད་དང་ ཁ་ཐུན་ཚུ་ གཏང་ནིའི་བྱ་བ་མེད་པར་ གདན་མལ་ཆ་ནང་ སྨན་གྱིས་གསོ་སྟེ་ སྒྱུ་མའི་ལྟདམོ་གཅིག་བཟུམ་སྦེ་ སྡོད་དགོཔ་བྱུངམ་མས། བློ་འགྱོད་པ་ཤུལ་མ་བསྐྱེད་མི་འདི་ གླེན་གོ་ཨིན་རུང་ དམ་ཆོས་སྒྲུབ་ནིའི་དུས་ཚོད་ བཟང་ཤོས་ཅིག་ལུ་བསྒུག་པའི་ཐ་མ་ དུས་ངན་གྱི་དབང་ལུ་ཚུད་དེ་ གནས་སྟངས་འདི་བཟུམ་ནང་ལྷོད་ནི་ཨིནམ་མི་ ན་གཞོན་ཚུ་འོང་སྲིདཔ་ལས་ ཕན་པའི་ཕྱིར་དུ་ སླབ་བཞག་དོ།

གནས་སྟངས་འདི་བཟུམ་ནང་ ལྷོད་པའི་སྐབས་ རྒྱབ་ཁ་དང་གདོང་ཁ་ལས་བལྟ་མི་ ག་ཡང་མེད་པའི་ཁར་ འོང་ནིའི་རེ་བ་ཡང་མེད་པར་ ཁང་མིག་གྱང་བཞི་ནང་ ལུས་དགོ་པའི་རྒྱུ་མཚན་ ག་ཅི་ལས་བརྟེན་ཨིན་ན་ཟེར་ མནོ་བསམ་གཏང་མི་རེ་དང་ ངེའི་སྐོར་ལས་ ཤེས་དགོ་མནོ་མི་རེ་ ཡོད་པ་ཅིན་ དེ་བསྒང་་་་་་་་་་་་་་།                    

 ༼ཐོན་རིམ་གཉིས་པ།༽
དེ་བསྒང་ ང་ གཙུག་ལག་གཞི་རིམ་གྱི་ཤེས་ཡོན་དང་ གཙུག་གོང་མའི་ཤེས་ཡོན་ཚུ་ ལྷབ་སྦྱང་འབད་དེ་ མི་ཚེ་ཕྱེད་ཀ་དེ་ཅིག་ ལ་མོ་བརྒལ་བའི་ཤུལ་ལས་ ང་ལས་ལོ་ངོ་༡༠་དེ་ཅིག་གི་ཆུང་མི་ ལས་དབང་གིས་བསྐོས་པའི་སྙིང་མཐུན་མ་ མཚོ་མོ་འཕྱད་དེ་ འཇིག་རྟེན་གཉེན་གྲོགས་ཀྱི་གྲལ་ཁར་ཚུད་སོང་ཡི།

ང་བཅས་གཉིས་ དབང་ཁམས་ག་ཅི་ལས་འབད་རུང་མཐུནམ་ལས་ བྱ་བ་ལམ་འགྲོ་ཚུ་ཡང་ སྔོན་མ་ལས་ འཁྲབ་སྲུང་ཅིག་ འབྲི་བཞག་བཞགཔ་བཟུམ་སྦེ་ འདི་ནང་འཁྲབ་པའི་སྐབས་ དཀའ་སྡུག་ག་ནི་ཡང་མེད་པར་ མཐར་འཁྱོལ་ཚུགས་ཅི། འདི་ཡང་ མ་གཞི་ ཕོ་མོ་གཅིག་གིས་གཅིག་ལུ་ བཟོད་བསྲན། གྲོགས་ཀྱི་གུས་ཞབས་དང་ རྒྱུ་ལྕགས་ལས་བཙན་པའི་ ཐ་དམ་ཚིག་ཡོདཔ་ལས་བརྟེན་ཨིནམ་མས།

ང་བཅས་གཉིས་ཀྱིས་ ཕམ་གི་སྐྱིད་སྡུག་ སྤུན་སྤུན་ཆའི་གྲོགས་རམ་ ག་ཅི་དགོཔ་ཅིག་ འབད་ཚར་རུང་ རེ་བ་གཅིགཔ་འདི་ རེ་བ་སྦེ་རང་ལུས་སོང་ནུག། འདི་ཡང་ ཐ་ན་བེམ་པོའི་ཆོས་ཅན་ སོན་གཅིག་གིས་ཡང་ གཡག་ཤི་ཀོཝ་གིས་འཛིན་པའི་ ཤུལ་བཞག་ བཞག་སྲོལ་ཡོད་རུང་ ང་བཅས་གཉིས་ཀྱི་བར་ན་ བུ་གཞི་ཚུད་མ་ཚུགས་པའི་ ན་ཟུག་གིས་བརྡུང་སྟེ་ ལོ་ངོ་མང་རབས་ཅིག་འགྱོ་བའི་སྐབས་ གཡུས་སྒོ་ནང་གི་ རྣམ་རྟོག་ཆེ་བའི་ གཏམ་ལོ་རྒྱུས་འདྲཝ་མ་འདྲཝ་ གོ་ནི་འགོ་བཙུགས་ཅི། 

མི་གོ་ཤེས་ཉན་ཤེས་ཚུ་གིས་ ཨ་ལོ་མ་པ་ལས་མེད་པ་ཅིན་ ཚན་རིག་མཁས་པའི་ སྨན་བཅོས་དང་བརྟག་དཔྱད་ཡོད་ཚུལ་ ལ་ལུ་གིས་གནས་བདག་ གཞི་བདག་མཆོད་དགོཔ་སྦེ་ སླབ་ནི་འདུག། དེ་ཡང་ སྔོན་གྱི་དུས་ལུ་ མི་མ་ཡིན་པའི་ ལྷ་འདྲེ་ཀླུ་གཙན་ཚུ་གིས་ཡང་ མི་དང་གཅིག་ཁར་ མཉམ་འབྲེལ་འབད་སྲོལ་ཡོད་པའི་ གཏམ་ལས་དྲངམ་ཨིནམ་མས། རྣམ་རྟོག་ཅན་གྱི་གཡུས་མི་ ལ་ལུ་གིས་འབད་བ་ཅིན་ འདི་ཚུ་རིགས་དམན་པ་དང་ མཁའ་འགྲོ་ངན་པ་ཨིན་ཚུལ་ཚུ་ཡང་ རྒྱབ་ལས་དངོས་སུ་སྦེ་སླབ་སར་གོ་བའི་སྐབས་ ང་བཅས་གཉིས་ལུ་ ཡལ་མ་བཏུབ་པའི་ན་ཟུག་ཅིག་དང་ དེ་བསྒང་ ང་ལུ་རྫུ་འཕྲུལ་ཅིག་ཡོད་པ་ཅིན་ ང་གིས་ཁོང་གི་ཀླདཔ་ནང་ ཚན་རིག་དང་འབྲེལ་བའི་ སྟབས་མ་བདེ་བའི་ལོ་རྒྱུས་ཚུ་ བཙུགས་ཏེ་ བཤད་བྱིན་ནི་དང་ ངེའི་ས་གོ་ནང་ ཁོང་ཡང་བཙུགས་དགོ་མནོ་ཡི། ཨིན་རུང་ བཟོད་པ་ཆོས་ཀྱི་སྙིང་པོ་ཨིན་ཟེར་མནོ་སྟེ་ ག་ནི་ཡང་ མ་སླབ་པར་སྡོད་དེ་ ཡུན་རིངམོ་སོང་ཡི།

ཕམ་ཚུ་ལོ་རྒས་པའི་ཚེ་ ང་བཅས་ག་རའི་རེ་བ་འདི་ གཅིག་ར་ཨིནམ་ ང་བཅས་གཉིས་ཀྱིས་ཧ་གོ་ཡི། ཨིན་རུང་ ང་བཅས་གཉིས་ལུ་ བུ་གཞི་མེད་མི་འདི་ མ་དགོ་པར་བཏོན་གཏང་གཏངམ་ཡང་མེན། མི་དགོ་པས་མནོ་སྟེ་ གཤག་བཅོས་འབད་འབདཝ་ཡང་མེན། ཨ་ལོའི་དངོས་གྲུབ་མ་ཞུཝ་ཡང་མེན། ལས་དབང་གི་རི་མོ་འདི་ པར་ཤིང་གུ་ག་དེ་སྦེ་ ཡོདཔ་ཨིན་ན་ དར་གོས་གུ་དེ་སྦེ་རང་ འཐོན་སྲིདཔ་ལས་ ག་ལུ་ཡང་ སླབ་སར་མིན་འདུག། 

ནམ་ཅིག་འབདཝ་ད་ ཆ་རོགས་གཅིག་གི་ཨ་ལོ་སྐྱེ་བའི་ཉིནམ་ བརྩི་སྲུང་འབད་སར་འགྱོ་སྟེ་ ལོག་འོང་པའི་སྐབས་ ང་བཅས་གཉིས་ཡང་ བུ་ཚབ་ལེན་ནིའི་སྐོར་ལས་ མཚོ་མོ་གིས་སླབ་དེས། མོ་གིས་དེ་སྦེ་སླབ་མི་ཡང་ ཤུལ་ལས་ང་བཅས་གཉིས་ རྒས་པའི་སྐབས་བལྟ་མི་དང་ རོ་བསྡུ་མེ་གཏང་ལམ་ཆོག་འབད་མི་ ག་ཡང་མིན་འདུག་མནོ་སྟེ་ སླབ་ཨིནམ་ང་གིས་ཧ་གོ་ཡི། མི་སྡེ་བརྡ་བརྒྱུད་དང་གཡུས་སྒོ་ནང་ ཨའི་གིས་ཨ་ལོ་བཀོ་བཞག་ཡོད་པའི་ ལོ་རྒྱུས་གོ་རེ་གོ་ཚད་ནང་ འགྱོ་བལྟ་རུང་ བུ་ཚབ་ལེན་ནིའི་དོན་དག་འདི་ གྲུབ་མ་ཚུགས།

བུ་ཚབ་ལེན་ནིའི་ བསོད་ནམས་མེད་རུང་ ད་ལྟོ་སྡོད་པའི་རིང་ལུ་ རྒྱུ་དང་ནོར་ར་བསྒྲུབས་ཏེ་ཡོད་པ་ཅིན་ ཤུལ་ལས་རང་ བལྟ་མི་ཅིག་འཐོན་དོ་འོང་ དེ་སྦེ་མེན་རུང་ ལོ་ན་རྒས་པའི་སྐབས་ བག་ཆགས་ཞེན་ཆགས་ག་ནི་ཡང་མེད་པར་ དགོན་པ་ཅིག་ནང་ ཆོས་བསྒྲུབ་སྟེ་སྡོད་དགོ་ནི་མས་ ཟེར་སླབ་པའི་སྐབས་ དེ་སྦེ་མནོ་དོ་བཟུམ་སྦེ་ མི་འགྱོ་ནི་ཨིནམ་ མོ་གིས་མངོན་ཤེས་མཁྱེན་དོ་བཟུམ་སྦེ་ ང་ལུ་བལྟ་ཡི་རང་ མིག་ཆུ་ཤོར་མི་འདི་ ད་ལྟོའི་བར་ན་ཡང་ དཔྱད་རིག་འདུག།

མི་ཚེ་རླུང་གི་འཁོར་ལོ་ནང་ སྡུག་བསྔལ་ཆུའི་གཉེར་མ་གིས་སྤུབས་ཏེ་ ལག་པར་ཐོབ་ནི་མེད་པའི་ རེ་བ་བསྐྱེད་ཡི་རང་ གནས་སྟངས་འདི་བཟུམ་ནང་ཚུད་སོང་ཡི། སྔོན་མ་འབད་ནི་ཨིནམ་མི་འདི་ ད་ལྟོ་འབད་དགོ་མནོ་ ད་ལྟོ་ རྣམ་རྟོག་མེད་པའི་ལུས་ཀྱིས་མ་ལྕོགས་པར་སྡོད་དགོ་པས། ཚེ་ལུ་རྟག་པ་མེདཔ་ཤེས་རུང་ རྫོགས་ནི་མེད་པའི་འཆར་གཞི་ལུ་ སེམས་བག་གཡེང་ཤོར་ དྲན་པའི་ཀཝ་ཡང་ ར་ལས་རུལ་པའི་ཚེ་ བློ་འགྱོད་བསྐྱེད་པའི་སྐབས་ རང་སོའི་ཚེ་སྔོན་མའི་ལས་ལུ་ ཁ་གཏང་ནི་ལས་གཞན་ འབད་ཐབས་ག་ནི་ཡང་མིན་འདུག། 

སྔོན་མ་གཞོན་པའི་དུས་སྐབས་ལུ་ རྫོགས་ནི་མེད་པའི་འཆར་གཞི་གི་རྩིབས་རྐྱབ་མི་གིས་ ད་རིས་རང་རྒས་པའི་དུས་ལུ་ གནས་སྟངས་འདི་བཟུམ་ནང་ལྷོདཔ་ད་ འཆར་གཞི་གི་རྩིབས་འགྱལ་བའི་སྐབས་ རང་ཡང་ཟུག་རུ་ཏོག་ཁར་ཕོགཔ་མས། ཁྱོད་ན་གཞོན་ཚུ་ཡང་ ནངས་པ་འབད་ནི་འདི་ད་རིས་དང་ ད་རིས་འབད་ནི་འདི་ ད་ལྟོ་ལས་རང་ འབད་བ་ཅིན་ བློ་འགྱོད་པ་ཤུལ་ལས་མི་བསྐྱེད་དོ་འོང་མནོ་ བསམ་ཚུལ་ཅིག་ཨིན།

དེ་བསྒང་གི་ འཆར་གཞི་འདྲ་མིན་སྣ་ཚོགས་ དོང་ནང་ལས་གྱོག་མོ་འཐོན་དོ་བཟུམ་ཡོད་མི་དང་ དཀའཝ་སྤྱད་དེ་བསྒྲུབས་ཡོད་་པའི་ རྒྱུ་ནོར་དང་རེ་བ་ཚུ་ བྱེམ་གྱི་ཁྱིམ་རྩ་བ་ལས་ཧྲམ་དོ་བཟུམ་ ཧྲམ་པའི་སྐབས་ འཇིག་རྟེན་ལཱ་དང་བྱ་བ་ལུ་ རྟག་པ་དང་སྙིང་པོ་ཅིག་ ག་ནི་ཡང་ མིན་འདུག།

ཚར་གཅིག་འབདཝ་ད་ ང་སློབ་གྲྭ་ནང་ཆོས་སྟོན་སྡོད་པའི་བར་ན་ གནམ་གྱི་ཐགཔ་ཆད་དེ་ ངེའི་མགུ་ཏོག་གུ་ཕོག་ཆིཝ་བཟུམ་མའི་ སྣང་བ་ཅིག་ཤར་བའི་ དཔྱད་རིག་འདུག། དེ་ལས་དྲན་པ་ ལྷོད་དེ་བལྟཝ་ད་ ཁྲག་ཤུགས་ཀྱི་ནད་ལས་བརྟེན་ དྲན་པ་མེད་པར་ ལོ་ངོ་༥་ཙམ་ སྨན་ཁང་ནང་ ལུས་ཡོདཔ་ཤེས་ཅི། དེ་བསྒང་ བར་ན་ལས་ དཀའཝ་སྡུག་ཤོས་ར་ ངེའི་མཚོ་མོ་འདི་ཨིནམ་ཤེས་ཏེ་ མོ་ན་ཟུག་མྱོང་སར་བཟོད་མ་ཚུགས་པར་ མོ་ལུ་ཆ་རོགས་འབད་ནིའི་སེམས་ཡོད་རུང་ ང་གདན་མལ་ཆ་ནང་ལས་ ལོང་ར་མ་ཚུགས་པའི་ བྱ་བ་ལུ་ལྷོད་སོང་ནུག། དུས་དེ་ལས་འགོ་བཙུགས་ཏེ་ མི་རྟག་པ་ཟེར་མིའི་སྙིང་པོ་འདི་ ང་གིས་ལེགས་ཤོམ་སྦེ་ར་ ཤེས་ཚུགས་ཅི།

ཚེ་ལན་ཐེངས་གཅིག་གི་གྲོགས་ ལྷ་ལས་གནང་པའི་ དངོས་གྲུབ་ཨིན་མནོ་སྟེ་ ང་མོ་གིས་ཨ་ལོ་བཟུམ་སྦེ་ གསོ་བ་གིས་མ་ཚད་ གནས་ཡུན་མ་ཚངམ་ལས་ གཡོག་ལས་དགོངསམ་ཞུ་དགོ་འཐོན་ ལྟོ་དང་མིག་ཆུ་མཉམ་ཅིག་ཟ་བའི་ དུས་ངན་འདི་ ཕངས་སི་སི་གཅིག་དང་ འཁྲུལ་སི་སི་ཅིག་ཨིནམ་མས། ང་ལས་སྨོན་ལམ་ཟེར་རུང་ སྐྱེཝ་ཕྱི་མ་ ལོག་གཉེན་སྦེ་འཛོམས་མ་ཚུགས་རུང་ ཕམ་བུ་གཞི་སྦེ་ སྐྱེས་བཅུག་ཟེར་སྨོན་ལམ་བཏབ་ཨིན། སྨན་ཁང་འདི་ནང་ ལོ་ངོ་མང་རབས་ཅིག་ སྡོད་པའི་ཤུལ་མ་ བདུན་ཕྲག་གཅིག་གི་སྔོན་མ་ མཚོ་མོ་ཡང་ སྨན་བཅོས་ཚབས་ཅན་ཅིག་ འབད་དགོཔ་འཐོནམ་ལས་ མོ་ཡང་སྨན་ཁང་འདི་ནང་ སངས་རྒྱསས་སྨན་བླའི་ སྐྱབས་འོག་ལུ་བརྟེན་སྡོད་དོ་ཡོདཔ་ལས་ ང་གིས་མོ་མཐོང་མ་ཚུགས་པའི་ ན་ཟུག་འདི་ འགྲེལ་བཤད་མཁས་པ་ཚུ་གིས་ཡང་ བཤད་པ་རྐྱབ་མ་ཚུགས་པའི་ ན་ཟུག་ཅིག་ཨིན།

ད་རིས་ ང་གིས་ཞུ་མི་ རང་ཚུལ་ལོ་རྒྱུས་འདི་ ཁྱོད་ཚུ་གི་ཚོར་སྣང་དང་གཅིག་ཁར་ རྩེདམོ་རྩེད་ནི་དང་ ཧིང་བཀུག་ནིའི་དོན་ལུ་མེད་པར་ ང་བཅས་ག་ར་འབད་རུང་ ལས་དང་དབང་གི་རི་མོ་དང་འཁྲིལ་ གནས་སྟངས་ཀྱི་མཐོང་སྣང་ འདྲ་མིན་སྣ་ཚོགས་ གསལ་སྟོན་འབད་དོ་ཡོདཔ་ལས་ ལཱ་ཚུ་ཧ་མ་དྲག་ འཕྱིས་མ་དྲག་པར་ དུས་རྒྱུན་དུ་ རང་གི་དཀོན་མཆོག་གསུམ་འདི་ སྤྱི་གཙུག་སྦུག་ལུ་བཙུགས་ཏེ་ ལཱ་འབད་དགོཔ་ཨིན་ཟེར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ ནདཔ་ཕུར་པ་རབ་རྒྱས་ཀྱིས་ ཞུཝ་ཨིན། 

རྒྱལ་ཡོངས་སྐད་ཡིག་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་ཡོད་ཞུ།

དུས་མཐུན་གྱི་དོན་ལུ་ འདི་ནང་ ཨེབ་གནང་།    👈Like & Share my official Facebook page

Comments

མི་མངམ་གིས་ ལྷག་མི་རྩོམ།

སྙིང་རྗེ་མེད་པའི་འཆི་བདག།

Atomic Habits- James Clear(Book Review)

འབྲུག་རྒྱལ་ཁབ་ཀྱི་མིང་མ་འདྲཝ་བཏགས་ཚུལ་གྱི་སྐོར།

Shechen Rabjam Rinpoche

ཕུན་ཚོགས་གླིང་གི་འཁྲུལ་སྣང་། Sorrows of Phuntsholing

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།