Skip to main content

༈ སྒྲོལ་མའི་བསྟོད་པ་ཕྱག་འཚལ་བ་ཉི་ཤུ་རྩ་གཅིག

༄༅། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །
༡༽ སྒྲོལ་མ་མྱུར་མ་དཔའ་མོ་ལ་བསྟོད་པ།

ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །
སྤྱན་ནི་སྐད་གཅིག་གློག་དང་འདྲ་མ། །
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །
གེ་སར་བྱེ་བ་ལས་ནི་བྱུང་མ། །
༢༽སྒྲོལ་མ་ཅན་མ་ལ་བསྟོད་པ།
ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །
གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །
སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །
རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །
༣༽སྒྲོལ་མ་བསོད་ནམས་མཆོག་སྟེར་ལ་བསྟོད་པ།
ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །
པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །
སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །
བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །
༤༽སྒྲོལ་མ་གཙུག་ཏོར་རྣམ་རྒྱལ་མ་ལ་བསྟོད་པ།
ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །
མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ། །
མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །
རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །
༥༽ སྒྲོལ་མ་རིག་བྱེད་མ་ལ་བསྟོད་པ།
ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེ །
འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །
འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །
ལུས་པ་མེད་པར་འགུགས་པར་ནུས་མ། །
༦༽སྒྲོལ་མ་འཇིགས་བྱེད་མ་ལ་བསྟོད་པ།
ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །
རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །
འབྱུང་པ་རོ་ལངས་དྲི་ཟ་རྣམས་དང་། །
གནོད་སྦྱིན་ཚོགས་རྣམས་མདུན་ནས་བསྟོད་མ། །
༧༽ སྒྲོལ་མ་གཞན་གྱིས་མི་ཐུབ་མ་ལ་བསྟོད་པ།
ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱི། །
ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །
གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །
མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །
༨༽སྒྲོལ་མ་གཞན་ལས་རྒྱལ་མ་ལ་བསྟོད་པ།
ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས། །
བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །
ཆུ་སྐྱེས་ཞལ་ནི་ཁྲོག་གཉེར་ལྡན་མཛད། །
དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །
༩༽སྒྲོལ་མ་སེང་ལྡེང་ནགས་ལ་བསྟོད་པ།
ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །
སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །
མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །
རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །
༡༠༽སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་མ་ལ་བསྟོད་པ།
ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །
དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །
བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །
བདུད་དང་འཇིག་རྟེན་དབང་དུ་མཛད་མ། །
༡༡༽སྒྲོལ་མ་ནོར་སྟེར་མ་ལ་བསྟོད་པ།
ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །
ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །
ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །
ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །
༡༢༽སྒྲོལ་མ་བཀྲ་ཤིས་དོན་བྱེད་མ་ལ་བསྟོད་པ།
ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན། །
བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །
རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །
རྟག་པར་ཤིན་ཏུ་འོད་རབ་མཛད་མ། །
༡༣༽སྒྲོལ་མ་དགྲ་དཔུང་འཇོམས་མཛད་མ་ལ་བསྟོད་པ།
ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །
འབར་བའི་ཕྲེང་བའི་དབུས་ན་གནས་མ། །
གཡས་བརྐྱང་གཡོན་བསྐུམ་ཀུན་བསྐོར་དགའི། །
དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །
༡༤༽སྒྲོལ་མ་ཁྲོ་གཉེར་ལྡན་མཛད་མ་ལ་བསྟོད་པ།
ཕྱག་འཚལ་ས་གཞི་ངོས་ལ་ཕྱག་གི །
མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །
ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །
རིམ་པ་བདུན་པོ་རྣམས་ནི་འགེམས་མ། །
༡༥༽སྒྲོལ་མ་རབ་ཞི་མ་ལ་བསྟོད་པ།
ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །
མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །
སྭཱཧཱ་ཨོཾ་དང་ཡང་དག་ལྡན་པས། །
སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །
༡༦༽སྒྲོལ་མ་འབར་བའི་འོད་ཅན་མ་ལ་བསྟོད་པ།
ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །
དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །
ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །
རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །
༡༧༽སྒྲོལ་མ་དཔག་མེད་གནོན་མ་ལ་བསྟོད་པ།
ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །
ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །
རི་རབ་མནྡཱ་ར་དང་འབིགས་བྱེད། །
འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །
༡༨༽སྒྲོལ་མ་རྨ་བྱ་ཆེན་མོ་ལ་བསྟོད་པ།
ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །
རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །
ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །
དུག་རྣམས་མ་ལུས་པར་ནི་སེལ་མ། །
༡༩༽སྒྲོལ་མ་མི་ཕམ་རྒྱལ་མོ་ལ་བསྟོད་པ།
ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །
ལྷ་དང་མིའམ་ཅི་ཡིས་བསྟེན་མ། །
ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས། །
རྩོད་དང་རྨི་ལམ་ངན་པ་སེལ་མ། །
༢༠༽སྒྲོལ་མ་རི་ཁྲོད་མ་ལ་བསྟོད་པ།
ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །
སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །
ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །
ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །
༢༡༽སྒྲོལ་མ་འོད་ཟེར་ཅན་མ་ལ་བསྟོད་པ།
ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །
ཞི་བའི་མཐུ་དང་ཡང་དག་ལྡན་མ། །
གདོན་དང་རོ་ལོངས་གནོད་སྦྱིན་ཚོགས་རྣམས། །
འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །
རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །
ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག། །།

༈ སྒྲོལ་མ་ཉི་ཤུ་རྩ་གཅིག་གི་མཚན་བསྟོད།
༄༅། །རྒྱལ་བ་ཀུན་གྱི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་བའི་ཡུམ་གྱུར་མ་ལུས་རྒྱལ་བའི་ཕྲིན་ལས་ཀུན་འགྲུབ་མ།།
(༡)མྱུར་མ་དཔའ་མོ་(༢)དབྱངས་ཅན་མ་དང་(༣)བསོད་ནམས་མཆོག་སྟེར་(༤)རྣམ་རྒྱལ་(༥)རིག་བྱེད་མ་དང་(༦)འཇིགས་བྱེད་མ།།
(༧)གཞན་གྱིས་མི་ཐུབ་(༨)གཞན་ལས་རྒྱལ་དང་(༩)སེང་ལྡེང་ནགས་ཀྱི་སྒྲོལ་མ་(༡༠)འཇིག་རྟེན་གསུམ་རྒྱལ་(༡༡)ནོར་སྟེར་མ།།
(༡༢)བཀྲ་ཤིས་དོན་བྱེད་(༡༣)དགྲ་དཔུང་འཇོམས་མཛད་(༡༤)ཁྲོ་གཉེར་ལྡན་མཛད་(༡༥)རབ་ཞི་མ་དང་(༡༦)འབར་བའི་འོད་ཅན་མ།།
(༡༧)དཔག་མེད་གནོན་མ་(༡༨)རྨ་བྱ་ཆེན་མོ་(༡༩)མི་ཕམ་རྒྱལ་མོ་(༢༠)རི་ཁྲོད་མ་དང་(༢༡)འོད་ཟེར་ཅན་མར་འདུད།།
འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་མ་ཀྱེ་བསམ་དོན་སྒྲུབ་འདོད་བདག་ཀྱང་ཁྱོད་ལ་རེའོ་རྗེ་བཙུན་མ།། །།

Comments

མི་མངམ་གིས་ ལྷག་མི་རྩོམ།

སྙིང་རྗེ་མེད་པའི་འཆི་བདག།

Atomic Habits- James Clear(Book Review)

འབྲུག་རྒྱལ་ཁབ་ཀྱི་མིང་མ་འདྲཝ་བཏགས་ཚུལ་གྱི་སྐོར།

Shechen Rabjam Rinpoche

ཕུན་ཚོགས་གླིང་གི་འཁྲུལ་སྣང་། Sorrows of Phuntsholing

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།