Skip to main content

གཞོང་སྒར་རྫོང་གི་ལོ་རྒྱུས་མནའ་རབས་གསལ་བའི་མེ་ལོང་བཞུགས།

 ༆ །ཀྱཻ༑ ཁམས་གསུམ་གླེང་དགུ་རྒྱ་ཆེར་གྲངས་མང་ཡང་། །འདོད་དགུ་འབྱུང་བ་ཀུ་རི་ཆུ་ རྒྱུན་དང་། །བཀྲ་ཤིས་གཡང་ཆགས་རྫོང་ཆེན་གཞོང་་དཀར་འདི། །མཛེས་ཤིང་བཀོད་ལེགས་རི་ རྒྱལ་ལྷུན་པོ་འདྲ། །ཞེས་པ་ལ་སོགས་པ་བསྟོད་པའི་ཚིག་གིས་མདུན་བསུས་ཏེ་གཞོང་སྒར་རྫོང་གི་ལོ་རྒྱུས་མདོར་བསྡུས་ཤིག་བཀོད་པར་བྱ་སྟེ། 

དེ་ཡང་སྤྱི་ལོ ༡༥༧༠ ཙམ་ལ་ཡབ་རྗེ་བསྟན་པའི་ཉི་མས་མ་འོངས་པར་དཔལ་ལྡན་འབྲུག་པའི་མངའ་དབང་བསྒྱུར་བའི་སླད་དུ་རྫོང་གཞི་སོགས་རིམ་པར་ཆགས་བཏབ་པའི་ནང་གསེས་འབྲུག་ཤརཕྱོགས་སུ་བུམ་ཐང་བྱ་དཀར་རྫོང་་དང་གཞོང་སྒར་རྫོང་གཉིས་ཆགས་བཏབ་གནང་། ཕྱིས་སུ་བླ་མ་རྣམ་སྲས་དང་དབུ་མཛད་དམ་ཆོས་རབ་རྒྱས། གཞོང་སྒར་རྒྱལ་པོ་དཀར་པོ་གདུང་གི་སྐབས་སྤ་གྲོ་ནས་བཟོ་ཆེན་བཱ་ལ་ཞེས་པ་གདན་འདྲེན་ཏེ་རྫོང་གསར་བཞེངས་ཀྱི་ཕྱག་ལཱ་འགོ་འཛུགས་ནས་ཤར་ཕྱོགས་ན་དགྲ་འདུལ་རྫོང་། ལྷོ་ཕྱོགས་ན་ཆུ་རྫོང་། ནུབ་ཕྱོགས་ན་ལྟག་རྫོང་། བྱངཕྱོགས་ན་ན་ལྡུམ་རྭ་སྲིབ་ཀྱི་རྫོང་བཞི་དང་། ཤར་ཕྱོགས་ན་དཔུང་ལས་རྒྱལ་བའི་གླིང་།ལྷོ་ཕྱོགས་ན་མཐའ་དམག་གདུལ་བའི་གླིང་། ནུབ་ཕྱོགས་ན་བསྟན་དགྲའི་ཚོགས་རྣམས་འཇོམས་པའི་གླིང་།བྱང་ཕྱོགས་ན་དགྲ་བོ་འཁོར་བཅས་རྡུལ་དུ་རློག་པའི་གླིང་གི་དབུས་སུ་རི་རྒྱལ་ལྷུན་པོ་ལྟ་བུ་ཁྱད་ཆོས་གཞན་ན་མེད་པ་འགྲན་ཟླ་དང་བྲལ་བ་མཛེས་ཤིང་བཀོད་ལེགས་པ་དབུ་རྩེ་ཐོག་ལྔ་འཁྱམས་དང་བཅས་ལེགས་པར་བསྒྲུབས་སོ། །

དེ་ནས་རྫོང་དཔོན་་གྱིས་བཟོ་བོ་ལ་གཞོང་སྒར་རྫོང་འདི་རྐྱེན་བར་ཆད་སོགས་མེད་པར་ལེགས་པར་བསྒྲུབ་ཟིན། ད་དུང་རྫོང་གཞི་འདི་འདྲ་གཞན་ལ་བཞེངས་ན་ལེགས་པར་ཨེ་འབྱུང་ཞེས་ཐབས་ཀྱིས་འདྲིས་པས་ དེའི་ལན་དུ་བཟོ་བོས་ཉམས་མྱོང་ལེགས་པར་ཐོབ་པས་དེ་ལས་ལྷག་པར་བཞེངས་ཐུབ་ཟེར་ཞུས་པས་ རྫོང་འདི་ལས་ལྷག་པར་གཞན་ལ་བཞེངས་ཀྱིས་འདོགས་ནས་བཟོ་བོའི་བསྐྱལ་ཆང་བཞུགས་ཁྲི་ཟེར་སར་བསྐལ་ནས་ཆང་གིས་ར་བཟིར་དུ་བཅུག་ནས་ལག་པ་གཡས་པ་གྲིས་བཏོགས་པར་གྲགས།  བཟོ་བོས་སྨོན་་ལམ་ལོག་པར་བཏབ་པའི་རྐྱེན་ལས་ཚེའི་འདུས་བྱས་ནས་གནས་དེར་སྦྲུལ་གདུག་པ་ཅན་དུ་སྐྱེས་ནས་ཉིན་རེ་བཞིན་དུ་རྟ་རེ་བདུད་ཀྱིས་ཟ་བ་དང་མི་དང་དུད་འགྲོ་སོགས་ལ་གནོད་པ་ཚབས་ཆེན་བྱེད་པས་སྦྲུལ་གདུག་པ་ཅན་གདུལ་བའི་སླད་དུ་བུམ་ཐང་པད་ཚལ་གླིང་ནས་ས་སྐྱའི་བླ་མ་སྤྲུལ་སྐུ་གདན་འདྲེན་ཞུས་ཏེ་ལོ་རྒྱུས་རྣམས་ཞུས་པས་བླ་མའི་ཞལ་ནས་བཞག་བདུན་གྱི་རིང་གནས་པོའི་ཕོ་བྲང་ནང་དུ་སྒྲུབ་པ་གནང་རྒྱུའི་ཞལ་བཞེས་མཛད། ཁྱེད་དཔོན་གཡོག་རྣམས་བལྟ་བ་སོགས་མ་བྱེད་ཨང་ཞེས་གསུངས་པས་དཔོན་གཡོག་རྣམས་བློ་མ་བདེ་བར་ཞག་དྲུག་པར་གཟིམ་དཔོན་ཡིབ་ནས་བལྟ་བར་བཏང་པས་བླ་མའི་མདུན་དུ་སྦྲུལ་མོ་ཆེ་འཁོར་གྱིས་བསྐོར་ནས་སྦྲུལ་མགོ་ཁྲུ་སྒང་ལྷག་ཙམ་ཡར་ལངས་ནས་བླ་མ་ལ་ཕྱག་འཚལ་བར་མཐོང་བས་དཔོན་གཡོག་ཐམས་ཅད་དད་པར་གྱུར། བློ་མ་བདེ་བར་བལྟ་བའི་རྐྱེན་ལས་དམ་བཏགས་མ་ཚུགས་པར་བཀའ་སྲུང་གི་གྲལ་དུ་བཞག་པ་ཡིན་ནོ་ཞེས་གསུངས་པས་གོ་ལང་བྲག་བཙན་ཞེས་གཞོང་སྒར་གནས་པོ་དེ་ཡིན་ནོ། 

སྔོན་མ་དཀར་སྦི་མཆོད་གཞི་དེ་རྩ་མང་ལྟོ་ཀ་རིའི་ཡུལ་མི་རྣམས་ཀྱིས་བགོ་བཤའི་ལས་བྱེད་པའི་སྐབས་ཤིག་ན་ཡུལ་དེ་ཁའི་བུད་མེད་པཎ་ཆེན་བཟང་མོ་ཞེས་པ་ཞིག་གི་སྒམ་དུ་མཚན་མོ་དུས་རྒྱུན་ཕོ་བཟང་ཞིག་འོང་བ་སུ་ཡིན་ངོས་འཛིན་པའི་ཆེད་དུ་གོ་ལའི་འཇོག་ཐག་ཏུ་སྐུད་པ་བཏགས་ནས་བཏང་བས་སྔ་དྲོ་སྐུད་པའི་བརྡ་ལམ་དུ་སོང་ནས་བལྟས་པས་སྦྲུལ་མོ་ཆེན་དང་ཕྲད་ནས་སྲོག་གཅོད་པས་ དུས་ཡུན་མ་རིང་བར་མཆོད་གཞི་དེར་གླང་བདོ་གཅིག་གི་ལྕང་ལ་མོ་རང་རྐྱང་གི་ཉིན་གཅིག་ལ་ངལ་གསོ་མེད་པར་རས་ལྕམ་བཙུགས་ཟིན་མ་ཐག་ཨ་ལ་ཞེས་རྐེད་པ་ཡར་འཕྲང་མ་ཐག་ཚེའི་འཕེན་པ་རྫོགས་ཏེ་གཞོང་སྒར་གནས་པོའི་འཁོར་དུ་སྐྱེ་བ་བླངས་ནས་གསང་ཡུམ་པཎ་ཆེན་བཟང་མོ་ཞེས་པ་དེའོ།། གཞོང་སྒར་རྒྱལ་པོ་དཀར་དུང་། རྫོང་དཔོན་ངག་དབང་དཔལ་འབྱོར་ནས་རྫོང་དཔོན་ཀོ་ལོག་པའི་བར་རྫོང་དཔོན་དང་དུས་ཚོད་ཀྱི་ངེས་པ་མ་རྙེད་པས་རེ་ཞིག་བརྗེད་པར་མ་སྤོགས་ཀྱངརྫོང་དཔོན་་ཀོ་ལོག་པ། སྣ་མེད་ལ། འཇམ་དཔལ། དར་དཔོན་ཆོས་ཀྱི་རྒྱལ་མཚན། བསམ་གྲུབ། ལྕགས་ས་མཁར་པ་ཨ་རྒས་བསོད་ནམས་དོན་གྲུབ། རྡོ་རྗེ་དཔལ་འབྱོར། ཀུན་བཟང་དབང་འདུས་བཅས་སོ།  རྫོང་དཔོན་ཀོ་ལོག་པའི་སྐབས་འགྲོ་བ་སེམས་ཅན་གྱི་བསོད་ནམས་ཀྱི་མ་ཐེག་པར་ས་གཡོམ་རྒྱུན་ཆད་མེད་པར་རྒྱབ་པའི་རྐྱེན་གྱིས་གཞོང་སྒར་རྫོང་ཞིག་རལ་དང་།  ལ་ལ་རྩིག་མེད་དུ་སོང་།  ལ་ལ་གྲམ་ཆག་དང་། ཚེ་སྲོག་ལ་ཉེན་ཁ་ཆེ་བ་མ་ཟད་ ས་གནས་དེར་ཧ་ཅང་ཚ་དྲོད་ཆེ་བའི་བསྟབས་ཀྱི་རྟེན་དང་བཅས་པ་མོང་སྒར་དུ་སྤོ་བཤུས་མཛད་ནས་ ནང་རྟེན་སྐུ་གསུང་ཐུགས་རྟེན་དང་བཅས་པ་ཐམས་ཅད་མ་ཉམས་པར་ད་ལྟའི་བར་དུ་མོང་སྒར་ནོར་བུ་ཆོས་གླིང་རྫོང་ནང་དུ་མཇལ་བའི་ཡུལ་དུ་གྱུར་པའོ། །

གཞོང་སྒར་རྫོང་ནས་མོང་སྒར་ཕྱོགས་སུ་ས་གནས་ཀུ་རི་ཆུའི་ཉེ་འདབ་ཀུ་རི་ཟམ་པའི་མཆོད་རྟེན་ཆེན་མོ་དེ་གཞོང་སྒར་ཆ་འདུས་ཀྱི་སྒོམ་ཆེན་རྣམས་ཀྱིས་བཞེངས་ཏེ་བཀྲིས་པའི་རབ་གནས་དེ་ཡང་པད་ཚལ་གླིང་ས་སྐྱ་བླ་མ་སྤྲུལ་སྐུས་གནང་བར་གྲགས་སོ། །དེ་ལྟར་གཞོང་སྒར་རྫོང་གི་རྟོགས་བརྗོད་སྔར་ནས་ཡིག་ཐོག་ཏུ་མེད་པ་མ་མཛད་གསུང་རབ་ཁུངས་ཐུབ་པ་དག་མཇལ་བའི་ཡུལ་དུ་མ་གྱུར་པས་རྒན་པོ་འགའ་ཡིས་ངག་རྒྱུན་ལ་གཞི་བཅོལ་ནས་སྔ་རབས་ཀྱི་གནས་ཚུལ་བྱ་ལམ་རྗེས་མེད་དུ་མ་འགྲོ་བའི་ཕྱིར་རྒྱལ་རབས་དང་བཀའ་འགྱུར་དཀར་ཆག་སོགས་ལས་འབྱུང་བ་བཞིན་མ་འོངས་བུ་བརྒྱུད་སྐྱེ་བོ་དད་ལྡན་རྣམས་ཀྱི་ཆེད་དུ་མདོ་ཙམ་ཞིག་བྲིས་པ་ཡིན་ནོ།།   འཕར་བ་ཞེས་པ་གནམ་ལོ་ལྕགས་མོ་གླང་ལོའམ་སྤྱི་ལོ་༢༠༢༡ ལ་དབུ་མཛད་མིང་འཛིན་པ་བདེ་ཆེན་ཚེ་རིང་གིས་བསྡུ་བསྒྲིགས་བགྱིས་པའོ།།

Comments

མི་མངམ་གིས་ ལྷག་མི་རྩོམ།

Lungtenzampa or is it because we are Desuup? - Dorji Choden

WORLD WAR II (September 1, 1939, to September 2, 1945)

Save me - Sonam Tenzin(ST)

སྲིད་པ་འཁོར་ལོ།

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།