༡༽ དང་པོ་གསལ་བྱེད་ཀྱི་རྒྱན་བཅུ་གཉིས།
༢༽ གཉིས་པ་བསྐོར་བའི་རྒྱན།
༣༽
གསུམ་པ་འགོག་པའི་རྒྱན།
༤༽
བཞི་པ་དོན་གཞན་བཀོད་པའི་རྒྱན།
༥༽
ལྔ་པ་ལྡོག་པ་ཅན་གྱི་རྒྱན།
༦༽
དྲུག་པ་སྲིད་པ་ཅན་གྱི་རྒྱན།
༧༽
བདུན་པ་བསྡུས་བརྗོད་ཀྱི་རྒྱན།
༨༽
བརྒྱད་པ་ཕུལ་བྱུང་གི་རྒྱན།
༩༽
དགུ་པ་རབ་རྟོག་གི་རྒྱན།
༡༠༽
བཅུ་པ་རྒྱུའི་རྒྱན།
སྙན་ངག་གསལ་སོགས་བཅུ།
1.
རིགས་བརྗོད་པ་ཐོག་མའི་གསལ་བྱེད།
2.
བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད།
3.
ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད།
4.
རྫས་བརྗོད་པ་ཐོག་མའི་གསལ་བྱེད།
5.
རིགས་བརྗོད་པ་བར་གྱི་གསལ་བྱེད།
6.
བྱ་བ་བརྗོད་པ་བར་གྱི་གསལ་བྱེད།
ཡོན་ཏན་བརྗོད་པ་བར་གྱི་གསལ་བྱེད།
༼རྩ་བ་ལྟར་མེད་༽
རྫས་བརྗོད་པ་བར་གྱི་གསལ་བྱེད།
༼རྩ་བ་ལྟར་མེད།༽
7.
རིགས་བརྗོད་པ་ཐ་མའི་གསལ་བྱེད།
8.
བྱ་བ་བརྗོད་པ་ཐ་མའི་གསལ་བྱེད།
ཡོན་ཏན་བརྗོད་པ་ཐ་མའི་གསལ་བྱེད།
༼རྩ་བ་ལྟར་མེད།༽
རྫས་བརྗོད་པ་ཐ་མའི་གསལ་བྱེད།
༼རྩ་བ་ལྟར་མེད།༽
9.
ཕྲེང་བའི་གསལ་བྱེད།
10.
འགལ་དོན་གསལ་བྱེད།
11.
དོན་གཅིག་གསལ་བྱེད།
12.
སྦྱར་བའི་གསལ་བྱེད།
1.
དོན་བསྐོར་བ།
2.
ཚིག་བསྐོར་བ།
3.
ཚིག་དོན་གཉིས་ཀས་བསྐོར་བ།
1.
བྱུང་བའམ་འདས་པ་འགོག་པ།
2.
མངོན་གྱུར་རམ་ད་ལྟ་བ་འགོག་པ།
3.
འབྱུང་འགྱུར་རམ་མ་འོངས་པ་འགོག་པ།
4.
ཆོས་འགོག་པ།
5.
ཆོས་ཅན་འགོག་པ།
6.
རྒྱུ་འགོག་པ།
7.
འབྲས་བུ་འགོག་པ།
8.
རྗེས་གནང་གིས་འགོག་པ།
9.
དབང་གིས་འགོག་པ།
10.
མ་གུས་པས་འགོག་པ།
11.
ཤིས་བརྗོད་ཀྱིས་འགོག་པ།
12.
རྩུབ་མོས་འགོག་པ།
13.
གྲོགས་ཀྱི་འགོག་པ།
14.
འབད་པས་འགོག་པ།
15.
གཞན་དབང་གིས་འགོག་པ།
16.
ཐབས་ཀྱིས་འགོག་པ།
17.
ཁྲོ་བོས་འགོག་པ།
18.
མྱ་ངན་གྱིས་འགོག་པ།
19.
འགྱོད་པས་འགོག་པ།
20.
ཐེ་ཚོམ་གྱིས་འགོག་པ།
21.
སྦྱར་བས་འགོག་པ།
22.
དོན་གཞན་འགོག་པ།
23.
རྒྱུས་འགོག་པ།
1.
ཀུན་ཁྱབ་དོན་གཞན་བཀོད་པ།
2.
ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ།
3.
སྦྱར་བའི་དོན་གཞན་བཀོད་པ།
4.
འགལ་བའི་དོན་གཞན་བཀོད་པ།
5.
མི་འོས་པའི་དོན་གཞན་བཀོད་པ།
6.
འོས་པའི་དོན་གཞན་བཀོད་པ།
7.
འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ།
8.
མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ།
1.
གཅིག་གི་ལྡོག་པ་ཅན།
2.
གཉིས་ཀྱི་ལྡོག་པ་ཅན།
3.
སྦྱར་བའི་ལྡོག་པ་ཅན།
4.
འགོག་པ་ཅན་གྱི་ལྡོག་པ་ཅན།
5.
གཏན་ཚིགས་ཀྱི་ལྡོག་པ་ཅན།
6.
རྟེན་གྱི་ལྡོག་པ་ཅན།
7.
དཔེ་ལས་དཔེ་ཅན་ལྷག་པའི་ལྡོག་པ་ཅན།
8.
མཚུངས་ཆོས་དང་འབྱེད་ཆོས་གཉིས་ཀ་མཚུངས་པའི་སྒྲས་དངོས་སུ་ཟིན་པའི་ལྡོག་པ་ཅན།
9.
མཚུངས་ཆོས་སྒྲས་མ་ཟིན་ལ་འབྱེད་བྱེད་སྒྲས་དངོས་སུ་ཟིན་པའི་ལྡོག་པ་ཅན།
10.
རིགས་མཐུན་ལྡོག་པ་ཅན།
1.
ཕྱིའི་རྒྱུ་ཅུང་ཟད་ཙམ་གྱིས་འབྲས་བུ་སྟོན་པའི་སྲིད་པ་ཅན།
2.
ནང་གི་རྒྱུ་ཅུང་ཟད་ཙམ་གྱིས་འབྲས་བུ་སྟོན་པའི་སྲིད་པ་ཅན།
3.
གྲགས་མ་གྲགས་གཉིས་ཀ་བཟློག་ནས་འབྲས་བུ་རང་གི་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན།
༧༽ བདུན་པ་བསྡུས་བརྗོད་ཀྱི་རྒྱན།
1.
སྤྱིའི་བསྡུས་བརྗོད།
2.
ཁྱད་གཞི་ཐ་དད་ཅིང་ཁྱད་ཆོས་མཚུངས་པའི་བསྡུས་བརྗོད།
3.
ཁྱད་གཞི་ཐ་དད་ལ་ཁྱད་ཆོས་མཚུངས་ཤིང་མི་མཚུངས་པའི་བསྡུས་བརྗོད།
4.
སྔོན་མེད་བསྡུས་བརྗོད།
1.
ཁྱད་པར་ཕུལ་བྱུང་།
2.
ཐེ་ཚོམ་ཕུལ་བྱུང་།
3.
ངེས་པ་ཕུལ་བྱུང་།
4.
ངོ་མཚར་ཕུལ་བྱུང་།
1.
སེམས་ལྡན་རབ་རྟོག
2.
སེམས་མེད་རབ་རྟོག
3.
ཏིང་འཛིན་རབ་རྟོག
ཀ༽ དངོས་པོའི་རྒྱུ་དྲུག
1.
བྱེད་པ་པོའི་རྒྱུ།
A.
སྒྲུབ་བྱེད་རྒྱུ།
༡༽
སྐྱེད་བྱེད་རྒྱུ།
༢༽
ཉམས་བྱེད་རྒྱུ།
B.
ལས་ཀྱི་རྒྱུ།
༣༽
རྣམ་འགྱུར་རྒྱུ།
༤༽
འཐོབ་བྱེད་ཀྱི་རྒྱུ།
2. ཤེས་བྱེད་ཀྱི་རྒྱུ།
༥༽
ཕྱི་ཤེས་བྱེད་ཀྱི་རྒྱུ།
༦༽
ནང་ཤེས་བྱེད་ཀྱི་རྒྱུ།
ཁ༽ དངོས་མེད་རྒྱུ་ལྔ།
3. རྒྱུ་མེད་འབྲས་བུ་སྐྱེད་པ།
༦༽
སྔ་ན་མེད་པའི་རྒྱུ།
༨༽
ཞིག་ནས་མེད་པའི་རྒྱུ།
༩༽
ཕན་ཚུན་མེད་པའི་རྒྱུ།
༡༠༽
སྤངས་ནས་མེད་པའི་རྒྱུ།
4. རྒྱུ་མེད་འབྲས་བུ་མི་སྐྱེད་པ།
༡༡༽
རྒྱུ་དངོས་མེད་ཀྱི་འབྲས་བུ་དངོས་མེད་སྐྱེད་པ
ག༽ མཚར་བའི་རྒྱུ་ལྔ།
5.
༡༢༽
རིང་འབྲས་ཀྱི་རྒྱུ།
6.
༡༣༽
རྒྱུ་འབྲས་ལྷན་གཅིག་པ།
7.
༡༤༽
འབྲས་བུ་སྔ་བའི་རྒྱུ།
8.
༡༥༽
འོས་མིན་ནམ་རིགས་མིན་གྱི་རྒྱུ།
9.
༡༦༽
རིགས་སམ་འོས་པའི་རྒྱུ།
རིགས་དང་བྱ་བ་ཡོན་ཏན་རྫས། །ཚིག་གཅིག་ལ་ནི་གནས་པ་ཡིས།།
གལ་ཏེ་ངག་ཀུན་ལ་ཕན་ན། །དེ་ནི་གསལ་བྱེད་དུ་བརྗོད་དཔེར།།
བརྗོད་བྱ་རིགས་སོགས་རྗོད་བྱེད་ཚིག་གཅིག་ཉིད་ཚིགས་བཅད་ཀྱི་ཐོག་མཐའ་བར་གསུམ་གང་རུང་དུ་ཡོད་པས་ཚིག་དོན་སྔ་ཕྱི་ཀུན་ལ་ཕན་པའམ་གསལ་བར་བྱེད་པ་ལ་གསལ་བྱེད་ཀྱི་རྒྱན།
རིགས་བརྗོད་པ་ཐོག་མའི་གསལ་བྱེད། ༡
གོ་དོན།
བརྗོད་བྱ་རིགས་རྗོད་བྱེད་ཀྱི་ཚིག་གཅིག་ཚིགས་བཅད་ཀྱི་ཐོག་མར་ཡོད་པས་ཚིག་དོན་ཕྱི་མ་ཀུན་ལ་ཕན་པའམ་གསལ་བར་བྱེད་པ།
ལྷོ་ཡི་རླུང་གིས་འཁྲི་ཤིང་གི། །འདབ་མ་རྙིང་པ་ལྷུང་པར་བྱེད།།
(ལྷགས།)
དུད་པའི་ལུས་ཅན་རྣམས་ཀྱི་ཡང་། །ཁེངས་པ་གསེར་དུ་འཇོམས་པར་ནུས།།
ལེགས་པར་བཤད་པས་མཁས་པ་རྣམས་ཀྱི་ཡིད།
།ཀུན་དགའི་དཔལ་ལ་རྟག་ཏུ་སྦྱོར་བྱེད་ཅིང་།།
སྐྱེ་བོ་རྣམས་ཡིད་རྨོངས་པའི་རབ་རིབ་ཀྱང་།
།ལྷག་མ་མེད་པར་དྲུང་ནས་འབྱིན་ལ་དབང་།།
རང་རྩོམ།
སློབ་ཕྲུག་ངན་པས་སློབ་གྲྭ་ཡི།། མིང་གཏམ་ལྷག་པར་ངན་པར་བྱེད།།
ཕྱི་འབྱུང་སློབ་ཕྲུག་གསར་པ་ལའང་།། ངན་གོམས་སེམས་ལ་འཆར་བར་བྱེད།།
བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད། ༢
གོ་དོན།
བརྗོད་བྱ་བྱ་བ་རྗོད་བྱེད་ཀྱི་ཚིག་གཅིག་ཚིགས་བཅད་ཀྱི་ཐོག་མར་ཡོད་པས་ཚིག་དོན་ཕྱི་མ་ཀུན་ལ་ཕན་པའམ་གསལ་བར་བྱེད་པ།༧༧
རྒྱུ་འོ་ཆུ་གཏེར་བཞི་ངོགས་ཀྱི། །སྐྱེད་མོས་ཚལ་དུ་སོ་ཅན་ཏེ།།
ཁོར་ཡུག་རི་བོའི་ཁོངས་སུ་ཡང་། །ཁྱོད་ཀྱི་ཡོན་ཏན་ཀུནྡ་དཀར།།
སྣང་བར་བྱས་སོ་མཚར་སྡུག་རྫོགས་པའི་བཞིན།
།རྙོག་བྲལ་དངུལ་གྱི་མེ་ལོང་དྭངས་པར་ཏེ།།
བདེ་བར་གཤེགས་པའི་ཆོས་ཚུལ་ཐམས་ཅད་ཀྱང་།
།ཁྱོད་ཀྱི་མཁྱེན་པའི་དཀྱིལ་འཁོར་མཆོག་ལ་འོ།།
རང་རྩོམ།
རྒྱུན་དུ་ཤར་རོ་ཁྲི་གདུགས་ཉི་མའི་མདངས།།
རྒྱུ་དང་མི་རྒྱུའི་རྟེན་གཞི་འཛིན་མར་ཏེ།།
ཕ་མ་རྣམས་ཀྱི་བསླབ་བྱ་བཟང་པོ་ཡང་།། བློ་ལྡན་བུ་གཞི་རྣམས་ཀྱི་ཞིང་ས་རུ།།
ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད།
༣
གོ་དོན།
བརྗོད་བྱ་ཡོན་གཏན་རྗོད་བྱེད་ཀྱི་ཚིག་གཅིག་ཚིགས་བཅད་ཀྱི་ཐོག་མར་ཡོད་པས་ཚིག་དོན་ཕྱི་མ་ཀུན་ལ་ཕན་པའམ་གསལ་བར་བྱེད་པ།
སྔོ་བསངས་ཉིད་དོ་ཕྱོགས་རྣམས་ནི། །དབྱར་སྐྱེས་སྤྲིན་གྱི་ཕྲེང་བ་ཡིས།།
ས་ཡང་རྩྭ་སྔོན་གསར་པ་ནི། །ཤིན་ཏུ་གཞོན་པའི་ཕྲེང་བས་སོ།།
དམར་སེར་ཉིད་དོ་ཕྱོགས་ཀྱི་འཁོར་ལོའི་ཁྱོན།
།ཐུན་མཚམས་སྤྲིན་གྱི་སྣང་བ་གསར་པས་ཏེ།།
འབྱུང་པོ་འཛིན་བྱེད་ཡུམ་གྱི་ཕང་པར་ཡང་།
།ངུར་སྨྲིག་རྒྱལ་མཚན་སྦྲེང་བ་རྣམས་ཀྱིས་སོ།།
རང་རྩོམ།
མཛེས་སོ་མཁའ་ལ་བསིལ་ཟེར་ཅན།། མི་ཡི་སྦུག་ན་མཛེས་མའི་ཞལ།།
དབུ་འཁྲིད་བཟང་པོ་འཛོམས་པའི་ནང་།། འབྲུག་རྒྱལ་བཞི་པའི་མཛད་རྣམ་མོ།།
རྫས་བརྗོད་པ་ཐོག་མའི་གསལ་བྱེད།
༤
གོ་དོན།
བརྗོད་བྱ་རྫས་རྗོད་བྱེད་ཀྱི་ཚིག་གཅིག་ཉིད་ཚིགས་བཅད་ཀྱི་ཐོག་མར་ཡོད་པས་ཚིག་དོན་ཕྱི་མ་ཀུན་ལ་ཕན་པའམ་གསལ་བར་བྱེད་པ།
ཁྱབ་འཇུག་རྣམ་གནོན་ལ་གནས་པས། །དཱ་ནུའི་བུ་ཡི་འབྱོར་པ་དག།
གང་དུ་བཏང་ཞིང་ལྷ་རྣམས་ཀྱི། །ཕུན་ཚོགས་གང་ན་གནས་པ་བླངས།།
ཆོ་བོའི་གཏེར་འདི་རླབས་ཀྱི་ཕྲེང་བ་མང།
།དུས་ལས་ཡོལ་བ་མེད་པར་འཕེན་ཞིང་དེ།།
རིང་ནས་རྣ་བའི་གྲགས་འབར་དོན་མཐུན་ཚོགས།
།རེ་བ་སྙིང་ལ་བཀོད་དེ་འཇུག་པའི་གནས།།
རང་རྩོམ།
རྣམ་གསུམ་ངུར་སྨྲིག་ཀླུབ་པའི་སྐྱབས་རྗེ་ཡིས།།
དད་ལྡན་གྲངས་ཡས་ཐར་པའི་ལམ་སྣ་འདྲེན།།
གཡོན་ཅན་འུག་པའི་ཚོགས་རྣམས་དམ་ཆོས་ཀྱི།།
སྣང་བས་མུན་པའི་ནང་དུ་འཐུམ་པར་བྱེད།།
རིགས་བརྗོད་པ་བར་གྱི་གསལ་བྱེད།
༥
གོ་དོན།
བརྗོད་བྱ་རིགས་རྗོད་བྱེད་ཀྱི་ཚིག་གཅིག་ཉིད་ཚིགས་བཅད་ཀྱི་བར་དུ་ཡོད་པས་ཚིག་དོན་སྔ་ཕྱི་གཉིས་ཀར་ཕན་པའམ་གསལ་བར་བྱེད་པ།
གར་བྱེད་ནི་ཙུ་ལ་ཕང་དུ། །གླུ་ཡང་ལེན་ནོ་མཇུག་སྒྲོ་ཅན།།
དགའ་བ་རྒྱས་པའི་མིག་དག་ཀྱང་། །ཆུ་འཛིན་ལ་ནི་གཏོད་པར་བྱེད།།
རྒྱུ་འབྲས་བླང་དོར་ཚུལ་ལ་ཆེར་རྨོངས་ཤིང་།།
འཕྲལ་སྣང་འདོད་བདེ་བསྒྲུབ་ལ་བརྐམ་ཞིང་ཆགས།།
སྙིགས་དུས་སྐྱེ་བོ་ངན་རྣམས་གཡོ་དང་སྒྱུས།། ངན་འགྲོའི་འབབ་སྟེགས་གཞོལ་ལ་སྙིང་པོར་སེམས།།
རང་རྩོམ།
བླང་དང་དོར་བྱའི་དངོས་པོ་མི་ཤེས་ཤིང་།།
སྤྱོད་ངན་ལས་ལ་བཟང་པོར་རྩིས་པ་ཡི།།
ན་གཞོན་ཚོགས་རྣམས་འཁོར་བར་འཁྱམས་པ་ཡི།།
ས་བོན་འདེབས་པར་མཐར་འཁྱོལ་ཅན་དུ་སེམས།།
བྱ་བ་བརྗོད་པ་བར་གྱི་གསལ་བྱེད།
༦
གོ་དོན།
བརྗོད་བྱ་བྱ་བ་རྗོད་བྱེད་ཀྱི་ཚིག་གཅིག་ཉིད་ཚིགས་བཅད་ཀྱི་བར་དུ་ཡོད་པས་ཚིག་དོན་སྔ་ཕྱི་གཉིས་ཀར་
ཕན་པའམ་གསལ་བར་བྱེད་པ།
དྲི་བཞོན་དལ་བུར་རྒྱུ་བྱེད་དེ།། ཟླ་བ་དག་ཀྱང་མེ་རུ་འགྱུར།།
ཙནྡན་བྱུག་པ་ལྷུང་བ་ཡང་།། མཚོན་ལྷུང་འཁྱམས་པ་རྣམས་ལ་འོ།།
འདིར་སྣང་འབྱོར་པའི་བུན་ལོང་རྣམ་པ་མང་།
།ཐར་པ་འདོད་པ་རྣམས་ལ་དུག་ཏུ་འགྱུར།།
ལུས་ཕྲ་མ་ཚོགས་རོལ་པའི་རྣམ་འགྱུར་ཡང་། །བརྩེ་བྲལ་འཇིགས་རུང་གཤེད་མའི་ཚུལ་དུ་འོ།།
རང་རྩོམ།
སྐལ་ལྡན་རྣམས་ལ་དམ་ཆོས་དུད་རྩི་དང་།། དབུལ་ཞིང་ཕོངས་པར་ཟས་ནོར་སྦྱིན་པ་ཡིས།།
དགའ་བར་བྱེད་དོ་སྲེད་ལྡན་སྐྱེས་བུ་ལ།། ལང་ཚོ་རྒྱས་པའི་སྨིན་ལེགས་དག་གིས་སོ།།
ཡོན་ཏན་བརྗོད་པ་བར་གྱི་གསལ་བྱེད། ༧
བྱ་བའི་ཁུར་མང་བཟོད་པའི་མུ་འཁྱུད་ཀྱིས། །ལུས་ཀྱི་འཁྲི་ཤིང་ལས་དཔྱང་བྲྀ་ཤ་ཎི།།
སྔོ་སྐྱར་སྣང་ངོ་གྲང་ངར་ཚ་བའི་རྒྱུན། །འཐུང་བའི་སྐྱེ་བོ་རྣམས་ཀྱི་བཞིན་རས་ཀྱང་།།
རྫས་བརྗོད་པ་བར་གྱི་གསལ་བྱེད། ༨
སྐྱེ་བོ་སྒེག་ཆོས་ཅན་གྱི་མགྲིན་པའི་རྒྱན། །ལག་རྩིས་མཁན་པོའི་བགྲང་བྱའི་ཉེར་སྤྱད་ཀྱང་།།
ཕྲེང་བ་ཉིད་དེ་ལྷག་པའི་ལྷ་བསྙེན་དུས། །སྙིང་པོའི་སྔགས་ཚིག་དབྱངས་སུ་ལེན་པའི་རྫས།།
རིགས་བརྗོད་པ་ཐ་མའི་གསལ་བྱེད།
༩
གོ་དོན།
བརྗོད་བྱ་རིགས་རྗོད་བྱེད་ཀྱི་ཚིག་གཅིག་ཉིད་ཚིགས་བཅད་ཀྱི་མཐའ་མར་ཡོད་པས་ཚིག་དོན་སྔ་མ་ཀུན་ལ་ཕན་པའམ་གསལ་བར་བྱེད་པ།
ཆུ་འཛིན་གྱིས་ནི་རབ་གཏོར་ཆུ། །ཁྱིམ་གྱི་གཙུག་ཕུད་ལྡན་པའི་ཚོགས།།
གློག་གི་ཐག་པ་གཡོ་བ་ཡང་། །མེ་ཏོག་གཞུ་ཅན་དག་གི་དཔུང་།།
འགའ་ཞིག་རྩོམ་འཆད་རྩོད་པས་གཞན་རྗེས་འཛིན།
།ལ་ལ་མི་སྨྲ་དབེན་པའི་ནགས་འདབ་བསྟེན།།
གཞན་དག་བྱ་བ་ལས་ཀྱི་འཁོར་ལོ་ཡིས།། བསྟན་པ་འཛིན་པ་འདི་ཀུན་དམ་པའི་མགོན།།
རང་རྩོམ།
ལ་ལ་ཚོང་དང་སོ་ནམ་ལས་ལ་བྲེལ།། ལ་ལ་བསམ་ངན་འཆང་ནས་གཞན་མགོ་སྐོར།།
ལ་ལ་རང་བདེ་དོན་ལ་གཞན་ནོར་འཕྲོག། མ་རབས་དེ་དག་དུད་འགྲོ་དང་ཁྱད་ཅི།།
བྱ་བ་བརྗོད་པ་ཐ་མའི་གསལ་བྱེད།
༡༠
གོ་དོན།
བརྗོད་བྱ་བྱ་བ་རྗོད་བྱེད་ཀྱི་ཚིག་གཅིག་ཉིད་ཚིགས་བཅད་ཀྱི་མཐའ་མར་ཡོད་པས་ཚིག་དོན་སྔ་མ་ཀུན་ལ་
ཕན་པའམ་གསལ་བར་བྱེད་པ།
ཁྱོད་ཀྱི་ཨུཏྤལ་རྣ་བ་ལ། །འདོད་པའི་མདའ་ནི་མདའ་སྟན་ལ།།
ངས་ཀྱང་སེམས་ནི་འཆི་བ་ལ། །གསུམ་པོ་འདི་ནི་མཉམ་དུ་བྱས།།
འབྱུང་འཁྲུགས་ནད་ཀྱི་ཟུག་རྔུས་ལུས་ཕུང་སྟེ།
།རྣམ་གཡེང་ཐག་ཞགས་དམ་པོས་དེ་བཞིན་ཡིད།།
གཞན་དབང་སྒྲོག་གིས་དོན་གཉེར་རེ་བའི་གནས།
།གཞན་དུ་འཆུག་པ་མེད་པར་རྣམ་པར་བསྡམས།།
རང་རྩོམ།
གཅེས་གཅེས་ཕངས་པའི་ལུས་ཕུང་མི་རྟག་པས།།
འབད་པས་བསྒྲུབས་པའི་རྒྱུ་ནོར་གཞན་གྱིས་དང་།།
ཚེ་གཅིག་སྦྱངས་པའི་ཡོན་ཏན་བརྗེད་ངས་ཀྱིས།།
ལན་གཅིག་འཁྱེར་ནས་འགྲོ་དུས་སེམས་རེ་སྐྱོ།།
ཡོན་ཏན་བརྗོད་པ་ཐ་མའི་གསལ་བྱེད། ༡༡
དབྱར་སྤྲིན་ཆུ་དང་བཅས་པས་འཆི་མེད་ལམ། །རྩྭ་ལྗང་མྱུ་གུ་གསར་པས་འཛིན་མའི་ཁོང་།།
ལང་ཚོ་རྒས་པའི་ཚོན་གྱིས་ཁོ་བོ་ཡི། །ལུས་དང་གདོང་གི་པདྨོ་རྣམ་པར་སྔོ།།
རྫས་བརྗོད་པ་ཐ་མའི་གསལ་བྱེད། ༡༢
འཐུངས་ཙམ་ཉིད་ནས་ཅ་ཅོ་འཕེལ་བྱེད་ཅིང་། །སྟོབས་དང་གྲགས་དང་གཟི་མདངས་ཉམས་པའི་རྒྱུ།།
བག་མེད་རྩོད་དང་འཁྲུག་ལོང་མཐའ་དག་གི། །གཞི་དང་རྩ་བར་གྱུར་པ་ཆང་ཉིད་དོ།།
ཕྲེང་བའི་གསལ་བྱེད།
༡༣
གོ་དོན།
བརྗོད་བྱའི་དོན་རྗོད་བྱེད་ཀྱི་ཚིག་གཅིག་ཉིད་ཚིགས་བཅད་ཀྱི་ཐོག་མཐའ་བར་གསུམ་གང་རུང་ན་ཡོད་པས་ཚིག་དོན་ཕྱི་མ་ཕྱི་མ་བྱ་བ་སྔ་མ་སྔ་མའི་རྒྱུ་ལ་ལྟོས་པའི་ངག་གི་ཕྲེང་དང་ལྡན་པའོ།།
དཀར་ཕྱོགས་ཀྱིས་ནི་འོད་དཀར་ཅན། །འཕེལ་བྱེད་དེ་ཡིས་མདའ་ལྔ་པ།།
དེས་ཀྱང་ཆགས་པ་ཆགས་པས་ཀྱང་། །ན་ཆུང་དགའ་བའི་དགའ་སྟོན་དཔལ།།
འཇམ་མགོན་བླ་མའི་ཐུགས་རྗེས་བདག་གི་བློ།
།རབ་རྒྱས་དེས་ཀྱང་ལེགས་པར་བཤད་པ་སྟེ།།
དེས་ནི་རྒྱལ་བའི་བསྟན་པ་དེ་ཡིས་ཀྱང་། །རིས་མེད་འགྲོ་བ་ཀུན་གྱི་ཕན་དང་བདེ།།
རང་རྩོམ།
ཕ་མ་བཟང་པོའི་བསླབ་བྱས་བུ་གཞི་ཡི།། ཀུན་སྤྱོད་བཟང་པོར་བྱས་སོ་དེས་ཀྱང་།།
མི་ཚེ་ཡང་དག་དེས་ཀྱང་འཁོར་བ་ཡི།། འགྲོ་བ་རྣམས་ལ་ཕན་དང་བདེ་བ་འོ།།
འགལ་དོན་གསལ་བྱེད།
༡༤
གོ་དོན།
གསལ་བྱེད་ཀྱི་ཚིག་གཅིག་གིས་གསལ་བྱ་འགལ་བའི་བྱ་བ་གཉིས་གཅིག་ཅར་ཏུ་གསལ་བར་བྱས་པ།
རླུང་གིས་གཙུབས་པའི་ཆུ་ཐིགས་ཅན། །སྤྲིན་གྱིས་ལུས་མེད་དག་གི་ནི།།
ཨ་བ་ལེ་པ་འཕེལ་བར་བྱེད། །རྔུལ་གྱི་དག་ནི་སེལ་བར་བྱེད།།
གསེར་གྱི་འོད་ཆགས་མཚན་དཔེའི་དཔལ་རྫོགས་པ།
།རྒྱལ་སྐུའི་སྣང་བརྙན་ཡིད་ལ་འཕོས་པའི་མོད།།
དད་སྟོབས་འབར་བའི་སྤུ་ལོང་ཆེར་རྒྱས་ཀྱང་།
།ཆགས་དང་སྐྲག་པའི་ལུས་སྐྱེས་ཉམས་པར་བྱེད།།
རང་རྩོམ།
བརྩེ་མེད་ཟོལ་གྱིས་གཅེས་པར་བསྐྱངས་པ་ཡི།།
དགེ་བའི་གྲོགས་དང་ལྷན་ཅིག་འགྲོགས་པ་ན།།
བག་ཡངས་རྩེ་དགའ་རབ་ཏུ་སྒྲིབ་བྱེད་ཀྱང་།།
འདི་ཕྱིར་ཕན་པའི་ཡོན་ཏན་ཅི་ཡང་འཕེལ།།
ཡིད་འོང་མ་དང་འགྲོགས་པའི་བདེ་བ་ཡིས།།
སེམས་ལ་སིམ་པའི་དགའ་བ་འཕེལ་ན་ཡང་།།
ཕ་མ་བྲལ་བའི་སྐྱོ་སྣང་སྣ་ཚོགས་དེ།།
ཡངས་པའི་ས་ཆེན་གྱིས་ཀྱང་བཟོད་པར་དཀའ།།
དོན་གཅིག་གསལ་བྱེད།།
༡༥
གོ་དོན།
གསལ་བྱེད་ཀྱི་ཚིག་གཅིག་གིས་བྱ་བའི་རྣམ་གྲངས་དུ་མ་བསྟན་པའི་སྒོ་ནས།
གསལ་བྱ་གཅིག་གི་གནས་ལུགས་གསལ་བར་བྱེད་པ།
ཆུ་འཛིན་དག་གི་ཕྲེང་བ་འདིས། །ཕྱོགས་རྣམས་ཀྱི་ནི་གོ་སྐབས་འཕྲོག།།
སྐར་མ་ཡི་ནི་ཚོགས་རྣམས་བཟུང་། །དེང་ཡང་བདག་གི་སྲོག་རྣམས་ལེན།།
བྱིས་བློའི་དྲི་མ་ཅན་གྱིས་ཆོས་ཤེས་ཀྱང་།
།ང་རྒྱལ་དབུགས་རྒོད་སྟོད་དུ་ཆེར་བརྩེགས་ཤིང་།།
གཞན་ལ་ཁྱད་གསོད་ལུད་པ་ཕྱོགས་བཅུར་འཕེན།
།ཆོས་སྤོང་དམ་པ་སྨོད་པའི་ཉེས་པ་བསྐྱེད།།
རང་རྩོམ།
དར་ལ་བབ་པའི་སྐེད་མེད་མས།། སྨིན་མ་འགུལ་ཞིང་འདྲེན་བྱེད་འཁྱོག།
མཆུ་སྒྲོས་གཡོ་ཞིང་སོ་ཕྲེང་ངོམ།། གཞོན་ནུའི་སྙིང་ལ་གདུང་བ་སྐྱེད།།
སྦྱར་བའི་གསལ་བྱེད།
༡༦
གོ་དོན། གསལ་བྱེད་ཀྱི་ཚིག་གཅིག་གིས་སྒྲ་དོན་གང་རུང་གི་སྒོ་ནས་སྦྱར་བའི་སྦྱར་གཞི་སྦྱར་ཆོས་གཉིས་ཀྱི་
གསལ་བྱའི་གནས་ལུགས་གཅིག་གསལ་བར་བྱེད་པ།
དྲི་ཡི་བཞོན་པ་ཡིད་འོང་མཐོ། །སྔོ་བསངས་ཏཱ་མ་ལ་ཡི་འོད།།
སྤྲིན་ནི་མཁའ་ལ་རྒྱུ་བྱེད་དེ། །གླང་ཆེན་འདི་དག་ས་ལ་འོ།།
ཁོར་ཡུག་བསུང་ཞིམ་ངད་ཀྱིས་འགེངས་མཛད་ཅིང་།
།ཀུན་ལ་ཅི་འདོད་སྩོལ་བའི་དཔག་བསམ་དབང་།།
ལྗོན་པའི་མཆོག་དེ་ཡོངས་འདུའི་ཚལ་ནང་བརྗིད།
།ཐམས་ཅད་མཁྱེན་དེ་མོས་པ་རྒྱ་མཚོའི་ངོར།།
རང་རྩོམ།
ཡིད་འོང་བལྟ་ན་སྡུག་པའི་མཛེས་ཉམས་ཅན།། དགའ་སྐྱེད་སྨིན་ལེགས་ཨཤྭ་ཡ་རཡེ།།
(Aishwarya Rai)
ཨཔ་ཤེག་བཌ་ཅཱན་མཆོག་གི་གཟིམས་ཁང་ནང་།། འབྲུག་པའི་བུ་མོ་དབྱར་རྔའི་ལྗོངས་སུ་མཛེས།།
གསལ་བྱེད་ཀྱི་ནི་གནས་ཉིད་དུ། །དོན་བསྐོར་དང་ནི་ཚིག་བསྐོར་དང་། །
གཉིས་ཀ་བསྐོར་བ་ཞེས་པ་ཡི། །རྒྱན་གསུམ་པོ་དག་འདོད་དེ་དཔེར། །
གོ་དོན།
གསལ་བྱེད་ཀྱི་ཚིག་སྦྱོར་ཐོག་མཐའ་བར་གསུམ་གང་རུང་དུ་ཚིག་དོན་གཉིས་ཀ་ཅི་རིགས་བསྐོར་བའི་སྒོ་ནས་དོན་གསལ་བར་བྱེད་ཀྱང་ཟློས་སྐྱོན་དུ་མི་འགྱུར་བའོ།།
དོན་བསྐོར།
༡
གོ་དོན།
དངོས་པོ་ཐ་དད་པ་འགའ་ཞིག་གམ་དངོས་པོ་གཅིག་བརྗོད་ཚུལ་མི་འདྲ་བ་དུ་མས་དོན་བསྐྱར་ཟློས་ཀྱི་ཚུལ་དུ་མིང་གི་རྣམ་གྲངས་དུ་མས་བརྗོད་པ།
ཀ་དམྤ་ནི་རྣམ་པར་རྒྱས། །ཀུ་ཊ་ཛོངྐ་མ་རབ་གསལ། །
ཀཱནྡ་ལྱ་ནི་རབ་ཏུ་ཕྱེ། །ཀ་ཀུ་བྷ་ཡ་གྱེས་པར་གྱུར། །
ལྔ་པ་ཆེན་པོས། ཀ་དམྤ་ ཀུ་ཊ་ཛོངྐ་
༼གཱ༽ ཀཱནྡ་ལྱ། ༼
གནྡྷ་བྷ་དྲ༽ ཀ་ཀུ་བྷ་་་ཡ༽ རྣམས་ ཤིང་དུག་མོ་ཉུང་།
བོད་མཁས།
ཀ་དམྤ། ཤིང་ཚོགས་ཅན།
ཀུ་ཊ་ཛོངྐ་མ་ ཤིང་དུག་མོ་ཉུང་།
གནྡ་ལྱ།
ཆུང་ཤིང་།
ཀ་ཀུ་བྷ།
ཤིང་ཨརྫུ་ན།
ཟླ་འོད་ཟེར་གྱིས་ཀུནྡའི་གེ་སར་གསལ། །འོད་སྟོང་ལྡན་པས་པད་དཀར་འདབ་བརྒྱ་གྲོལ།
།
མཛེས་མའི་ཁ་ཆུས་བ་ཀུ་ལ་དབྱེ་ཞིང་། །རྐང་པས་མྱ་ངན་མེད་པའི་མེ་ཏོག་དགོད། །
རང་རྩོམ།
ངོ་བོ་ཉིད་ཀྱི་དོན་རྟོགས་ཆེད།། དམིགས་མེད་ངང་ལ་མཉམ་པར་བཞག།
དོན་དམ་གནས་ལུགས་མ་ཤེས་པར།། གཉིས་སུ་མེད་པའི་གོ་འཕང་མེད།།
ཚིག་བསྐོར།
༢
གོ་དོན།
བསྐོར་བྱའི་དངོས་པོ་ཐ་དད་པ་དག་གསལ་བའི་ཆེད་སྐྱོར་བྱེད་ཀྱི་ཚིག་གཅིག་པའམ་འདྲ་བས་ཡང་ཡང་བསྐོར་བ།
སྤྲིན་གྱི་ཕྲེང་བ་དག་གིས་ནི། །རྨ་བྱའི་ཚོགས་རྣམས་འདོད་ལྡན་བྱེད།།
ཆུ་སྲིན་རྒྱལ་མཚན་ཅན་གྱིས་དེང་། །ན་ཆུང་རྣམས་ཡིད་འདོད་ལྡན་བྱེད།།
གང་རྒྱུད་ཡིད་བཞིན་ནོར་བུའི་ཕྲེང་ཚོགས་ཀྱིས།
།ཡོན་ཏན་གཟུར་གནས་བློ་ཡིས་བརྣག་པར་དཀའ།།
༼བསམ་ཡུལ་ལས་འདས།༽
དཀའ་སྤྱད་རྣམ་པར་ཐར་པའི་ཚུལ་བཟང་པོ། །བསྟན་འཛིན་ཆེན་པོར་རློམ་ཚོས་བརྣག་པར་དཀའ།།
༼བཟོད་པར་དཀའ།༽
རང་རྩོམ།
ཤ་ཟ་བསྐལ་དོན་ཅན་གྱི་གང་ཟག་གིས།། མདུན་གྱི་ས་གཞིར་ཤ་ཟའི་གཟུགས་མི་མཐོང་།།
ཡེ་ཤེས་སྤྱན་ལྡན་དབྱིག་གཉེན་གྱིས་གཟིགས་པའི།།
རིལ་རྒྱལ་ལྷུན་པོ་ཕལ་པ་ཡིས་མི་མཐོང་།།
གཉིས་ཀ་བསྐོར་བ།
༣
གོ་དོན།
ཚིག་དོན་གཉིས་ཀ་ཟློས་པའམ་བསྐོར་བ།
ཀུན་ལས་རྒྱལ་ནས་དེ་རིང་ཁྱོད། །བཙུན་མོ་རྣམས་དང་རྩེ་བར་བྱེད།།
ཁྱོད་ཀྱི་དགྲ་སྡེ་མཐོ་རིས་སོང་། །ལྷ་མོ་རྣམས་དང་རྩེ་བར་བྱེད།།
སྲིད་པས་ཡིད་འབྱུང་ཐར་པ་དོན་གཉེར་བའི། །འདུན་པས་ཁོ་བོ་དབེན་པར་བག་ཡངས་རྒྱུ།།
གནོད་པ་མེད་ལ་འདྲེར་མཐོང་ཁྱིམ་མཚེས་རྣམས།
།དོགས་པའི་ཡུལ་མེད་རང་ཁྱིམ་བག་ཡངས་རྒྱུ།།
རང་རྩོམ།
བརྩེ་སེམས་སྙིང་ལ་འཆང་བའི་མཛའ་ན་མོ།། གློ་བུར་བྲལ་བའི་གདུང་བ་བཟོད་པར་དཀའ།།
སླར་ཡང་བཞིན་བཟང་མ་དང་ལྷན་ཅིག་ཏུ།། རྩེ་དགའི་སྣང་བ་སེམས་ཀྱིས་བཟོད་པར་དཀའ།།
དགག་པ་བརྗོད་པ་འགོག་པ་སྟེ། །དུས་གསུམ་ལ་ལྟོས་རྣམ་པ་གསུམ།
དེ་ལས་དེ་ཡང་དགག་བྱ་ཡི། །དབྱེ་བ་མཐའ་ཡས་ཕྱིར་མཐའ་ཡས།།
གོ་དོན།
ཡུལ་གང་ཡང་རུང་བ་ཞིག་དགག་བྱར་བྱས་ནས་ འགོག་བྱེད་ཀྱི་ཐབས་སྣ་ཚོགས་ཀྱིས་ དགག་སྒྲ་
མ་མི་མིན་མེད་ སོགས་ཅི་རིགས་ཡོད་པའོ།།
བྱུང་བ་འགོག་པ།
༡
ལུས་མེད་ཀྱི་ནི་མེ་ཏོག་གི། །མདའ་ལྔས་ཀུན་ལས་རྒྱལ་བར་གྱུར།།
ཞེས་པ་མི་སྲིད་ཡང་ན་ནི། །དངོས་པོའི་ནུས་པ་རྣམ་པར་བཀྲ།།
མཉམ་མེད་ཐུབ་པ་མཆོག་དེས་བྱམས་པའི་མཚོན།
།གཅིག་པུས་དཔུང་དང་སྡེར་བཅས་དྲེགས་པའི་བདུད།།
བཅོམ་པའི་སྔོན་བྱུང་གཏམ་འདི་འུད་པོ་ཆེ།
།འོན་ཀྱང་རྒྱལ་བའི་རྣམ་འཕྲུལ་བསམ་མི་ཁྱབ།།
གཉིས་པ་མངོན་འགྱུར་འགོག་པ།
སྙན་སྒྲོག་མ་དག་ཅི་ཡི་ཕྱིར། །རྣ་བ་ལ་ནི་ཨུཏྤལ་འཛུགས། །
ལས་འདི་ལ་ནི་མིག་ཟུར་དག །ཡོངས་རྫོགས་མིན་པར་སེམས་སམ་ཅི། །
རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས་།
།ཡེ་ཤེས་རལ་གྲིའི་ཕྱག་ཆ་འཕྱར་ནས་ཅི།།
འགྲོ་འདིའི་རྨོངས་པའི་དངོས་པོ་མཐའ་ཡས་པ།
།ཁྱོད་ཞལ་མཐོང་བས་ཅིག་ཅར་གཞོམ་ནུས་སོ།།
གསུམ་པ་འབྱུང་འགྱུར་འགོག་པ།
ཇོ་བོ་བདེན་པར་སྨྲའོ་བདག །གཞན་དང་ཙུམ་པ་ནས་འཕོས་པའི།།
རྒྱ་སྐྱེགས་ཀྱིས་དམར་མིག་གིས་ནི། །ཁྱོད་ཀྱིས་མཐོང་བར་འགྱུར་མ་ལགས།།
འདྲེན་པ་མཆོག་ཁྱོད་རྙེད་དང་བཀུར་སྟི་ལ།
།དགེ་སེམས་ཆེར་རློམ་ཁོ་ནར་གདམས་པའི་བཅུད།།
ཕོངས་མེད་ལྷུག་པར་སྩོལ་ན་དད་ལྡན་རྣམས། །ཡི་ཆད་མིག་གིས་ཁྱོད་ཞལ་མཐོང་མི་འགྱུར།།
བཞི་པ་ཆོས་འགོག་པ།
ལུས་ཕྲ་ཁྱོད་ཀྱི་ཡན་ལག་རྣམས། །འཇམ་པ་ཉིད་དུ་གནས་པ་རྫུན།།
གལ་ཏེ་བདེན་པར་འཇམ་པ་ན། །གློ་བུར་དུ་བདག་ཅི་ལ་གདུངས།།
སྤྱན་རས་གཟིགས་དབང་ཁྱོད་ཀྱི་ཕྱག་ཡངས་ཀྱིས།
།ཁམས་གསུམ་འགྲོ་ལ་དབུགས་འབྱིན་མཛད་པ་རྫུན།།
གཞན་དུ་འདོད་ལྷའི་སྙིང་ལ་བཟོད་དཀའ་བའི་།
།མྱ་ངན་ཚོར་བ་དྲག་པོས་ཅི་ལ་གདུངས།།
ལྔ་པ་ཆོས་ཅན་འགོག་པ།
དེ་ནི་མཛེས་སམ་མ་ཡིན་ཞེས། །རྣམ་དབྱེ་འདི་ནི་ཅི་ལས་སྐྱེས།།
དེར་ནི་འོད་ཙམ་གཡོ་བ་ཉིད། །མཐོང་བར་འགྱུར་གྱི་རྟེན་མ་ཡིན།།
གཏུམ་ཆེན་ཁྲོ་བོའི་དབང་པོ་རྟ་མཆོག་དཔལ།
།གར་དགུའི་ཉམས་དང་ལྡན་ནམ་མི་ལྡན་ཞེས།།
དཔག་པར་དཀའ་སྟེ་དུས་མཐའི་མེ་དཔུང་ཆེ། །འབར་བ་ཙམ་ལས་སྐུ་ཉིད་མངོན་སུམ་མིན།།
དྲུག་པ་རྒྱུ་འགོག་པ།
ཁྱོད་ཀྱི་མིག་དག་དམར་གྱུར་ཅིང་། །མཆུ་ཡི་ཡལ་འདབ་གཡོ་བ་དང་། །
སྨིན་མ་འཁྱོག་སྟེ་དེ་ལྟ་ནའང་། །ཉེས་པ་མེད་པས་བདག་མི་འཇིགས། །
ཟངས་ཞུན་ལྷག་ལྷག་ཁོལ་དང་ལྕགས་ཀྱི་གཞིར།
།གཤིན་རྗེའི་ཕོ་ཉས་རྩུབ་མོའི་མཚོན་བསྟར་ཏེ།།
འཇིགས་པའི་ང་རོ་སྒྲོགས་ཀྱང་མི་དགེའི་ལས།
།མ་སྤྱད་ཕྱིར་ན་བདག་སེམས་ག་ལ་གཡོ།།
བདུན་པ་འབྲས་བུ་འགོག་པ།
མཛའ་བོ་དག་ནི་རིང་ན་གནས། །ཆུ་འཛིན་བགྲོད་ལྡན་འདི་ནི་འོང་།།
ནི་ཅཱུ་ལ་ཡང་རྒྱས་པ་མཐོང་། །བདག་ཤི་མིན་པ་འདི་ནི་ཅི།།
ལང་ཚོ་བདོ་ལས་ལུས་མེད་ལུས་ཞུགས་ཤིང་། །ཉིན་བྱེད་དབང་པོ་འཁྲིག་པའི་ཁྱིམ་དུ་རྩེན།།
གཞོན་ནུ་མ་རྣམས་མངོན་འདོད་དུས་འདེབས་ཀྱང་།
།ཁོ་བོས་བསླབ་གཞིའི་རྒྱ་ལས་འགོང་མ་ནུས།།
བརྒྱད་པ་རྗེས་གནང་འགོག་པ།
གལ་ཏེ་གཤེགས་ན་གཤེགས་པར་མཛོད། །ཁྱོད་ཀྱི་བགྲོད་པས་བདག་ལ་ནི།།
གདུང་བ་ཡུན་རིང་འབྱུང་མི་འགྱུར།། འདི་ལ་ཁྱོད་ནི་དོགས་མི་འཚལ།།
ཆོས་ཀྱི་རྒྱལ་མཚན་བསྒྲེང་ཁྱོད་དག་པའི་ཞིང་།
།དོན་དུ་གཉེར་བཞེད་མཆིས་ན་དེ་བཞིན་མཛོད།།
ཆུ་བུར་དང་མཚུངས་སྙིགས་མའི་ལུས་ཅན་འགའ།
།བྲལ་བའི་གདུང་བས་ཡུན་རིང་འཚོ་མི་འགྱུར།།
དགུ་པ་དབང་གིས་འགོག་པ།
ནོར་ནི་མང་པོ་རྙེད་འགྱུར་ཞིང་། །ལམ་དུ་ཡང་ནི་བདེ་ཞིང་དགེ།
བདག་སྲོག་ལ་ཡང་ཐེ་ཚོམ་མེད། །འོན་ཀྱང་མཛའ་བོ་འགྲོ་མི་བྱ།།
རྣམ་པར་འདྲེན་ཁྱོད་གང་དུ་གཤེགས་པའི་ས། །གདུལ་བྱར་འོས་པའི་འགྲོ་བ་བསམ་མི་ཁྱབ།།
ཕྲིན་ལས་རྣམ་བཞིའི་འཇུག་པའང་དེ་འདྲ་མོད།
།འོན་ཀྱང་ཞིང་འདིར་རྟག་པར་བཞུགས་ཤིག་ཀྱེ།།
བཅུ་པ་མ་གུས་པས་འགོག་པ།
བདག་ནི་གསོན་རེ་སྟོབས་དང་ལྡན། །ནོར་གྱི་བསམ་པ་སྟོབས་ལྡན་མིན།།
མཛའ་བོ་གཤེགས་སམ་བཞུགས་ལགས་ཀྱང་། །རང་གི་གནས་སྐབས་སྨོས་པ་ལགས།།
བདག་ནི་ཐུབ་པའི་གཅེས་ཁྲིམས་མཆོག་ཏུ་འཛིན།
།དབང་པོ་གཉིས་སྦྱོར་ཆོས་ལ་དེ་ལྟ་མིན།།
གྲོགས་ཁྱེད་གནས་འདིར་གཟིམས་སམ་མི་གཟིམས་ཀྱང་།
།རང་གི་གནས་ཚུལ་ཙམ་ཞིག་གླེང་བར་ཟད།།
བཅུ་གཅིག་པ་ཤིས་བརྗོད་ཀྱིས་འགོག་པ།
མཛའ་བོ་གལ་ཏེ་གཤེགས་ན་བཞུད། །ཁྱོད་ཀྱི་ལམ་ནི་ཤིས་གྱུར་ཅིག།
གང་དུ་ཁྱེད་ཉིད་གཤེགས་པ་དེར་། །བདག་ཀྱང་སྐྱེ་བ་ཉིད་གྱུར་ཅིག།
ཁྱོད་ཉིད་འཚོ་བའི་ལྷག་ཀུན་ཐ་སྙད་ལ། །བསྒྲིལ་བར་བཞེད་ན་བསྐལ་བརྒྱར་བཞུགས་གྱུར་ཅིག།
བདག་ཅག་སྙིང་པོ་དོན་ཟབ་ཚོལ་བ་རྣམས། །ཕྱི་ཕྱག་བགྱིས་ཏེ་དབེན་གསུམ་བསྟེན་པར་སྨོན།།
བཅུ་གཉིས་པ་རྩུམ་མོས་འགོག་པ།
གལ་ཏེ་ཁྱོད་འགྲོ་བདེན་ཉིད་ན། །ཁྱོད་ཀྱིས་གཞན་པ་འགའ་ཞིག་ཚོལ།།
བདག་ནི་གླགས་ཚོལ་འཆི་བ་ཡིས། །དེ་རིང་ཉིད་དུ་འགོག་པར་འགྱུར།།
མགོན་ཁྱོད་དག་པའི་ཞིང་དུ་གཤེགས་བདེན་ན།
།ཞིང་འདིའི་བསྟན་པ་འཛིན་ནུས་གཞན་འགའ་ཚོལ།།
བདག་ཅག་ཁྱོད་ཀྱི་ཞབས་ཟུང་བསྟེན་པ་ཀུན། །ལྔ་པའི་གནས་སྐབས་ཐོབ་ལས་གཞན་དུ་ཅི།།
བཅུ་གསུམ་པ་གྲོགས་ཀྱིས་འགོག་པ།
གལ་ཏེ་གཤེགས་ན་མྱུར་དུ་བཞུད། །ཕྱི་ནས་གཉེན་འདུན་འཁྲུགས་པའི་ཁས།།
བསྒྲགས་པའི་ཆོ་ངེ་འགྲོ་བ་ཡི། །གེགས་གྱུར་ཁྱོད་ཀྱི་རྣ་བར་འོང་།།
གྲོགས་ཁྱོད་ལོངས་སྤྱོད་བཞེད་ན་འདྲེན་བྱེད་ཀྱིས།
།གཟིགས་ཚད་བྱི་བ་བཞིན་དུ་ལྐོག་གསོག་འཚལ།།
ཕྱིས་ནི་འཆི་བདག་གཏུམ་པོའི་ཤག་རྒྱུགས་ཀྱིས།
།ཁབ་ཙམ་ཁྱེར་དབང་མེད་པའི་དུས་ཤིག་མཆི།།
བཅུ་བཞི་པ་འབད་པས་འགོག་པ།
བཞུད་ཅེས་ཁྱོད་དགྱེས་བརྗོད་འདོད་ཀྱང་། །བདག་ཉིད་དགའ་བར་བྱེད་པའི་ཚིག།
མ་གཤེགས་ཞེས་པ་ཁ་ནས་ནི། །བྱུང་བར་གྱུར་ལ་བདག་ཅི་བྱེད།།
ཁྱེད་རྣམ་དགེས་ཕྱིར་བག་ཡངས་མཛོད་ཅིག་ཅེས།
།གླེང་བར་སེམས་ཀྱང་ཐུབ་པའི་བཀའ་ལྕི་བས།།
ཀུན་ཏུ་ཁ་ན་མ་ཐོའི་སྤྱོད་པ་དག །སྤོང་ཞེས་ཚིག་གཞན་ཐོན་ལ་ཅི་བྱར་ཡོད།།
བཅོ་ལྔ་པ་གཞན་དབང་གིས་འགོག་པ།
སྐད་ཅིག་ལྟ་ལ་གེགས་བྱེད་པའི། །རྫི་མ་བསྐྱོད་པ་ལ་ཁྲོ་བ།།
ཁྱོད་ཀྱིས་མཛའ་ལ་འགྲོ་བ་སྨྲོས། །བདག་ནི་དེ་ཡི་འདོད་པ་འདོད།།
བཟང་ལུང་ཁྲོ་ཕུའི་ཕྱོགས་ནས་བསྟན་པའི་ཁུར།
།ལོང་ཞེས་སྤྲིང་ཡིག་དམར་པོ་ཆར་དུ་ཕབ།།
བདག་ལུས་བཞི་བརྒྱ་རྩ་བཞིའི་བྲོ་ནད་ཀྱི་།
།ཁྱིམ་ལགས་དེ་དང་ཁྱེད་ཉིད་བགྲོ་བར་འཚལ།།
བཅུ་དྲུག་པ་ཐབས་ཀྱིས་འགོག་པ་ནི།
མགོན་པོ་འབྲལ་བར་བཟོད་པར་བགྱི། །གང་གི་མིག་བསྒོས་བདག་ལ་ནི།།
འདོས་པས་བསྣུན་དུ་མི་མཐོང་བའི། །མཐོང་མིན་མིག་སྨན་བདག་ལ་སྩོལ།།
བློ་གྲོས་གཞོན་ཡང་བསྟན་པའི་ཁུར་ལྕི་བ། །འདེགས་པའི་གདུང་བ་རེ་ཞིག་བཟོད་པར་བགྱི།།
འཕེལ་ཟད་འཁྲུགས་པ་ཀུན་གཞིལ་ཤི་བ་ཡང་། །སློང་ནུས་ལྷ་ཡི་བདུད་རྩི་ཅུང་ཞིག་སྩོལ།།
བཅུ་བདུན་པ་ཁྲོ་བས་འགོག་པ་ནི།
ངོ་བོ་ཁྱོད་ཀྱི་ཞལ་ནས་ཚིག །བདག་འགྲོ་ཞེས་པ་ངེས་པར་བྱུང་།།
མཛའ་བོ་དམན་པ་ཁྱོད་ཀྱིས་ད། །མ་ཕྱིན་ན་ཡང་བདག་ལ་ཅི།།
དེང་དུས་བློ་ཆུང་འགའ་ཞིག་ཟང་ཟིང་གི། །ཆེད་དུ་དབང་བསྐུར་ཚོང་ལ་ཁྱི་བས་བྲེལ།།
ད་ཀོ་ཟབ་དོན་གདམས་པའི་ཁྲིད་འདེབས་ཀྱང་།
།ཤེས་པར་ལྡན་པ་སུ་ཞིག་ཡིད་ཆེས་འགྱུར།།
བཅོ་བརྒྱད་པ་མྱ་ངན་གྱིས་འགོག་པ་ནི།
མ་བསྣོམས་བུ་མོའི་རྣ་བ་ལ། །མ་བྱས་ཆང་ལ་མ་བཏབ་པར།།
ཁྱོད་ཀྱི་དགྲ་ཡི་རྫིང་ཉིད་དུ། །ཨུཏྤལ་ཟེགས་ཤིང་རྙི་བར་གྱུར།།
མཚོད་སྤྲིན་མ་སྤེལ་སྦྱིན་པའི་ཆར་མ་ཕབ། །གཉེན་འཁོར་འབངས་ལ་བསྟབས་མིན་རང་གིས་ཀྱང་།།
སྤྱད་པར་མ་ཕོད་པུཎྱ་ནཱ་ཐའི་མཛོད། །ཡུད་ཀྱིས་སྟོངས་པར་གྱུར་འདིའི་སྣང་ཚུལ་གཟིགས།།
བཅུ་དགུ་པ་འགྱོད་པས་འགོག་པ་ནི།
དོན་ནི་འགའ་ཡང་ཚོགས་མ་བྱས། །རིག་པ་འགའ་ཡང་མ་བསྒྲུབས་ཤིང་།།
དཀའ་ཐུབ་འགའ་ཡང་མ་བསགས་པར། །ན་ཚོད་མཐའ་དག་སོང་བར་གྱུར།།
ཚུལ་གནས་ཁྲིམས་ཀྱིས་ལུས་ངག་མ་བསྡམས་ཤིང་།
།གཞུང་ལུགས་རྒྱ་མཚོར་རང་བློ་མ་སྦྱངས་ལ།།
དབེན་པར་ཡང་དག་འཇོག་ལའང་མ་གོམས་པས། །གཉིས་མེད་སེངྒེར་གྱུར་པ་འཆི་ཁར་ཚོར།།
ཉི་ཤུ་པ་ཐེ་ཚོམ་གྱི་འགོག་པ་ནི།
ཅི་འདི་སྟོན་གྱི་ཆུ་འཛིན་ནམ། །ཡང་ན་ངང་པའི་ཚོགས་སམ་ཅི།།
སྒྲ་ནི་རྐང་གདུབ་ཀྱིས་འདྲ་བ། །ཐོས་པ་དེ་ནི་ཆུ་འཛིན་མིན།།
ཅི་འདི་འབིགས་བྱེད་ངོས་ཀྱི་ཆུ་ཤིང་ངམ། །ཡང་ན་མཛེས་སྡུག་ཅན་དེའི་གཟུགས་ཀྱི་དཔལ།།
དལ་བུའི་འགྲོས་ཀྱིས་ཉེ་བར་རྒྱུ་བྱེད་པའི།
།རྣམ་འགྱུར་མཐོང་བས་དེ་ནི་འཁྲི་ཤིང་མིན།།
ཉེར་གཅིག་པ་སྦྱར་བས་འགོག་པ་ནི།
བདུད་རྩིའི་བདག་ཉིད་པདྨ་མ་ལ། །སྡང་ཞིང་སྣུམ་པའི་སྐར་འབྲས་ཅན།།
ཁྱོད་གདོང་ཟླ་བ་འདི་ཡོད་བཞིན། །ཟླ་བ་གཞན་གྱིས་ཅི་ཞིག་བྱ།།
རབ་གཙང་དྲི་མས་ཡོངས་བཏང་སྔོ་བསངས་གདོང་།
།གཉིས་སྐྱེས་དབང་པོའི་ཀུན་གསལ་ཡིད་འོང་མ།།
ཁྱོད་ཞལ་དག་པའི་མཁའ་དབྱིངས་འདི་མཐོང་བཞིན།
།འདབ་ལྡན་ལམ་གྱི་ཆུ་མཐོང་དེས་ཅིས་བྱ།།
ཉེར་གཉིས་པ་དོན་གཞན་འགོག་པ་ནི།
ཐམས་ཅད་མནན་ཡང་ཁྱོདཀྱིས་ནི། །རྣམ་གནོན་ཚིམ་པ་མེད་པ་མཚར།།
འོང་ཀྱང་བསྲེག་ཟ་འབར་བ་ལ། །ཚིམ་པ་དག་ནི་ནམ་ཟིང་མཐོང་།།
རྣམ་པ་ཐམས་ཅད་མཁྱེན་ཅིང་གཞིགས་པའི་ཐུགས།
།ད་དུང་ཡོན་ཏན་འཚོལ་ལ་རིངས་འདིས་ཅི།།
འོན་ཀྱང་མི་ཟད་ཟབ་ཡངས་ཆུ་བོའི་གཏེར། །རྟག་ཏུ་ཆུ་བྲན་མ་ལུས་སྡུད་ལ་ལྟོས།།
ཉེར་གསུམ་པ་རྒྱུས་འགོག་པ་ནི།
སྦྱིན་པ་པོ་ཞེས་ནམ་ཡང་ནི། །མི་དབང་ཁྱོད་ལ་མི་བསྟོད་དེ།།
གང་ཕྱིར་སློང་བས་ཁྱོད་ཀྱི་ནོར། །རང་གི་ཉིད་དུ་བསམ་ནས་ལེན།།
དཔའ་ཞིང་རྟུལ་ཕོད་སྙིང་གི་སྟོབས་ཉིད་དུ།
།གསོས་པས་ཕྱིར་རྒོལ་རྣམ་པར་གནོན་ཏོ་ཞེས།།
མི་བདག་ཁྱོད་ལ་བསྔགས་བརྗོད་སུ་ཞིག་བསྒྲུབ།
།སྔོན་བསགས་ལེགས་པར་བྱས་དེའི་མཐུ་ཁོ་ན།།
གང་ཞིག་དངོས་འགའ་རབ་བཀོད་ནས། །དེ་ཡི་སྒྲུབ་བྱེད་ནུས་པ་ཅན།།
དངོས་པོ་གཞན་དག་འགོད་པ་དེ། །དོན་གཞན་བཀོད་པར་ཤེས་པར་བྱ།།
ཀུན་ཁྱབ་ཁྱད་པར་ལ་གནས་དང་། །སྦྱར་བ་ཅན་དང་འགལ་བ་ཅན།།
མི་འོས་བྱེད་དང་འོས་པའི་བདག །འོས་དང་མི་འོས་བཟློག་པ་འོ།།
དང་པོ་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ་ནི།
ལེགས་ལྡན་འགྲོ་བ་རྣམས་ཀྱི་མིག །ཉི་མ་དང་ནི་ཟླ་བ་ཡང་།།
ནུབ་པར་འགྱུར་བ་ཉིད་ལ་ལྟོས། །ངེས་པ་ལ་ནི་སུ་ཡིས་འགོང་།།
ཀྱེ་མ་སྔོན་གྱི་རྒྱལ་རབས་མཚན་ལྡན་པ། །མཐའ་དག་མི་སྲུན་སྐྱེ་བོས་རྩད་ནས་ཕྱུང་།།
འདུས་བྱས་ཀུན་གྱི་རང་བཞིན་འཇིག་པའི་ཆོས།
།མཁས་ཀྱང་གཞན་དུ་བསྒྱུར་བར་ག་ལ་བཟོད།།
གཉིས་པ་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་ནི།
ཆུ་འཛིན་འདི་དག་ལུས་ཅན་གྱི། །ཡོངས་སུ་གདུང་བ་འཕྲོག་པར་བྱེད།།
བདག་ཐོབ་མིན་ནམ་ཆེན་པོ་རྣམས། །གཞན་གྱི་སྡུག་བསྔལ་ཞི་སླད་དུའོ།།
མགོན་ཁྱོད་རང་བདེའི་དཔལ་ལ་མ་ཆགས་པར། །གཞན་ལ་ཕན་པ་འབའ་ཞིག་སྒྲུབ་པར་མཛད།།
ཕོངས་པར་གྱུར་ཀྱང་གཞན་དོན་ལ་དགྱེས་པ། །དམ་པ་རྣམས་ཀྱི་ལྷན་སྐྱེས་རང་བཞིན་ཡིན།།
གསུམ་པ་སྦྱར་བ་ཅན་གྱི་དོན་གཞན་བཀོད་པ་ནི།
མ་ལ་ཡ་ཡི་རླུང་གིས་ནི། །འཇིག་རྟེན་དགའ་བ་བསྐྱེད་པར་བྱེད།།
དཱཀྵི་ཎྱ་དང་ཡང་དག་ལྡན། །ཀུན་གྱི་སྙིང་སྡུག་མ་ཡིན་ནམ།།
ཁྱོད་ཉིད་དབེན་པའི་རི་བོར་བག་ཕེབས་པ། །འདུ་འཛིན་འཁོར་བའི་རང་བཞིན་མཁྱེན་པར་ལགས།།
གཉིས་སྐྱེས་དབང་ཕྱུག་དྭངས་པའི་མཁར་བགྲོད་ལ།
།གྲོགས་མེད་ན་ཡང་སྐྱོ་བ་ཡོད་མ་ཡིན།།
བཞི་པ་འགལ་བའི་དོན་གཞན་བཀོད་པ་ནི།
མཚན་མོར་བྱེད་འདི་དྲི་མ་དང་། །ལྡན་ཡང་འགྲོ་བ་དགའ་བར་སྐྱེད།།
གཉིས་སྐྱེ་དབང་པོ་སྐྱོན་ལྡན་ཡང་། །གཞན་དག་རྗེས་སུ་འཛིན་པར་ནུས།།
གཟུགས་དང་ལང་ཚོས་ཡོངས་དམན་བུ་སྟོན་རྗེས།
།གངས་ཅན་མཁས་པ་ཀུན་གྱི་ཡིད་དབང་འཕྲོག།
བེམས་པར་གྱུར་ཀྱང་ཀུན་དགའ་སྐྱེད་བྱེད་པ།
།ཡིད་བཞིན་ནོར་བུའི་ཁྱད་ཆོས་མ་ཡིན་ནམ།།
ལྔ་པ་མི་འོས་པའི་དོན་གཞན་བཀོད་པ་ནི།
སྦྲང་རྩི་འཐུངས་པའི་མགྲིན་སྙན་ལས། །བྱུང་བ་བུང་བའི་སྒྲ་དག་ཀྱང་།།
རྣ་བར་རྩུབ་པར་ཉིད་འགྱུར་བ། །འདོད་ལྡན་རྣམས་ཀྱི་སྡིག་འདི་འདྲ།།
རྒྱལ་བས་འགྲོ་ལ་ཕན་དགོངས་བསླབ་པ་རྣམས། །ཀུན་གྱི་རྩ་བ་སོ་སོར་ཐར་པ་ཞེས།།
གསུངས་ཀྱང་རྣ་བར་ཁབ་བསྲེགས་ལྟ་བུ་ཡི། །སྐལ་བས་ཕོངས་པ་རྣམས་ཀྱི་སྡིག་འདི་འདྲ།།
དྲུག་པ་འོས་པའི་དོན་གཞན་བཀོད་པ་ནི།
ཆུ་སྐྱེས་འདབ་མའི་མལ་སྟན་འདིས། །བདག་གི་ལུས་འདི་གདུང་བར་བྱེད།།
བསྲེགས་པའི་བདག་ཉིད་སྲེག་ཟ་དང་། །འདྲ་བས་རིགས་པ་མ་ཡིན་ནམ།།
སྙིང་སྡུག་མཛེས་མ་ཁྱོད་ཀྱི་ལག་སོར་གྱིས།
།རེག་པ་ཙམ་གྱིས་བདག་ལུས་གདུང་བར་བྱེད།།
དམར་བའི་བདག་ཉིད་ཉི་མ་ལས་རྒྱལ་བས། །བྱེད་ཆོས་དེ་ལྟར་སྣང་ཡར་རིགས་པ་ལགས།།
བདུན་པ་འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ་ནི།
བསིལ་ཟེར་ཅན་གྱིས་ཉམས་བྱེད་མོད། །དཔྱིད་ཀྱིས་བདག་ནི་ཅི་ལ་གདུང་།།
དྲི་མ་ཅན་གྱིས་སྤྱོད་པའི་ལས། །དག་པས་མི་འོས་པ་མིན་ནམ།།
ཁྲོ་ལྡན་བརླང་པོའི་ཚིག་གིས་སྙིང་འབིགས་མོད།
།བརྩེ་ཞིང་བཅུགས་པའི་གཏམ་གྱིས་ཅི་ལ་འབིགས།།
རབ་རྩུབ་མཚོན་ཆ་རྣོན་པོས་བྱེད་པའི་ལས། །འཇམ་པའི་རང་བཞིན་ཅན་གྱིས་བྱེད་འོས་སམ།།
བརྒྱད་པ་མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་ནི།
ཀུ་མུད་ལྡན་ཡང་སྲེག་བྱེད་ན། །པདྨའི་འབྱུང་གནས་ཅིས་མི་བྱེད།།
ཟླ་བས་བཟུང་རྣམས་རྩུབ་པ་ན། །ཉི་མས་བཟུང་བ་འཇམ་མི་འགྱུར།།
གཞུང་ལུགས་ཤེས་རྣམས་རྙེད་དང་བཀུར་སྟིའི་ཕྱིར།
།རྣམ་འགྱུར་སྟོན་ན་བླུན་རྣམས་ཅིས་མི་འོས།།
མི་ཡི་འགྲོ་བར་གྱུར་ཀྱང་དུག་ཟ་ན། །གླེན་རྨོངས་དུད་འགྲོས་བླང་དོར་ཤེས་པར་དཀའ།།
སྒྲས་ཟིན་པ་འམ་རྟོགས་པ་ཡིས། །དངོས་པོ་གཉིས་ནི་མཚུངས་གྱུར་པ།།
དེར་ནི་དབྱེ་བ་བརྗོད་པ་གང་། །དེ་ནི་ལྡོག་པ་ཅན་ཞེས་བརྗོད།།
༡༽
སྒྲས་ཟིན་མཚུངས་པའི་ལྡོག་པ་ཅན་ལས།
གཅིག་གི་ལྡོག་པ་ཅན།
༡
བརྟན་དང་ཆེ་བའི་བདག་ཉིད་དང་། །ལཱ་བ་ཎྱ་སོགས་ཡོན་ཏན་གྱིས།།
ཁྱོད་དང་རྒྱ་མཚོ་མཚུངས་ཐ་དད། །ཁྱོད་ལུས་འདི་འདྲ་ཉིད་ཀྱིས་སོ།།
ཡིད་འཕྲོག་མངར་བའི་དྲི་ལྡན་འཇམ་ཞིང་མཉེན།
།དཀར་མཛེས་འཇིག་རྟེན་དབང་ཕྱུག་གཟུགས་སྐུ་དང་།།
པུཎྜ་རི་ཀ་མཚུངས་མོད་ཐ་དད་པའི། །འབྱེད་ཆོས་ཆོས་སྐུ་རྣམ་འགྱུར་ལྡན་པས་སོ།།
གཉིས་ཀྱི་ལྡོག་པ་ཅན།
༢
ཆུ་ཡི་ཕུང་པོ་དག་དང་ཁྱོད། །མཚམས་ལས་མི་འདའ་ཟབ་པ་སྟེ།།
འདི་ནི་མིག་སྨན་དང་མཚུངས་ལ། །ཁྱོད་ནི་གསེར་གྱི་འོད་ཅན་ནོ།།
ལྷ་ཡི་རྔ་བོ་ཆེ་དང་མགོན་ཁྱོད་གསུངས། །སྙན་ཅིང་བརྗིད་ཆགས་ཆོས་སྒྲ་སྒྲོག་པ་སྟེ།།
དེས་ནི་སུམ་རྩེན་གནས་ཀྱི་ཁོར་ཡུག་དང་། །ཁྱོད་གསུངས་ཁམས་གསུམ་གདུལ་བྱའི་རྣ་བར་འཇུག།
སྦྱར་བའི་ལྡོག་པ་ཅན།
༣
ཁྱོད་དང་རྒྱ་མཚོ་དུརྦཱ་རོ། །མཧཱ་སཏྭ་ཏེ་ཛཿབཅས།།
འདི་ཡིས་ཁྱེད་གཉིས་ཐ་དད་དེ། །དེ་ནི་ཆུ་བདག་ཁྱོད་མཁས་སོ།།
དཔལ་ལྡན་མཁས་པ་ཁྱོད་དང་མི་ཡི་དབང་། །འཇིགས་བྲལ་གནས་ལྔར་བྱང་ཞིང་ལུགས་ཀུན་ཤེས།།
སྨྲ་མཁས་ཁྱོད་ཀྱིས་ཐུབ་པའི་བསྟན་པ་དང་།
།མི་ཡི་དབང་ཕྱུག་དེས་ནི་རང་སྲིང་སྐྱོང་།།
འགོག་པའི་ལྡོག་པ་ཅན།
༤
ལུགས་དང་ལྡན་ཞིང་བརྟན་པ་ཡི། །རིན་ཆེན་འབྱུང་གནས་ཡིན་མོད་ཀྱང་།།
དྲི་མ་ལྡན་པ་ཆུ་སྲིན་གནས། །ཁྱོད་ཀྱི་འགྲན་ཟླར་འགྱུར་མ་ཡིན།།
མཐོན་པར་གནས་ཀྱང་དམན་པའི་ཡུལ་ལ་བྱམས། །དུས་ལས་མི་ཡོལ་གཞན་དོན་ལ་དགྱེས་ཀྱང་།།
རང་ཉིད་མི་མཐུན་ཕྱོགས་ལས་མ་རྒྱལ་བ། །ཉིན་མོར་བྱེད་པས་ཁྱོད་ལ་འགྲན་ནུས་མིན།།
གཏན་ཚིགས་ཀྱི་ལྡོག་པ་ཅན།
༥
རི་གླིང་རྒྱ་མཚོར་བཅས་པ་ཡི། །ས་གཞི་མཐའ་དག་འཛིན་མོད་ཀྱང་།།
ལག་འགྲོ་རྣམས་ཀྱི་རྗེར་གྱུར་ཕྱིར། །ལྷག་མ་ཅན་ནི་ཁྱོད་ལས་དམན།།
འཁོར་གྱི་ནང་ན་གཟི་བརྗིད་མཚུངས་པ་མེད། །ཀུན་ལ་ཕན་པས་སྙོམས་པའི་ཕྱིར་རྒྱུ་ཡང་།།
བླུན་ཅིང་འཆར་ནུབ་དབང་དུ་གྱུར་པའི་ཕྱིར།
།རྒྱལ་པོ་ཁྱོད་ལས་ཉི་མོར་བྱེད་པ་དམན།།
༢༽
རྟོགས་པས་མཚུངས་པའི་ལྡོག་པ་ཅན་ལས།
རྟེན་གྱི་དབྱེ་བའི་ལྡོག་པ་ཅན།
༦
ཁྱོད་ཀྱི་གདོང་དང་པདྨ་མ་སྟེ། །འདི་གཉིས་ཀྱི་ནི་ཁྱད་པར་ཡང་།།
པདྨ་ཆུ་ལས་སྐྱེས་པ་དང་། །ཁྱོད་གདོང་ཁྱེད་ལ་བརྟེན་པ་འོ།།
རྒྱལ་བའི་དབང་པོ་ཁྱོད་ཀྱི་མཛོད་སྤུ་དང་།
།སྟོན་མཚན་ཟླ་བའི་དཀྱིལ་འཁོར་འདི་གཉིས་ཀྱི།།
འབྱེད་ཆོས་དེ་ནི་ཁྱོད་ཀྱི་སྨིན་མཚམས་དང་།
རི་བོང་ཅན་དེ་མཁའ་ལ་གནས་པས་དབྱེ།།
དཔེ་ཅན་ལྷག་པའི་ལྡོག་པ་ཅན། ༧
རི་དྭགས་མིག་ལ་སྨིན་སྒེག་དང་། །མྱོས་པའི་དམར་བས་རེག་པ་མེད།།
ཁྱོད་ཀྱི་མིག་ནི་གཉིས་པོ་འདི། །ཡོན་ཏན་དེ་དག་གཉིས་ཀྱིས་བརྒྱན།།
རི་བོང་ཅན་ལ་འཛུམ་པའི་མཆུ་སྒྲོས་དང་། །རྣམ་བཀྲའི་མིག་ཟུར་གཡོ་བས་མཚན་པ་མེད།།
དབྱངས་ཀྱི་རྒྱལ་མོའི་ཞལ་གྱི་དཀྱིལ་འཁོར་ནི།
།མཛེས་པའི་ཁྱད་ཆོས་དེ་དག་རྣམས་ཀྱིས་བརྒྱན།།
མཚུངས་ཆོས་འབྱེད་བྱེད་གཉིས་ཀ་སྒྲས་ཟིན་པའི་ལྡོག་པ་ཅན། ༨
ཁྱོད་ཀྱི་གདོང་དང་པདྨ་དཀར། །རྒྱས་ཤིང་དྲི་བཟང་ལྡན་པ་སྟེ།།
པདྨ་ལ་ནི་བུང་བ་འཁོར། །ཁྱོད་ཀྱི་གདོང་ལ་མིག་རབ་གཡོ།།
ཕྱག་གི་ཡལ་འདབ་ཟུང་དང་པདྨ་དཀར། །འཇམ་མཉེན་རེག་ན་བདེ་བའི་དཔལ་ལྡན་མོད།།
ཕྱག་སོར་ལྷ་ཡི་རྒྱུད་མངས་སྒྲ་འབྱིན་ཞིང་།
།པདྨར་བུང་བའི་ན་ཆུང་གླུ་ལེན་ནོ།།
མཚུངས་ཆོས་ཤུགས་དང་འབྱེད་བྱེད་སྒྲས་ཟིན་པའི་ལྡོག་པ་ཅན།
༩
ཟླ་བ་འདི་ནི་མཁའ་ཡི་རྒྱན། །ངང་པ་འདི་ནི་ཆུ་ཡི་རྒྱན།།
མཁའ་འདི་རྒྱུ་སྐར་ཕྲེང་བ་ཅན། །ཆུ་འདི་ཀུ་མུད་རྒྱས་པ་ཅན།།
དབང་པོའི་གཞུ་རིས་འཁྱོག་པོ་ནམ་མཁའི་རྒྱན།
།རྣམ་བཀྲའི་ཚིག་སྦྱོར་འཁྱོག་པོ་ཡིད་ཀྱི་རྒྱན།།
མཁའ་འདི་དངོས་པོ་ཀུན་གྱི་གོ་འབྱེད་ཅིང་།
།བདག་ཡིད་ཤེས་བྱ་མཐའ་དག་གཟུགས་སུ་འཛིན།།
༤༽
རིགས་མཐུན་འབྱེད་པའི་ལྡོག་པ་ཅན།
༡༠
རིན་ཆེན་སྣང་བས་མི་འཕྲོགས་ཤིང་། །ཉི་མོའི་འོད་ཀྱིས་མི་བཟློག་པ།།
ལང་ཚོ་ལས་བྱུང་ན་ཆུང་གི། །མུན་པས་ལྟ་བ་འགོག་པར་བྱེད།།
གཙང་བྱེད་འབར་བའི་ཕྲེང་བས་ཚིག་མིན་ཅིང་།
།རབ་དྭངས་ཆུ་བོའི་རྒྱུན་གྱིས་མི་འདག་པ།།
ལང་ཤོར་བློ་ཡི་དྲི་མ་ངན་པ་འདིས། །རང་བཞིན་དགེ་བཅུའི་སྤྱོད་བཟང་ངང་གིས་བསྒྲིབས།།
རབ་ཏུ་གྲགས་པའི་རྒྱུ་བཟློག་ནས། །གང་ཞིག་རྒྱུ་གཞན་ཅུང་ཟད་ཙམ།།
གང་དུ་རང་གི་ངོ་བོ་ཉིད། །སྟོན་པ་དེ་ནི་སྲིད་པ་ཅན།།
གོ་དོན།
འཇིག་རྟེན་ཡོངས་གྲགས་ཀྱི་རྒྱུ་ལས་བཟློག་སྟེ་མ་གྲགས་པའི་ཕྱི་ནང་གི་རྒྱུ་དང་འབྲས་བུ་རང་གི་ངོ་བོ་ཙམ་སྟོན་པ་ལ་སྲིད་པ་ཅན་ཟེར་དེ་ལ་དབྱེ་ན་གསུམ་མོ།།
ཕྱིའི་རྒྱུ་གཞན་ཅུང་ཟད་སྟོན་པའི་སྲིད་པ་ཅན།
མ་འཐུངས་མྱོས་པའི་ཀ་དམ་པ། །མ་ཕྱིས་དྲི་མ་མེད་པའི་མཁའ།།
བགྲུང་པར་མ་བྱས་དྭངས་པའི་ཆུས། །འགྲོ་བའི་ཡིད་ནི་འཕྲོག་པར་བྱེད།།
ཚོན་གྱིས་མ་བསྒྱུར་མཐོན་གའི་ནེའུ་སིང་གཞིར།
།མ་བཀྲམ་སྣ་ཚོགས་མེ་ཏོག་ཚོམ་བུས་མཛེས།།
བསྐུལ་བ་མིན་ཀྱང་བུང་བའི་མགྲིན་དབྱངས་ཀྱིས།
།མ་འཕྲོག་ཡིད་ཀྱི་ཆོམ་རྐུན་དཔྱིད་ཀྱི་དཔལ།།
རང་རྩོམ།
སྦར་བར་མ་བྱེད་མྱུར་བའི་གློག་ཞུགས་འབྱིན།།
བྱེད་པོས་མ་བསྐུལ་མཁའ་ལ་སྒྲ་ཆེན་ལྡིར།།་
མ་ཕབ་དྲག་ཆར་འབབ་པ་ཉིད་ཀྱིས་ནི།། གནོད་སེམས་མེད་ཀྱང་དགྲར་གྱུར་དབྱར་གྱི་དུས།།
གཉིས་པ་ནང་རྒྱུ་གཞན་ཅུང་ཟད་སྟོན་པའི་སྲིད་པ་ཅན།
སྨན་མ་བསྐུས་པར་དཀར་མིན་མིག །མནན་པ་མིན་པར་སྨིན་མ་དམའ།།
ཚོན་མ་བསྒོས་པར་དམར་བ་ནི། །མཛེས་མ་ཁྱོད་ཀྱི་མཆུ་དི་འོ།།
མ་བཀྲུས་དཀར་བའི་མདངས་འཕྲོ་གཙུག་ཕུད་དང་།
།མ་བྲིས་གཉེར་མའི་རི་མོ་ཉིན་བཞིན་འཕེལ།།
མ་བསྡུས་པར་ཡང་སེམས་ཀྱི་འཕྲོ་འདུ་ཀུན། །ཅིག་ཅར་འདུས་པའི་ལང་ཚོ་བདག་གིས་ཐོབ།།
རང་རྩོམ།
མ་དྲངས་གདོང་གི་གཉེར་མ་རིམ་གྱིས་འབྱོན།
།མ་བཀུག་སྐེད་པ་ཉིན་བཞིན་གུག་བ་དང་།།
མ་བཙུགས་ལྕང་མ་སོར་མོའི་བར་འཁྲུངས་པའི།
།ལང་ཚོ་ཐོབ་པའི་དུས་སུ་སེམས་རེ་སྐྱོ།།
གསུམ་པ་འབྲས་བུ་རང་གི་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན།
བགོས་པ་མེད་པར་ཁ་དྲི་ཞིམ། །བཅོས་པ་མིན་པར་ལུས་པོ་མཛེས།།
རྒྱུ་མེད་དག་ཏུ་ཟླ་བ་དགྲ། །རྒྱུ་མཚན་མེད་པར་འདོད་པ་གྲོགས།།
མ་བསྐྱེད་སྲིད་པའི་འཁོར་ལོ་ཡངས་པ་འདིར།
།མ་བྲིས་ལས་དང་ཉོན་མོངས་ཅིར་ཡང་བཀྲ།།
མ་བཏབ་བདག་འཛིན་མདུད་པ་དམ་པོ་ཡིས། །མ་བཟུང་ཐར་དུས་མེད་འདིས་སྐྱོ་བ་ལ།།
རང་རྩོམ།
མ་བསྒྲུབས་དུག་གསུམ་ལོངས་སྤྱོད་ཆེས་ཆེར་འཕེལ།།
མ་བོར་དགེ་བའི་བདོག་པ་རིམ་གྱིས་ཟད།།
མ་འབབ་འགྲོ་དྲུག་གནས་ལས་མར་མར་ཟག། ངལ་བས་མ་བརྩིགས་མྱང་ཁང་གྲུབ་འདིས་འཁྲུལ།།
དངོས་པོ་འགའ་ལ་བསམ་བྱས་ནས། །དེ་དང་མཚུངས་པའི་དངོས་པོ་གཞན།།
བསྡུས་པའི་ཚུལ་གྱིས་བརྗོད་པ་ལ། །དེ་ནི་བསྡུས་པ་བརྗོད་པར་འདོད།།
གོ་དོན། ཆོས་མཚུངས་ཀྱི་དཔེའི་དངོས་པོ་ཚིག་ཟིན་དུ་དངོས་སུ་བརྗོད་པས་
བསམ་བྱའི་དོན་གྱི་དངོས་པོ་ཆོས་མཚུངས་ཀྱི་སྒོ་ནས་རྟོགས་པར་བྱེད་པ་ལ་
བསྡུས་བརྗོད་ཀྱི་དཔེ་ཟེར་རོ།།
དེ་ལ་དབྱེ་ན་བཞིའོ།།
དང་པོ་སྤྱིའི་བསྡུས་བརྗོད་ནི། ༡
བུང་བ་ཇི་ལྟར་འདོད་པ་བཞིན། །པདྨ་རྒྱས་ལས་སྦྲང་རྩི་འཐུངས་།།
དྲི་ཞིམ་རྒྱས་པ་མ་ཡིན་ཡང་། །མེ་ཏོག་ཁ་མ་ཕྱེ་སྦྱོར་ལྟོས།།
ཕུན་ཚོགས་འབྲས་བུའི་ཁུར་ལྡན་རབ་མཐོར་འཕགས།
།གྲིབ་བསིལ་ཁོར་ཡུག་ཡངས་པའི་ལྗོན་པ་ཆེ།།
རིང་དུ་བཏང་ནས་ཤིང་སྐམ་ཡལ་ག་ལ། །འགའ་ཞིག་བསིལ་བའི་དངོས་པོ་རེ་བ་མཐོང་།།
རང་རྩོམ།
ཅི་བསམ་འདོད་དོན་འགྲུབ་ལ་ཐོག་མེད་པའི། །བསམ་འཕེལ་ནོར་བུ་རིང་དུ་སྤངས་བྱས་ནས།།
འགའ་ཞིག་རི་བྲག་ལ་སོགས་མཆོད་ཡུལ་དུ། །བཀུར་ནས་འདོད་དོན་གྲུབ་པར་རེ་བ་མཐོང་།།
གཉིས་པ་བྱེ་བྲག་ལས།
ཁྱད་གཞི་ཐ་དད་ཁྱད་ཆོས་གཅིག་པའི་བསྡུས་བརྗོད་ནི།
༢
རྩ་བརྟན་འབྲས་བུའི་ཁུར་གྱིས་ནི། །སློང་རྣམས་རྟག་ཏུ་རྒྱས་པར་བྱེད།།
གྲིབ་མ་སྣུམ་པའི་ལྗོན་པ་ཆེ། །འདི་ནི་བདག་གིས་ཡང་དག་ཐོབ།།
འཁྲིལ་ལྡེམ་རྣམ་བཀྲ་མཛེས་པའི་ཆུ་བར་བརྟེན།
།འཇམ་མཉེན་འདབ་མའི་དཔལ་རྒྱས་དྲི་བསུང་ཞིམ།།
གེ་སར་ཕུན་ཚོགས་པད་དཀར་སྡོང་བུ་འདི། །ཁོ་བོའི་ཉེར་སྤྱད་མཆོག་ཏུ་རྣམ་པར་རྒྱུ།།
རང་རྩོམ།
དཀར་བསིལ་མདངས་དང་ལྡན་ཞིང་། །འདྲེན་བྱེད་ཡུལ་དུ་མཛེས་པ།།
འདོད་ལྡན་རེ་བ་སྐོང་བའི། །མཚན་མོའི་མགོན་རང་ཨིནམ་པས།།
ཁྱད་ཆོས་ཐ་དད་དང་ཐ་དད་མིན་པའི་བསྡུས་བརྗོད་ནི།
༣
ཡལ་གའི་ཁྱོན་ནི་མི་ཆུང་ཞིང་། །མེ་ཏོག་འབྲས་བུ་ཕུན་སུམ་ཚོགས།།
དམ་པའི་གྲིབ་བསིལ་བརྟན་ལྡན་པའི། །ཤིང་འདི་བདག་གི་སྐལ་བས་རྙེད།།
ལུས་གྲིམས་རྐང་པ་བརྒྱད་པའི་ཤ་ཚུགས་ཀྱིས།
།དུས་ཀུན་གནྡྷོ་ལར་འགྱིང་རྔམ་རྔམ་འདྲ།།
གན་དྷོ་ལ།
དོན་གྱི་བྱ་བར་ཞུགས་ཚེ་བེམས་པོའི་དངོས།
།དེ་འདྲར་མཚར་དུ་འཛིན་རྣམས་བྱིས་པའི་བློ།།
རང་རྩོམ།
དཀར་ལ་དམར་བའི་ཁ་དོག་རྣམ་པར་བཀྲ།། བལྟ་ན་སྡུག་པའི་ཟེའུ་འབྲུས་རབ་མཛེས་ཤིང་།།
སྦྲང་རྩིའི་ཁུར་གྱིས་མངོན་པར་ཕྱུག་པ་ཡི།།
མེ་ཏོག་ཚོགས་རྣམས་བུང་བའི་ཡིད་ལ་མཛའ།།
སྔོན་མེད་ཀྱི་བསྡུས་བརྗོད་ནི།
༤
སྦྲུལ་ངན་འགྲོགས་པ་དང་བྲལ་ཞིང་། །རང་བཞིན་གྱིས་ནི་མངར་བའི་ནང་།།
ཀྱེ་མ་ཆུ་བོའི་གཏེར་འདི་ནི། །དུས་ཀྱིས་ཡོངས་སུ་སྐམ་པར་འགྱུར།།
ལག་འགྲོ་གདུག་པའི་འཁྲིལ་བག་མི་ལྡན་ཅིང་།
།རྩུབ་མོའི་ཚེར་མ་དག་ཀྱང་མི་སྣང་བའི།།
རབ་བསིལ་གདུང་བ་འཕྲོག་པ་ཙནྡན་ཤིང་། །སྐལ་བ་བཟང་པོར་ལྡན་པའི་དཔལ་དུ་ཐོབ།།
རང་རྩོམ།
གདུག་པའི་དུད་འགྲོ་མི་ལྡན་ལ།། བ་ཚྭས་བསྙོགས་པ་མ་ཡིན་པའི།།
ཡངས་ཤིང་རྒྱ་ཆེའི་ཆུ་གཏེར་ཆེ།། བདག་ཅག་རྣམས་ཀྱི་སྐལ་བར་ཐོབ།།
ཁྱད་པར་གྱི་ནི་བརྗོད་འདོད་གང་། །འཇིག་རྟེན་མཚམས་ལས་བརྒལ་གྱུར་པ།།
ཕུལ་དུ་བྱུང་བར་བརྗོད་པ་འདི། །རྒྱན་གྱི་དམ་པ་ཡིན་ཏེ་དཔེར།།
གོ་དོན།
དོན་གྱི་དངོས་པོའི་ཁྱད་ཆོས་མཆོག་ཏུ་བརྗོད་པར་འདོད་པས་
རྗོད་བྱེད་འཇིག་རྟེན་གྲགས་པ་ལས་
བརྒལ་བའི་ཉམས་ཀྱིས་བརྗོད་པའོ།།
དབྱེ་ན་བཞིའོ།།
དང་པ་ཁྱད་འཕགས་བརྗོད་པའི་ཕུལ་བྱུང།
མལླི་ཀ་ཡི་ཕྲེང་ཚོགས་ཅན། །ལུས་ཀུན་ཁྱབ་པའི་ཙནྡན་གཤེར།།
དཀར་བའི་གོས་ཅན་སྔོན་འགྲོ་མ། །ཟླ་བའི་འོད་ཀྱིས་མཚོན་མ་ཡིན།། མངོན་འགྲོ་
རབ་དམར་བསེ་ཡི་ཡ་ལད་ཀྱིས་བརྗིད་ཅིང་། །འཆར་ཀའི་མདངས་ལྡན་གདོང་ལག་ཁྲག་གིས་གཤེར།།
དམར་བའི་ཆིབས་ལྡན་རྡོ་རྗེ་བདུད་འདུལ་སྐུ།
།བསྐལ་པའི་མེ་དཔུང་དབུས་ན་མཚོན་མ་ཡིན།།
རང་རྩོམ།
ཕྱིའི་སྐྱེ་དངོས་རྩི་ཤིང་སྨན་གྱིས་གཏམས།།
ནང་དུ་དགའ་སྐྱིད་དཔལ་གྱིས་མངོན་ཕྱུག་པའི།།
འབྲུག་པའི་ཡུལ་ནི་སུམ་རྩེན་ལྷ་ཡུལ་གྱི།།
དཔྱིད་དཔལ་གྱིས་ཀྱང་མཚོན་པར་ནུས་མ་ཡིན།།
གཉིས་པ་ཐེ་ཚོམ་ཕུལ་བྱུང་ནི།
དགའ་མ་ཁྱོད་ཀྱི་ནུ་མ་དང་། །དཔྱི་ཡི་བར་ན་རྐེད་པ་ནི།།
ཡོད་དམ་མེད་ཅེས་བདག་གི་ནི། །ཐེ་ཚོམ་ད་དུང་བཟློག་མ་གྱུར།།
ཁྱོད་ཀྱི་མཁྱེན་པའི་ལམ་དུ་མ་སོང་བའི། །ཟབ་རྒྱས་ཆོས་ཀྱི་དགོངས་དོན་ཕྲ་མོ་འགའ།།
འཁོར་དང་མྱ་ངན་འདས་པའི་ཡུལ་གར་ཡང་། །ཡོད་མེད་ཅི་ཞེས་བདག་ཡིད་འཕྱང་མོ་ཉུག།
རང་རྩོམ།
མཛའ་མོ་མཆོག་གི་མཛེས་པའི་རོ་སྟོད་དང་།།
རོ་སྨད་བར་ན་འབྲེལ་བའི་རྐེད་པ་ཞིག།
ཡོད་དམ་མེད་ཅེས་བདག་གི་བློ་ངོ་ལ།། ཤར་བའི་ཐེ་ཚོམ་ད་དུང་བསལ་མ་ནུས།།
གསུམ་པ་ངེས་པ་ཕུལ་བྱུང།
ནི་ཏམྦི་ནི་ཁྱོད་ལ་ནི། །རྐེད་པ་ཡོད་ཅེས་ངེས་པར་ནུས།།
འོ་མ་འཛིན་པའི་ཁུར་གནས་པ། །རྣམ་པ་གཞན་དུ་སྲིད་མ་ཡིན།།
མཁྱེན་པའི་ཡེ་ཤེས་མཆོག་དེ་ད་དུང་ཡང་། །ཤེས་བྱའི་ཁམས་ལ་མངོན་པར་ཆགས་སྦྱར་བའི།།
རྣམ་འགྱུར་མཐོང་འདིས་དོན་དུ་གཉེར་བྱའི་ཆོས།
།ད་དུང་ངེས་པར་སྲིད་ལ་ཐེ་མི་ཚོམ།།
རང་རྩོམ།
མཛའ་མོ་མཆོག་གི་མཛེས་པའི་རོ་སྟོད་ལ།། འབུར་དུ་འཐོན་པའི་ནུ་ཟུང་ཁྲ་ལམ་ལམ།།
མཐོང་བས་དཔྱི་གཉིས་གོང་དུ་རྐེད་པ་ཞིག། ངེས་པར་སྲིད་ལ་སོམ་ཉི་གཏན་དུ་ཡལ།།
བཞི་པ་གྲགས་པ་ཕུལ་བྱུང་ངམ་ངོ་མཚར་ཕུལ་བྱུང་།
ཁྱོད་ཀྱི་གྲགས་པའི་ཕུང་པོ་ནི། །དཔག་ནུས་མིན་ཡང་འདིར་ཤོང་བ།།
ས་སྐྱོང་སྲིད་པ་གསུམ་གྱི་ནི། །ཁོངས་དག་ཨེ་མ་ཤིན་ཏུ་ཡངས།།
རྣམ་འདྲེན་ཁྱོད་ཐུགས་བསླབ་གསུམ་རིན་པོ་ཆེའི།
།ཡོན་ཏན་ཕུང་པོས་མངོན་པར་ཁེངས་པའི་ལྕིད།།
གཡོ་མེད་འདེགས་པར་བཟོད་པའི་ནོར་འཛིན་མ།
།ཆུ་གཏེར་ཀློང་དུ་མ་བྱིང་ངོ་མཚར་ཆེ།།
རང་རྩོམ།
མཛའ་མོ་ཁྱོད་ཀྱི་མཛངས་པའི་ཡོན་ཏན་དང་།།
མཛེས་པའི་ཕུན་ཚོགས་དཔལ་གྱིས་གཏམས་པའི་ལུས།།
འདེགས་པར་མ་བཟོད་སྲིད་པའི་འཁོར་ལོ་ཆེ།།
གཤིན་རྗེའི་བྲང་ལ་ངལ་གསོས་ཡ་རེ་མཚན།།
སེམས་ལྡན་དག་གམ་ཅིག་ཤོས་ཀྱི། །རྣམ་པ་གཞན་དུ་གནས་པའི་ཚུལ།།
གང་དུ་རྣམ་གཞན་རབ་རྟོག་པ། །དེ་ནི་རབ་རྟོག་ཏུ་རིག་དཔེར།།
གོ་དོན།
བརྗོད་བྱའི་དོན་དངོས་ཀྱི་གནས་ཚུལ་རྣམ་པ་གཞན་དུ་སྒྲོ་བཏགས་ནས་འཁྱོག་པོར་
བརྗོད་པ་ལ་རབ་རྟོག་གི་རྒྱན་ཟེར།
དེ་ལ་དབྱེ་ན་ གསུམ་མོ།།
དང་པོ་སེམས་ལྡན་རབ་རྟོག
ཉིན་གུང་ཉི་མས་གདུངས་པ་ཡི། །གླང་པོ་དག་ནི་མཚོར་འཇུག་པ།།
ཉི་མའི་ཕྱོགས་གྱུར་པདྨ་རྣམས། །གཞོམ་པར་འདོད་པ་ཡིན་ནམ་སྙམ།།
གངས་ལྗོངས་བསིལ་བའི་རེག་བྱས་དབྱངས་ལྷ་མོ།
།གྲང་བས་ཉེན་ཏེ་ཁོ་བོའི་སྙིང་དབུས་སུ།།
དྲི་ཟའི་འཇིག་རྟེན་རྫོགས་པའི་སྙན་ཚིག་གླུ།
།ལེན་པའི་ཟོལ་གྱིས་བག་ཕབ་གནས་སམ་སྙམ།།
རང་རྩོམ།
དབྱར་རྔའི་ལྗོངས་ཀྱི་སྨན་ཆུང་བུ་མོ་ཡི།།
མཛེས་མཛངས་ཡོན་ཏན་མཆོག་ལ་དཔའ་ཞུམ་ནས།།
མཚོ་བྱུང་ལྷ་མོ་དག་པའི་ཞིང་ཁམས་སུ།། ཡིབས་ཏེ་ང་ཡིས་མཇལ་མི་ནུས་སམ་སྙམ།།
གཉིས་པ་སེམས་མེད་རབ་རྟོག
འདི་ནི་བདག་གི་རིང་བ་དག །འགོག་བྱེད་རྣ་བའི་རྒྱན་ཞེས་ཏེ།།
ཁྱོད་ཀྱི་མིག་གིས་རྣ་བ་ཡི། །ཨུཏྤལ་དག་ལ་འགོངས་པ་འདྲ།།
མཛེས་མ་ཁྱོད་ཀྱི་བཞིན་གྱི་ཡོན་ཏན་རྣམས།
།བག་མེད་བཟུང་བའི་པདྨ་གཞོན་ནུའི་ཚོགས།།
གང་གི་སྐྲ་ཚོགས་དག་ལ་བཅིངས་མཐོང་སྟེ། །རྒྱུ་སྐར་རྒྱལ་པོ་མཁའ་ལ་འཛེག་པར་ངེས།།
གང་གི་མིག་གི་མཛེས་པ་ཕུལ་བྱུང་བ།། དབྱངས་ཀྱི་རྒྱལ་མོའི་མཚར་སྡུག་བང་མཛོད་ལས།།
བརྐུས་པའི་ཉེས་པས་སྐྲག་པའི་ཨུཏྤལ་དང་།།
རི་དྭགས་རྣམས་ནི་ནགས་སུ་བྲོས་པར་དོགས།།
༼རི་དྭགས༽
རང་རྩོམ།
མཐོ་བའི་ཇོ་མོ་ལྷ་རི་དགུན་ཁའི་དུས།། གྲང་ངར་ཤིན་ཏུ་ཆེ་བའི་ཉེར་ལེན་གྱིས།།
བལ་ལས་གྲུབ་པའི་མལ་ཆ་དཀར་པོ་ཞིག། ངེས་པར་བཀབ་སྟེ་འདུག་པ་ཡིན་ནམ་སྙམ།།
གསུམ་པ་བཞིན་སྒྲ་ཅན།
ཏིང་འཛིན་རབ་རྟོག་
མུན་པ་ལུས་ལ་བྱུགས་པ་བཞིན། །མཁའ་ནི་མིག་སྨན་ཆར་འབེབས་བཞིན།།
གཡེམ་ལ་རྗེས་ཆགས་སྔོ་བསངས་མཁའི་བུ་མོ། །རྒྱུ་སྐར་དོ་ཤལ་ཐག་པ་ཆད་པའི་ཚེ།།
སྐྱ་རེངས་སྣང་བ་དང་འགྲོགས་སྲིད་པའི་མིག
།བགྲད་ནས་གླིང་བཞི་ཀུན་ཏུ་འཚོལ་བཞིན་རྒྱུ།།
རང་རྩོམ།
ཟླ་གཞོན་ཤར་རིའི་ཕྲག་ནས་འོང་བའི་ཚེ།། ཀུ་མུད་དགའ་བས་ཡང་ཡང་འཛུམ་པ་བཞིན།།
བུང་བའི་ཚོགས་རྣམས་ཉེ་བར་འབྱོར་བ་ན།། གེ་སར་སྐྲག་ནས་འདར་གསིག་བྱེད་པ་བཞིན།།
ཁྱིམ་ལཱ།
རབ་རྟོག་གསལ་བྱེད་ཀྱི་སྒྲའི་དཔེར་བརྗོད། ཚིག་རྐང་གཉིས་གཉིས་འབད་མི་འབྲི་དགོ་
སྙམ་དང་དོགས་དང་ངེས་དང་འདྲ། །མིན་ནམ་ཞེས་པ་ལ་སོགས་པའི།།
སྒྲ་ཡིས་རབ་བཏགས་གསལ་བར་བྱེད། །བཞིན་གྱི་སྒྲ་ཡང་དེ་དང་འདྲའོ།།
1.
སྙམ།
2.
དོགས།
3.
ངེས།
4.
འདྲ།
5.
མིན་ནམ།
6.
བཞིན།
གངས་ལྗོངས་བསིལ་བའི་རེག་བྱས་དབྱངས་ལྷ་མོ།
།གྲང་བས་ཉེན་ཏེ་ཁོ་བོའི་སྙིང་དབུས་སུ།།
དྲི་ཟའི་འཇིག་རྟེན་རྫོགས་པའི་སྙན་ཚིག་གླུ།
།ལེན་པའི་ཟོལ་གྱིས་བག་ཕབ་གནས་སམ་སྙམ།།
གང་གི་མིག་གི་མཛེས་པ་ཕུ་བྱུང་བ། །དབྱངས་ཀྱི་རྒྱལ་མོའི་མཚར་སྡུག་བང་མཛོད་ལས།།
བརྐུས་པའི་ཉེས་པས་སྐྲག་པའི་ཨུཏྤལ་དང་། །རི་དྭགས་རྣམས་ནི་ནགས་སུ་བྲོས་པར་དོགས།།
མཛེས་མ་ཁྱོད་ཀྱི་བཞིན་གྱི་ཡོན་ཏན་རྣམས།
།བག་མེད་བཟུང་བའི་པདྨ་གཞོན་ནུའི་ཚོགས།།
གང་གི་སྐྲ་ཚོགས་དག་བཅིངས་མཐོང་སྟེ། །རྒྱུ་སྐར་རྒྱལ་པོ་མཁའ་ལ་འཛེག་པར་ངེས།།
དཔྱིད་དུས་ཉི་མ་གཞོན་ནུ་ཆགས་པ་ཡི། །ལུས་དྲོད་འབར་བའི་རྡུལ་ཐིགས་ཟགས་པའི་རྒྱུན།།
སྨིག་རྒྱུའི་དྲྭ་བར་འཛིངས་ཚེ་པདྨ་རྣམས།
།སོ་ཕྲེང་རབ་གསལ་དགོད་པར་བྱེད་པ་འདྲ།།
མིག་སྨན་མདོག་འཆང་སྲོད་ཀྱི་ཕྲ་མེན་མས། །ཉི་གཞོན་དུམ་བུར་གཏུབས་པའི་ཕྱེ་མ་ཀུན།།
མཁའ་ལ་གཏོར་བ་མིན་ནམ་སྐར་ཚོགས་རྣམས།
།རང་རང་འོད་ཀྱི་སྣང་བ་འཕྲོ་ཞིང་འདུ།།
གཡེམ་ལ་རྗེས་ཆགས་སྔོ་བསངས་མཁའི་བུ་མོ། །རྒྱུ་སྐར་དོ་ཤལ་ཐག་པ་ཆད་པའི་ཚེ།།
སྐྱ་རེངས་སྣང་བ་དང་འགྲོགས་སྲིད་པའི་མིག
།བགྲད་ནས་གླིང་བཞི་ཀུན་ཏུ་འཚོལ་བཞིན་རྒྱུ།།
རྒྱུ་ནི་བྱེད་པོ་ཤེས་བྱེད་དེ། །དེ་དག་རྣམ་པ་དུ་མ་དཔེར།།
གོ་དོན།
སྐྱེད་བྱེད་ཀྱི་རྒྱུའི་ཁྱད་པར་ལ་བརྟེན་ནས་ བསྐྱེད་བྱ་འབྲས་བུ་དངོས་ཤུགས་གང་རུང་ལ་ ཐོན་པའོ།།
དེ་ལ་དབྱེ་ན། དངོས་པོའི་རྒྱུ་དྲུག་ དངོས་མེད་ཀྱི་རྒྱུ་ལྔ། མཚར་བའི་རྒྱུ་ལྔ། བཅུ་དྲུག་
༡༽
དངོས་པོའི་རྒྱུ་ལ་དྲུག་ལས།
དང་པོ་སྐྱེད་བྱེད་ཀྱི་རྒྱུ་ནི།
མ་ལ་ཡ་ཡི་རླུང་གིས་ནི། །ཙནྡན་ལྗོན་པ་གསར་པ་ཡི།།
ཡལ་འདབ་སྐྱོད་པར་བྱེད་པ་འདིས། །ཀུན་གྱི་དགའ་བ་སྐྱེད་པར་བྱེད།།
སྐྱེ་བོ་ཆགས་པར་བྱེད་པའི་རྒྱན་རྣམས་ཀྱི།
།ཆས་སུ་ལེགས་བཅུག་ཡན་ལག་ལྔ་རྫོགས་པ།།
ཉམས་འགྱུར་གསར་དུ་རོལ་པའི་སྟང་སྟབས་ཅན།
།ཟློས་པའི་གར་གྱིས་འཇིག་རྟེན་ཀུན་དགར་བྱེད།།
རང་རྩོམ།
བརྟན་པའི་འཁོར་ལོ་འཕགས་པ་འཇམ་དཔལ་གྱི།།
རྨད་དུ་བྱུང་བའི་ངག་གི་དངོས་གྲུབ་དེས།།
དོན་གཉེར་ཅན་གྱི་གང་ཟག་ཕོ་མོ་ཡི།། བློ་གྲོས་གསར་པའི་དགའ་སྟོན་འཕེལ་བར་བྱེད།།
གཉིས་པ་ཉམས་བྱེད་ཀྱི་རྒྱུ་ནི།
མ་ལ་ཡ་ཡི་ཆུ་རྒྱུན་ལ། རེག་ཅིང་ཙནྡན་ནགས་བསྐྱོད་པ།།
རླུང་འདི་མགྲོན་པོ་རྣམས་དག་ནི། །ཉམས་པར་བྱ་ཕྱིར་ཉེ་བར་གནས།།
ལང་ཚོས་ཁེངས་པའི་གཟུགས་ཀྱི་སྐབས་དག་དང་།
།འཚམས་པར་ཡོངས་སྒྲིབ་གོས་དང་རྒྱན་དེ་ཡིས།།
རབ་སྦྱངས་ཉམས་དང་ལྡན་པའི་གར་མཛེས་པས། །ཐར་འདོད་སྙིང་གི་དགའ་བ་ཉམས་པར་བྱེད།།
རང་རྩོམ།
བརྟན་པའི་འཁོར་ལོ་འཕགས་པ་འཇམ་དཔལ་གྱི།།
ཕུལ་དུ་བྱུང་བའི་ངག་གི་དཔལ་དེ་ཡིས།།
ལྟ་ངན་མུ་སྟེགས་གྲངས་ལས་འདས་པ་དག། ཕུང་ཞིང་སྙིང་གི་དགའ་བ་ཉམས་པར་བྱེད།།
གསུམ་པ་རྣམ་འགྱུར་གྱི་རྒྱུ་ནི།
ལོ་འདབ་གསར་འཁྲུངས་ནགས་ཚལ་དང་། །འདབ་བརྒྱ་རབ་ཏུ་རྒྱས་པའི་རྫིང་།།
ཟླ་བ་རྒྱས་པ་འདོད་པ་ཡི། །མགྲོན་པོ་ལྟ་བའི་དུག་ཏུ་བྱས།།
རིན་ཆེན་གཞལ་མེད་ཁང་དང་རྩེ་བའི་ནགས། །ལུས་ཕྲ་མ་རྣམས་འཇོ་སྒེག་རོལ་བའི་གར།།
བསམ་གྱིས་མི་ཁྱབ་དཔལ་དང་འབྱོར་པའི་སྡེ།
།ངེས་འབྱུང་རྒྱས་ལ་གཤིན་རྗེའི་ཚལ་འདྲར་སྣང་།།
རང་རྩོམ།
བརྒྱད་གཉིས་ལང་ཚོ་ལྡན་པའི།། མཛེས་ལྡན་ཡིད་འཕྲོག་ལྷ་མོ།།
ཐར་པ་དོན་གཉེར་ཅན་གྱི།། གཤིན་རྗེའི་ཕོ་ཉ་འདྲ་སོང་།།
བཞི་པ་འཐོབ་བྱའི་རྒྱུ་ནི།
ཁེངས་པ་གོམས་པར་བྱའོ་ཞེས། །གྲོགས་མོ་མཛའ་བོའི་གནས་བཀོད་ལ།།
བུ་མོ་སྨིན་འཁྱོག་མི་ཡོན་གྱིས། །མཆུ་ནི་གཡོ་ཞིང་ལྟ་བར་བྱེད།།
ཁྱོད་ཉིད་འདོད་ལ་སྲེད་པ་སྐྱུངས་ཤིག་ཅེས།།
གྲོགས་དག་རང་གི་བདག་པོའི་བརྟུལ་ཞུགས་མའི།།
གམ་དུ་བཀོད་དེར་མཛེས་ལྡན་གཞོན་ནུ་ཞིག། རབ་ཏུ་འཛུམ་བཅས་མིག་ཟུར་འཕེན་པར་བྱེད།།
རང་རྩོམ་མེན།
སློབ་དཔོན་མཆོད་རྟེན་ཚེ་རིང་སྐུ་བདུན་ལ།།
བཅར་ཏེ་སློབ་དཔོན་ཚེ་རིང་དཔལ་འབྱོར་གྱིས།།
གོང་གི་རྒྱན་དེ་མ་ཤེས་མ་རྟོགས་པའི།། སྐོར་ལས་གསལ་པོར་ཤོག་ལ་གནངས་ཀྱི་ཚེར།།
དགའ་བའི་འཛུམ་བག་དང་བཅས་སློབ་ཁང་ནང་།། དཔེར་བརྗོད་སྤྱན་འབུལ་ཞུ་མཁན་ཡོད་དམ་ཀྱེ།།
ཡོད་ན་ད་ལྟ་ལག་པ་ཡར་སྒྲེངས་ལ།། ང་ཡིན་ཟེར་བའི་ངར་སྐད་སྒྲོགས་ཤིག་དང་།།
ང་བཅས་སློབ་དཔོན་སློབ་ཕྲུག་ཀུན་བསྡོམས་ཏེ།།
བསྔགས་པའི་མེ་ཏོག་གཏོར་ལ་གྲ་སྒྲིག་ཡོད།།
ལྔ་པ་ཕྱི་དུས་ཤེས་བྱེད་ཀྱི་རྒྱུ་ནི།
ཉི་མ་ནུབ་འགྱུར་ཟླ་བ་མཛེས། །འདབ་ཆགས་རྣམས་ནི་གནས་སུ་སོང་།།
འཛིན་མའི་དཀྱིལ་འཁོར་སྣུམ་བག་བྲལ་གྱུར་ཅིང་།
།ཉལ་འགྲོ་མ་རྣམས་ཆབ་རོམ་གུར་དུ་ཕུབ།།
ཉིན་བྱེད་འོད་ཟེར་ཡན་ལག་བསྐུམས་པའི་དུས།
།བདག་ཀྱང་མལ་ཆུང་གྲུ་བཞིར་མཉམ་པར་འཇོག།
རང་རྩོམ།
ཉིན་མོར་བྱེད་པ་ཤར་རིའི་རྩེ་ནས་འོང་།། རྒྱུ་སྐར་ཀུན་གསལ་དབྱིངས་སུ་ཡལ་ནས་འགྲོ།།
ཀུ་མུད་གཉེན་གྱིས་འཛུམ་ནག་སྟོན་པའི་དུས།།
རང་ཡང་མལ་སྟན་ནང་ནས་ལོང་ན་དྲག།
དྲུག་པ་ནང་ཤེས་བྱེད་ཀྱི་རྒྱུ་ནི།
གྲོགས་མོ་འདོད་པས་གཟིར་བའི་ཡིད། །ཟླ་བའི་ཟེར་གྱིས་མི་བཟློག་ཅིང་།།
ཙནྡན་ཆུ་ཡིས་མི་བཟོད་པ། །ལུས་ཀྱི་དྲོད་ཀྱིས་ལེགས་པར་རྟོགས།།
གྲོགས་ཁྱོད་སྲིད་པའི་སྒྱུ་མས་ཡིད་བྱུང་བ།
།འདིར་སྣང་རྩེ་འཇོའི་རོལ་པས་མི་ཁུགས་ཤིང་།།
མཛའ་གཅུགས་གཏམ་གྱི་སྣང་བས་མི་གསལ་བའི། །ངོ་འཛུམ་གཏིང་ནས་དཀར་བ་མིན་འདིས་རྟོགས།།
རང་རྩོམ།
ཁྱོད་ལ་གཞན་ཕན་བྱང་ཆུབ་སེམས་ལྡན་པ།། བག་མེད་གནས་ལ་སྤྲོ་བར་མི་བྱེད་ཅིང་།།
གཞན་དོན་སྒྲུབ་ལ་ངལ་བ་དང་དུ་ལེན།། རང་དོན་རྒྱབ་ཏུ་སྐྱུར་བའི་རྟགས་ལས་ཤེས།།
༢༽ དངོས་མེད་ཀྱི་རྒྱུ་ལ་ལྔ་ལས།
དང་པོ།
སྔ་ན་མེད་པའི་བྱེད་རྒྱུ།
༧
རིག་པ་དག་ནི་མ་གོམས་དང་། །བློ་ལྡན་རྣམས་དང་མ་འགྲོགས་དང་།།
དབང་པོ་དག་ནི་མ་བསྡམས་པས། །མི་རྣམས་རབ་ཏུ་གདུང་བར་གྱུར།།
མེ་ཏོག་ལམ་ལ་བགྲོད་པར་མ་བྱས་ཤིང་། །གཞོན་ནུ་བརླ་ཡི་འཁྲི་ཤིང་མ་བསྲུབ་ལ།།
ཡལ་འདབ་ལྔ་པའང་ངལ་བར་བྱས་མིན་པར། །དྲན་པའི་ཀ་ཆེན་འགྱེལ་འདིས་སྣང་བ་སྐྱོ།།
རང་རྩོམ།
ཤེས་ཡོན་སྦྱང་བའི་བསོད་མ་བསགས་ཤིང་།། བཤེས་གཉེན་དམ་པའི་ཞབས་ཟུང་མ་བསྟེན་ལ།།
རང་གིས་བརྩོན་པའི་ཁུར་ཆེན་མ་འཁུར་བས།། དམ་སྦྱིས་སྟོང་པའི་གནས་སྟངས་ཐོབ་འདིས་སྐྱོ།།
གཉིས་པ།
ཞིག་ནས་མེད་པའི་བྱེད་རྒྱུ།
༨
འདོད་པའི་གཏམ་གྱིས་མྱོས་པ་སོང་། །ལང་ཚོ་ཡི་ནི་རིམས་དག་ཉམས།།
རྨོངས་པ་ཟད་ཅིང་སྲེད་པ་འཕོས། །བསོད་ནམས་གནས་ལ་ཡིད་དག་བྱས།།
སྙིང་ལ་རབ་ཆགས་དཔྱིད་ཀྱི་མཐུ་ཉམས་ཤིང་།
།ལང་ཚོའི་རིམས་ལས་འབར་བའི་གདུང་བ་ཡལ།།
ཡུལ་གྱི་རྗེས་སུ་རྒྱུག་པའི་ཤེས་པ་ཡང་། །འགྲིབ་ཕྱིར་སླད་མའི་གནས་སྐབས་ཁོ་ནར་སེམས།།
རང་རྩོམ།
བློ་གསར་སློབ་སྦྱོང་བྱེད་པའི་དུས་ནི་ཞིག།
འབྲིང་རིམ་སློབ་སྦྱོང་བྱེད་པའི་སྐབས་ཟད་ཅིང་།།
མཐོ་རིམ་སློབ་སྦྱོང་བྱེད་པའི་གནས་སྐབས་ཀྱང་།།
འདས་ཕྱིར་བཟའ་ཉལ་འགྲོ་གསུམ་ཁོ་ནའོ།།
གསུམ་པ་ཕན་ཚུན་མེད་པའི་བྱེད་རྒྱུ།
༩
ནགས་ཚལ་འདི་དག་ཁྱིམ་མ་ཡིན། །ཆུ་ཀླུང་འདི་དག་བུད་མེད་མིན།།
རི་དྭགས་འདི་དག་བུ་ཚ་མིན། །དེ་ཕྱིར་བདག་ནི་ཡིད་དགའ་འོ།།
རྣམ་གསུམ་ཆོས་ཀྱི་གོས་བཟང་གོ་ཁྲབ་མིན། །ལུང་དང་རིགས་ཚུལ་བཟང་པོ་མཚོན་ཆ་མིན།།
ལེགས་བཤད་སྨྲ་བའི་གྲྭ་འདི་གཡུལ་གྱི་ངོ།
།མ་ལགས་དེ་ཕྱིར་བདག་གི་སེམས་དགའོ།།
རང་རྩོམ།
འབྲུག་པའི་ཡུལ་འདི་དམྱལ་བའི་གྲོང་ཁྱེར་མིན།།
རྩི་ཤིང་འདི་དག་ཤལ་མའི་ཚལ་མ་ཡིན།།
འདིར་གནས་སྐྱེ་བོ་གཤིན་རྗེའི་སྐྱེས་བུ་མིན།།
དེ་ཕྱིར་བདག་གི་ཡིད་ནི་རབ་ཏུ་དགའ།།
བཞི་པ་སྤངས་ནས་མེད་པའི་བྱེད་རྒྱུ།
༡༠
ཤིན་ཏུ་མ་བརྟགས་སྤྱོད་ངན་ནི། །འཕགས་པ་རྣམས་ལ་ཡོད་མ་ཡིན།།
དེ་ཕྱིར་དེ་དག་རྣམས་ཀྱི་ནི། །ཕུན་ཚོགས་ཐམས་ཅད་རྟག་ཏུ་འཕེལ།།
ཟག་བཅས་འདོད་ལ་ཆགས་མྱོས་འཛིན་པའི་སེམས།
།དགྲ་བཅོམ་འཕགས་པའི་ཚོགས་ལ་ཡོད་མིན་པས།།
རྒྱུ་དེས་དེ་དག་རྣམས་ཀྱི་ཐུགས་རྒྱུད་ལ།
།ཟག་མེད་ཡོན་ཏན་ཚོགས་ཀུན་ངང་གིས་འཕེལ།།
རང་རྩོམ།
འཁོར་བའི་རྩ་བ་ལས་དང་ཉོན་མོངས་གཉིས།། སར་གནས་སེམས་དཔའི་ཚོགས་ལ་ཡོད་མ་ཡིན།།
དེ་ཕྱིར་ཟག་མེད་ཡོན་ཏན་ཉིན་རེ་བཞིན།། དབྱར་གྱི་ཆུ་ཀླུང་བཞིན་དུ་འཕེལ་ནས་འགྲོ།།
ལྔ་པ་རྒྱུ་དངོས་མེད་ཀྱི་འབྲས་བུ་དངོས་མེད་བསྐྱེད་པ་ནི།
༡༡
སྐྱེད་ཚལ་ས་ཧཱ་ཀཱ་ར་རྣམས། །སྙེ་མ་མ་འཁྲུངས་པ་མིན་ན།།
མགྲོན་པོ་རྣམས་ཀྱི་བུད་མེད་ནི། །ཏིལ་བཅས་ཁྱོར་ཆུ་སྦྱིན་བྱར་འགྱུར།།
ཁྱོད་ཀྱིས་ཚར་གཅོད་ཚད་མའི་ལམ་བཟང་པོར། །ལང་ཚོའི་དུས་སུ་མ་ཞུགས་པ་མིན་ན།།
ལུང་རིགས་བྱང་བའི་རློམ་འཆང་གཉེར་མའི་རྒྱན།
།འཛིན་མཁས་ཕལ་གྱིས་གླེང་བའི་སྤོབས་པ་བྲལ།།
རང་རྩོམ།
ལུས་ཕྲ་མ་ཁྱོད་ས་སྟེང་མི་ཡུལ་འདིར།། ད་ལྟའི་དུས་སུ་མ་སྐྱེས་པ་མིན་ན།།
ཁོ་བོའི་སེམས་ལ་གཞན་གྱིས་འཁྱེར་དོགས་པའི།།
གདུང་བའི་ངལ་བ་སྐྱེས་པ་ག་ལ་འོངས།།
སེམས་ཅན་རྣམས་ལ་བླང་དང་དོར་བྱ་ཡི།། གནས་ལ་རྨོངས་པའི་མ་རིག་མེད་ན་ནི།།
ཤཱཀྱ་ཐུབ་པའི་བསྟན་ལ་རབ་ཞུགས་ཏེ།། མངོན་མཐོ་བྱང་ཆུབ་གསུམ་གྱི་ས་ཡང་འཐོབ།།
༣༽
མཚར་བའི་རྒྱུ་ལ་ལྔ་ལས།
རིང་འབྲས་ཀྱི་རྒྱུ།
༡༢
ལུས་ཅན་ཁྱོད་མིག་ཟུར་ཞེས་པ། །རྒྱལ་བྱེད་ལུས་མེད་དག་གི་མཚོན།།
གང་དེ་གཞན་ལ་རབ་འཕངས་པ། །དེ་ཡིས་བདག་གི་ཡིད་ཀྱང་བཅོམ།།
ངག་གི་དབང་ཕྱུག་སངས་རྒྱས་རྡོ་རྗེ་ཡིས། །ཀླུ་སྒྲུབ་རྒྱ་མཚོར་འཕྱར་བའི་ལུང་རིགས་ཟིལ།།
མ་བཟོད་ཐུབ་བསྟན་རྣམ་པར་རྒྱལ་བའི་ཁྲིར།
།འགྱིང་བའི་མཁན་སློབ་གཉིས་ཀྱང་མནལ་ཐབས་ཆག།
རང་རྩོམ།
སྒྲིག་ཁྲིམས་དྲང་ཐིག་གནས་ལས་འགལ་བ་ཡི།།
སྤྱོད་ངན་སློབ་ཕྲུག་འགའ་ཞིག་མཐར་སྐྲོད་ཚེ།།
ཁྲིམས་ལ་མི་གནས་ཉེས་ཅན་གཞན་དག་ཡང་།། འཆར་ཀའི་མཚམས་སྤྲིན་གསར་པའི་ཞིན་མདངས་གསལ།།
གཉིས་པ་རྒྱུ་འབྲས་ལྷན་ཅིག་པ།
༡༣
སྐྱེས་བུ་ལུས་སྐྱེས་ཀྱིས་མྱོས་པའི། །རྣམ་འཕྲུལ་སྣ་ཚོགས་ལྷན་ཅིག་ཉིད།།
བུད་མེད་རྣམས་ལ་བུ་མོ་ནི། །ཡོངས་སུ་ནུབ་པའི་ན་ཚོད་སྐྱེས།།
རྣམ་འདྲེན་ངག་གི་དབང་པོས་དབྱངས་ལྷ་མོ། །ཡིད་ཀྱི་ཁབ་ཏུ་བག་མར་བྱིན་པ་དང་།།
མཉམ་དུ་སྙན་ཚིག་སྦྱོར་བའི་བློ་གྲོས་ཀྱི།
།ཞིང་ཁམས་མཐའ་དག་ཅིག་ཅར་སྣང་བར་གྱུར།།
རང་རྩོམ།
ཡིད་འོང་མཛེས་མ་རྣམས་ཀྱི་ཞལ་སྒོ་ལས།། དགའ་བའི་ཟོལ་གཏམ་སྣ་ཚོགས་ཐོས་པ་དང་།།
མཉམ་དུ་ནག་མེད་སྟག་ཤར་གཞོན་པ་དག། གཡོ་སྒྱུའི་དབང་དུ་ཤོར་བའི་ཟློ་གར་ངོམ།།
གསུམ་པ་འབྲས་བུ་སྔ་བའི་རྒྱུ།
༡༤
སྔར་ཉིད་རི་དྭགས་མིག་ཅན་མའི། །ཆགས་པའི་རྒྱ་མཚོ་རྒྱས་པར་གྱུར།།
ཕྱིས་ནས་འོད་ཟེར་རབ་འཕྲོ་བའི། །ཟླ་བ་ཡི་ནི་དཀྱིལ་འཁོར་ཤར།།
རྡུལ་བྲལ་སྟོང་པའི་གཟུགས་མཛེས་གཞོན་ནུ་མས།
།སྔར་ཉིད་འཁྱུད་དེ་སྔོན་གོམས་མཐུར་ངེས་ནས།།
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག །སླད་ནས་རང་གི་རྒྱུད་ལ་བརྟན་པར་བྱེད།།
རང་རྩོམ།
དར་ལ་བབ་པའི་གཞོན་ནུ་དག། དགའ་དགུར་ཡོངས་སུ་སྤྱད་བྱས་ནས།།
སླར་ཡང་མཛེས་སྡུག་བཞིན་རས་ལ།། སྲེད་པ་རབ་ཏུ་འཕེལ་བར་བྱེད།།
བཞི་པ་རིགས་མིན་གྱི་རྒྱུ།
༡༥
ལྷ་ཅིག་ཁྱོད་ཀྱི་ཞབས་གཉིས་པོ། །དམར་བའི་ཉི་གཞོན་ལ་རེག་པས།།
རྒྱལ་པོ་རྣམས་ཀྱི་ལག་པ་ཡི། །པདྨ་ཟུམ་པར་བྱེད་པ་ཅི།།
མཁས་མང་བཞེད་པའི་རྗེས་སུ་དཎྜི་ཡིས། །ཚིག་རྒྱན་འཁྱོག་པོར་གྱུར་པ་མ་བཟོད་པས།།
ཉམ་ཆུང་རྨོངས་པས་གཞུང་དོན་དྲང་པོ་རུ། །སྲོང་པའི་དཔེར་བརྗོད་འགྲུབ་འདི་རིགས་སམ་ཅི།།
རང་རྩོམ།
མིང་དབང་ཁྱོད་ཞལ་ཤར་རི་ལས་འོང་བའི།། དཀའ་སློབ་ཉིན་བྱེད་འོད་ཟེར་ཕོག་པ་ན།།
རྒྱལ་ཁྲིམས་ལས་འགོངས་ལྟས་ངན་འབྱུང་བྱའི་ཚོགས།།
མུན་པའི་ཀློང་དུ་བསྒྲིབས་པ་ངོ་འཚར་ཆེ།།
ལྔ་པ་རིགས་པའི་རྒྱུ།
༡༦
ཁྱོད་ཀྱི་ཞབས་སེན་ཟླ་བ་ཡི། །འོད་ཟེར་ཀུནྡ་དྲི་མེད་རྣམས།།
ས་སྐྱོང་རྣམས་ཀྱི་ལག་པ་ཡི། །པདྨ་ཟུམ་པར་བྱེད་ལ་དབང་།།
སྐྱེས་ཐོབ་གསལ་བའི་བློ་དེ་དམ་པ་ཡི། །མགོན་གྱིས་ཟིན་པས་དཀའ་བའི་གནད་རྣམས་ཀུན།།
མུར་མུར་སུབ་སུབ་མ་ཡིན་མཐའ་ཆོད་པར། །འགྲེལ་ནུས་འདི་ཡང་རིགས་ཤིང་འོས་པ་ཉིད།།
རང་རྩོམ།
མི་དབང་ཁྱོད་ཞལ་ཤར་རི་ལས་འོང་བའི།། དཀའ་སློབ་ཉིན་བྱེད་འོད་ཟེར་ཕོག་པ་ན།།
འཁོར་འབངས་དགའ་སྐྱིད་པདྨ་གཞོན་ནུ་ཡི།། འདབ་མ་ཆེས་ཆེར་རྒྱས་པ་འོས་མིན་ནམ།།
བསྡུ་སྒྲིག་པ་ བསམ་ལྗོངས་བཀྲིས། ༢༠༢༢
Comments
Post a Comment