Skip to main content

ཕྱག་ཐམ་ང་བཅུ་དྲུག་མའི་སྐོར་ལས།


ལུགས་གཉིས་འཁོར་ལོགས་སྒྱུར་བ་ང་།། ང་ནི་ཀུན་གྱི་སྐྱབས་སུ་བཟང་།། དཔལ་ལྡན་འབྲུག་པའི་བསྟན་འཛིན་ང་།། ང་ནི་འབྲུག་པར་བརྫུས་རྣམས་བཅོམ།། རྩོམ་པའི་དབྱངས་ཅན་གྲུབ་པ་ང་།། ང་ནི་ལེགས་བཤད་འབྱུང་ཁུངས་བཙུན།། མཐའ་བྲལ་ལྟ་བའི་བདག་པོ་ང་།། ང་ནི་ལྟ་ལོག་མཁན་སུན་འབྱོན།། རྩོད་པའི་མཐུ་སྟོབས་བདག་པོ་ང་།། ང་མདུན་མི་འདར་རྒོལ་བ་སུ།། བདུད་དཔུང་འཇོམས་པའི་དཔའ་བོ་ང་།། ང་ནུས་ཟློག་པའི་མཐུ་ཆེན་སུ།། འཆད་པའི་ངག་གི་དབང་ཕྱུག་ང་།། ང་ནི་རིག་གནས་ཀུན་ལ་མཁས།། གོང་མས་ལུང་བསྟན་སྤྲུལ་པ་ང་།། ང་ནི་འདྲ་མིན་སྤྲུལ་པའི་གཤེད།།

༡༽ ལུགས་གཉིས་འཁོར་ལོ་སྒྱུར་བ་ང་།། ཟེར་མི་འདི་ ཆོས་སྲིད་ཟུང་འབྲལ་གྱི་ཐོག་ལས་ བསྟན་པ་དང་རྒྱལ་ཁབ་ཚུལ་བཞིན་བསྐྱངས་གནང་བའི་བརྡ་མཚོན་ལུ་ ལུགས་གཉིས་འཁོར་ལོ་སྒྱུར་བ་ཟེར་གསུངསམ་ཨིན་པས།

༢༽ ང་ནི་ཀུན་གྱི་སྐྱབས་སུ་བཟང་། ཟེར་མི་འདི་ གནས་སྐབས་འཇིག་རྟེན་པའི་ལྷ་ལྟ་བུ་ཡིན་པ་ སེམས་ཅན་ཐམས་ཅད་ རང་གི་ཕ་མ་ལྟ་བའི་འདུ་ཤེས་བཞག་སྟེ་ཆགས་སྡང་ཕྱོགས་རིས་མེད་པར་ ཚེ་འདིའི་རྐྱེན་བར་ཆད་དང་ཕྱི་མ་ངན་སོང་གསུམ་གྱི་ལམ་ལས་སྐྱབ་སྟེ་མཐར་ཐུག་སངས་རྒྱས་གོ་འཕང་ལུ་བཀོད་གནངམ་ལས་ ང་ནི་ཀུན་གྱི་སྐྱབས་སུ་བཟང་ཟེར་གསུངས་ནུག

༣༽ དཔལ་ལྡན་འབྲུག་པའི་བསྟན་འཛིན་ང་། ཟེར་མི་འདི་དཔལ་ལྡན་འབྲུག་པའི་སྒྲུབ་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ལས་ མཛད་ཕྲིན་གོང་འཕེལ་གནངམ་ལས་བརྟེན་ དཔལ་ལྡན་འབྲུག་པའི་བསྟན་འཛིན་ང་ཟེར་གསུངས་ནུག

༤༽ ང་ནི་འབྲུག་པ་བརྫུས་པ་རྣམས་བཅོམ། ཟེར་མི་འདི་ཕྱི་ཁར་ལས་ བལྟབ་ད་དཔལ་ལྡན་འབྲུག་པའི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་བཟུམ་བཟོ་སྟེ་མི་སེར་གྱི་དོན་ལུ་ ཆོས་མིན་གྱི་བུ་བ་ཙང་ཙ་འབད་པའི་ཆོསཔ་བརྫུས་མ་ཚུ་ཚར་བཅད་གནངམ་ལས་ ང་ནི་འབྲུག་པ་བརྫུས་པ་རྣམས་བཅོམ་ཟེར་གསུངས་ནུག

༥༽ རྩོམ་པའི་དབྱངས་ཅན་གྲུབ་པ་ང་། ཟེར་མི་འདི་གཞུང་རིག་བསྟན་བཅོམ་རྩོམ་པ་ལུ་ ང་རང་དྲག་ཟེར་མཁས་པ་ར་རློམ་མི་ཚུ་ གི་ང་རྒྱལ་བཅོམ་གནངམ་ལས་ རྩོམ་པའི་དབྱངས་ཅན་གྲུབ་པ་ཟེར་གསུངས་ནུག

༦༽ ང་ནི་ལེགས་བཤད་འབྱུང་ཁུངས་བཙུན། ཟེར་མི་འདི་ མི་དགེ་བའི་བསླབ་བྱ་ལམ་སྟོན་ངན་པ་ཚུ་བཀག་གནངམ་ལས་ ་ང་ནི་ལེགས་བཤད་འབྱུང་ཁུངས་བཙན་་ཟེར་གསུངས་ནུག

༧༽ མཐའ་འབྲལ་ལྟ་བའི་བདག་པོ་ང་། ཟེར་མི་འདི་ ལྟ་བ་ལོག་པ་ཚུ་བཀག་གནངམ་ལས་ མཐའ་བྲལ་ལྟ་བའི་བདག་པོ་ཟེར་གསུངས་གནང་ནུག

༨༽ ང་ནི་ལྟ་ལོག་མཁན་སུ་འབྱིན། ཟེར་མི་འདི་ སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེ་བུ་རྣམ་གསུམ་པ་ལུ་ ལོག་ལྟ་སྐྱེ་མི་ཚུ་ ག་ར་ཚར་བཅད་གནངམ་ལས་ དེ་སྦེ་གསུངས་གནང་ནུག

༩༽ རྩོད་པའི་མཐུ་སྟོབས་བདག་པོ་ང་། ཟེར་མི་འདི་ ལྟ་བ་ལོག་པ་ཚུ་ ལུང་རིགས་ཀྱི་ཐོག་ལས་ རྩོད་དེ་ཚར་བཅད་གནངམ་ལས་དེ་སྦེ་གསུངས་ནུག

༡༠༽ ང་མདུན་མི་འདར་རྒོལ་བ་སུ། ཟེར་མི་འདི་ ཕྱི་ནང་གསང་གསུམ་གྱི་བསྟན་དགྲ་ཚུ་ག་ར་ཟིལ་གྱིས་གནོན་བཏངམ་ལས་ ང་མདུན་མི་འདར་རྒོལ་བ་སུ་ཟེར་གསུངས་ནུག

༡༡༽ བདུད་དཔུང་འཇོམས་པའི་དཔའ་བོ་ང་། ཟེར་མི་འདི་ ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི་འབྱུང་པོ་དགྲ་བགེགས་མི་མ་ཡིན་པའི་དཔུང་ཚོགས་ག་ར་ལྷག་མེད་བཅོམ་གནངམ་ལས་དེ་སྦེ་གསུངས་ནུག

༡༢༽ ང་ནུས་ཟློག་པའི་མཐུ་ཆེན་སུ། ཟེར་མི་འདི་ མི་དང་མི་མ་ཡིན་ག་གིས་ཡང་དོ་འགྲན་མ་ཚགསཔ་ལས་ ་དེ་སྦེ་གསུངས་ནུག

༡༣༽ འཆད་པའི་ངག་གི་དབང་ཕྱུག་ང་། ཟེར་མི་འདི་བཀའ་ཆོས་གསུངས་ནི་ལུ་ ཐོགས་མེད་ཟེར་གསུངས་གསུངསམ་ཨིན་པས།

༡༤༽ ང་ནི་རིག་གནས་ཀུན་ལ་མཁས། ཟེར་མི་འདི་ ནང་དོན་ཙམ་གྱི་མ་ཚད་པར་ ཕྱི་ཀུན་རྗོབ་ཀྱི་རིག་པ་ལུ་མཁས་ཟེར་གསུངས་ནུག

༡༥༽ གོང་མི་ལུང་བསྟན་སྤྲུལ་པ་ང་། རྒྱལ་བ་གོངམ་ཚུ་གི་ལུང་བསྟན་ལྟར་ བསྟན་འགྲོའི་དོན་ལུ་བྱོན་པའི་སྤྲུལ་པའི་སྐུ་ཅིག་ཨིན་ཟེར་གསུངསམ་ཨིན་པས།

༡༦༽ ང་ནི་འདྲ་མིན་སྤྲུལ་པའི་བཤེད།  ཟེར་མི་འདི་ སྤྲུལ་པ་བརྫས་མ་ཚུ་ཚར་བཅད་པའི་བཤེད་མ་བཟུམ་ཅིག་ཨིན་ཟེར་གསུངས་གསུངསམ་ཨིན་མས། མདོར་བསྡུ་བ་ཅིན་་ཞབས་དྲུང་གི་མཛད་པ་ཚུ་ ང་བཅུ་དྲུག་མའི་ནང་ལུ་ བསྡུཝ་མ་ཚད་དེ་ལས་ ཡང་མདོར་བསྡུ་བ་ཅིན་ དཔལ་ལྡན་འབྲུག་པར་ཕྱོགས་ལས་རྣམ་རྒྱལ་ ཟེར་མི་འདི་ནང་ལུ་ བསྡུཝ་ཨིན་པས། ལྷོ་མོན་ཁ་བཞི་དབང་དུ་བསྡུ་ཚར་ཞིནམ་ལས་ ཞབས་དྲུང་གིས་ཤིང་ལེབ་འགུར་པར་བརྐོ་སྟེ་ཁོ་རའི་ཕྱག་ཐམ་འབད་གནང་ནུག དེ་བཟུམ་གྱི་ཕྱག་ཐམ་བཟོ་གནང་མི་འདི་ཡང་ གཙོ་བོ་ཕྱི་ནང་གསང་གསུམ་གྱི་ དགྲའི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྟགས་ཚན་དང་ ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཨིན་པའི་རྟགས་མཚན་ལུ་ཡང་ཨིན་པས། ང་བཅུ་དྲུག་མའི་ཕྱག་ཐམ་ཡོད་པའི་བཀའ་ཤོག་དང་ཡིག་ཆ་ཚུ་གནམ་མེད་ས་མེད་གལ་ཅན་སྦེ་བརྩིཝ་མ་ཚད་ ཕྱག་ཐམ་གྱི་བཀའ་ཤོག་ཡོད་པ་ཅིན་ རྒྱལ་ཁབ་ནང་འཁོད་ ག་ཏེ་འགྱོ་རུང་ བརྩི་མཐོང་དང་ གུས་བཀུར་ཐོབ་ཨིན། དང་ཕུ་འབད་བ་ཅིན་ སྲུང་སྐུད་སྦེ་བཏགས་སྲོལ་ཡོདཔ་མ་ཚད་ མཚོན་ཐུབ་ཡང་ཨིན་ཟེར་ རྒས་ཤོས་ཚུ་གིས་བཤདཔ་ཨིན་པས།

འབྲུག་རྒྱལ་ཡོངས་འགྲེམས་སྟོན་ཁང་། ༼༢༠༠༩༽ འབྲུག་གི་སྔར་སྲོལ་དང་འབྱུང་རབས། སྤ་རོ། འབྲུག་རྒྱལ་ཡོངས་འགྲེམས་སྟོན་ཁང་། ཤོག་གྲངས་༧༠ ལས་༧༣ཚུན།

                             

Comments

མི་མངམ་གིས་ ལྷག་མི་རྩོམ།

སྙིང་རྗེ་མེད་པའི་འཆི་བདག།

Atomic Habits- James Clear(Book Review)

འབྲུག་རྒྱལ་ཁབ་ཀྱི་མིང་མ་འདྲཝ་བཏགས་ཚུལ་གྱི་སྐོར།

Shechen Rabjam Rinpoche

ཕུན་ཚོགས་གླིང་གི་འཁྲུལ་སྣང་། Sorrows of Phuntsholing

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།