༉ བསོད་ནམས་དམན་པའི་སྙིགས་མའི་དུས་འདི་ནང་།།
རིགས་རུས་བཞི་འཛོམས་བྱང་ཆུབ་སེམས་དཔའ་མཆོག།
རྟོགས་ལྡན་ཞལ་སློབ་འཁྲུལ་ཞིག་རྒྱལ་མཚན་གྱི།།
ཞལ་སློབ་རིག་འཛིན་ཡུམ་མཆོག་ཀུན་བཟང་ལས།།
དགེ་བཤེས་པད་མ་ཚེ་རིང་ཡང་སྲིད་མཆོག།
རྟགས་དང་མཚན་མ་བཟང་པོའི་གཟིམ་སྣང་བཅས།།
སྨན་ལྗོངས་འབྲུག་ཡུལ་འདི་ནང་འཁྲུངས་པར༌མཚར།།
དད་ལྡན་རྨ་བྱ་གླུ་དབྱངས་ལེན་ལ་ལྟོས།།
རྟོགས་ལྡན་གྲུབ་དབང་བསོད་ནམས་བཟང་པོ་དང་།།
བཀའ་རྙིང་བླ་ཆེན་རྣམས་ལས་དབང་ལུང་ཞུ།།
འབྲུག་གི་བསྟན་པ་འཛིན་པའི་སྐྱེས་ཆེན་མཆོག།
ཚུལ་ཁྲིམས་ཕར་རོལ་ཕྱིན་པའི་སྐྱབས་གནས་ཨིན།།
བསྟན་པའི་སྲོག་ཤིང་འཛིན་པའི་སྒྲུབ་སྡེ་དང་།།
ནང་ཆོས་ལྟེ་བའི་འཕགས་པའི་སྡེ་ཚུ་བཙུགས།།
རྫོང་ཁག་ཉི་ཤུའི་སྨོན་ལམ་ཆེན་མོ་གནང་།།
དྲི་མ་མེད་པའི་དམ་ཆོས་ཉི་མ་ཤར།།
འཁོར་བའི་སེམས་ཅན་སྙིང་རྗེའི་ལྕགས་ཀྱུས་བཏབ།།
ཐུགས་བརྩེས་འགྲོ་རྣམས་མ་ཡི་བུ་བཟུམ་བསྐྱང་།།
ཕྱོགས་བཞི་ག་ཏེ་ལྷོད་རུང་མ་ཎིའི་གདངས།།
འཕགས་ཡུལ་པོ་ཏ་ལ་ཡང་འབྲུག་ལུ་འཕོས།།
འབྲུག༌ཡུལ༌འདི༌ནང༌སྐྱེས༌མི་མི༌སེར༌ཚུ།། སྐྱབས༌མགོན༌དམ༌པ༌མཇལ༌བར༌བསྐལ༌བ༌བཟང༌།།
ཐར༌པའི༌ལམ༌བཟང༌ས༌བོན༌དམ༌པའི༌ཆོས།། སྐྱབས༌རྗེ༌མཆོག༌ལས༌ཞུ༌བར༌བསམ༌པ༌རྫོགས།།
དམ་པའི་ཆོས་ཀྱི་སྙིང་པོ་ཡོད་ཚུལ་དང་།།
ཆོས་ཀྱི་བྱིན་བརླབ་དངོས་སུ་མཇལ་ཐབས་ལུ།།
སྟོན་པ་རྡོ་རྗེ་གདན་མའི་སྐུ་མདུན་ལུ།།
བཀའ་འགྱུར་ལྗགས་ལུང་གནང་པའི་བསྐལ་བཟང་དུས།།
ས་དང་གནམ་ཡང་ག་ར་འཇའ་གིས་བསྐོར།།
བྱིན་རླབས་ཆེ་བའི་མེ་ཏོག་ཆར་ཆུ་བབས།།
ཕྱོགས་བཞི་མཚམས་ཀྱི་དད་ལྡན་མི་སེར་ཚུ།།
ལུས་ངག་ཡིད་གསུམ་གུས་པའི་ཕྱག་སྟོང་འཕུལ།།
སྐྱབས༌རྗེའི༌རང༌ཚུལ༌གང༌ཤར༌གཏམ༌འཕྲེང༌ནང་།།
ཡང་སྲིད་སྤྲུལ་སྐུ་ཡང་ཡང་མི་འབྱོན་ཟེར།།
ཡིག་འབྲུ་མཇལ་བ་ཙམ་གྱིས་མིག་ཆུ་ཤོར།།
ལས་ངན་ང་བཅས་བསོད་ནམས་ཆུང་སོང་ནུག།
མ་རྣམས་སེམས་ཅན་ཐར་པའི་ལམ་ལུ་བཀོད།།
སྤྱན་རས་གཟིགས་དབང་དམ་པའི་སྐུ་དྲིན་གྱིས།།
རྡོ་རྗེ་འཆང་གི་གོ༌འཕང༌སྐྱེས་བར་ཤོག།
Comments
Post a Comment