Skip to main content

རྒྱལ་སྲས་ལག་ལེན་གྱི་རྩ་བ་འགྲེལ་པ། རྫོང་ཁ།

 

བློ་གསར་པ་ཚུ་གི་དོན་ལུ་ རྒྱལ་སྲས་ལག་ལེན་གྱི་ རྩ་བ་འགྲེལ་པ་ བཞུགས་སོ། །

 

རྒྱལ་བ་རྫོགས་པའི་ སངས་རྒྱས་ཀྱི་ ཐུགས་ཀྱི་སྲས་ བྱང་ཆུབ་སེམས་དཔའི་ ལག་ལེན་ སོ་བདུན་མ་འདི་ བོད་དངུལ་ཆུ་དགོན་པ་ལུ་ རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས་ བརྩམས་གནང་ནུག དཔེ་ཆ་གི་མཚན་ཡང་ རྒྱལ་སྲས་ལག་ལེན་སོ་བདུན་མ་ཟེར་ བཏགས་དགོ་མི་འདི་ཡང་  ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཚུ་གིས་ མཛད་བྱ་ རྒྱ་མཚོ་བཟུམ་ཡོད་པའི་ནང་ལས་ ཆུ་ཐིགས་ཙམ་ ཚིགས་བཅད་༣༧་ལུ་ གསུངས་གནངམ་ལས་རྟེན་ཨིན། ན་མོ་ལོ་ཀེ་ཤྭ་ར་ཡ་ ཟེར་མི་འདི་ ཕྱག་མཆོད་འཕགས་པ་སྤྱན་རས་གཟིགས་ལུ་ ཕུལ་བའི་བརྡ་ཨིན། ན་མོ་་་ཕྱག་འཚལ་ལོ། ལོ་ཀེ་་་འཇིག་རྟེན། ཤྭ་ར་་་དབང་ཕྱུག་ ཡ་་་་ལུ། འདིའི་དོན་དག་འདི་ འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ་ཟེར་བའི་དོན་ཨིན།

མཆོད་བརྗོད།

གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང།། 

འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི།།

བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ།། 

རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།

འགྲེལ་པ། འདི་ཡང་ འཕགས་པ་སྤྱན་རས་གཟིགས་མཆོག་གིས་ ཆོས་ག་ར་སྟོང་པ་ཉིད་ཀྱི་དོན་རྟོགས་ཏེ་ དུས་སྔོན་མ་ལས་ སངས་རྒྱས་ཚར་རུང་ཡང་། ང་བཅས་འགྲོ་བ་སེམས་ཅན་ཚུ་ བདེ༌བ༌བྱིན༌ནིའི༌དོན་ལུ་རྐྱངམ་ཅིག་ བརྩོན་ཤུགས་བསྐྱེད་པའི་། བླ༌མ༌མཆོག༌ཏུ༌འགྱུར༌པ༌ མཆོག༌དང༌ སྤྱན༌རས༌གཟིགས༌ལུ། དུས༌ཨ༌རྟག༌རང༌ ལུས༌ངག༌ཡིད༌༣༌གུས༌པའི༌སྒོ༌ལས༌ ཕྱག༌འཚལཝ༌ཨིན༌ ཟེར༌བའི༌དོན༌ཨིན།

བརྩམ༌དགོ༌པའི༌རྒྱུ༌རྐྱེན།

ཕན༌བདེའི༌འབྱུང༌གནས༌རྫོགས༌པའི༌སངས༌རྒྱས༌རྣམས།། དམ༌ཆོས༌བསྒྲུབས༌ལས༌བྱུང༌སྟེ༌དེ༌ཡང༌ནི།།

དེ༌ཡི༌ལག༌ལེན༌ཤེས༌ལ༌རག༌ལས༌པའི།།  

རྒྱལ་སྲས་རྣམས་ཀྱི་ལག་ལེན་བཤད་པར་བྱ།།

འགྲེལ་པ: ཕན་པ་དང་བདེ་བ་འབྱུང་ས་འདི་ རྫོགས་པའི་སངས་རྒྱས་ཚུ་ཨིན། སངས་རྒྱས་ཚུ་ཡང་ དམ་ཆོས་བསྒྲུབས་སྟེ་སངས་རྒྱས་ཡི། སངས་རྒྱས་ནི་འདི་ཡང་ བྱང་ཆུབ་སེམས་དཔའི་མཛད་བྱ་ཚུ་ ཚུལ་བཞིན་དུ་ལག་ལེན་ཐབས་ཤེསཔ་ལུ་ རག་ལས་ནི་ཨིནམ་མས། འདི་འབདཝ་ལས་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚུ་གི་ ལག་ལེན་འདི་ ནཱ་ལས་མར་ བཤད་ནི་ཨིན་ ཟེར་བའི་དོན།

རྩ་བ། དལ་འབྱོར་རྙེད་དཀའ་བསམ་དགོཔ།

དལ་འབྱོར་གྲུ་ཆེད་རྙེད་དཀའ་ཐོབ་དུས་འདིར།། 

བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་བྱའི་ཕྱིར།།

ཉིན་དང་མཚན་དུ་གཡེལ་བར་མེད་པར་ནི།། 

ཉན་བསམ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།

དལ་་་་་་་ཁོམ་པ། རྙེད་་འཐོབ་ནི།་ དཀའ་་་་་ལཱ་ཁག། བསྒྲལ་་་་་་ཐར་ནི། ཉིན་ཚན་་་ཉིན་མ་ ནུབ་མོ། གཡེལ་བར་མེད་པར་་་་མ་གཡེང་པར

འགྲེལ་པ། དལ་འབྱོར་མི་ལུས་ རྒྱ་མཚོ་གི་གྲུ་བཟུམ་འདི་ ལཱ་ཁག་སྦེ་འཐོབ་པའི་སྐབས། རང་དང་གཞན་ ཁམས་སུམ་འཁོར་བའི་ མཚོ་ལས་ཐར་ནིའི་དོན་ལུ། སེམས་མ་གཡེང་པར་ ཉིན་མ་དང་ཕྱི་རུ་མེད་པར། ཆོས་ཉན་ནི། ཆོས་བརྟག་དཔྱད་འབད་ནི། དེ་ལས་ སྒོམ་རྐྱབ་ནི་ཚུ་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚུ་གི་ མཛད་བྱ་ཨིན་ཟེར་བའི་དོན། 

ཕ་ཡུལ་སྤང་དགོཔ།

རྩ་བ་་་ གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།། 

དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།།

བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན།།

 ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།

ཆུ་ལྟར་་་་་ཆུ་བཟུམ། འདོད་ཆགས་་་་་ཆགས་སེམས།    མེ་ལྟར་་་་་མེ་བཟུམ། བླང་དོར་་་་དགེ་བ་གྲུབ་ནི་དང་ སྡིང་པ་སྤང་ནི།

གཏི་མུག་་་་་་བཟང་པོ་དང་ངན་པ་མ་ཤེསཔ། འགྲེལ་པ། ང་བཅས་ཚུ་ཡང་ན་ ཆོས་འབད་མི་ཚུ་ རང་གི་གཡུས་ཁ་རང་སྡོད་པ་ཅིན་ གཉེན་ཉེཝ་ཚུ་ལུ་ ཆགས་པ་ཆུ་བཟུམ་བསྐྱེད། རང་གི་དགྲ་ལུ་ ཞེ་སྡང་ ང་རྒྱལ་ཚུ་ མེ་བཟུམ་སྦེ་འབརཝ་ཨིན། ཕ་ཡུལ་འདི་ ལཱ་བཟང་པོ་དང་ངན་པ་ བརྗེད་བཅུག་མི་ཅིག་ཨིནམ་ལས་ རང་གི་ཕ་ཡུལ་སྤང་མི་འདི་ རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ ཐུགས་ཀྱི་སྲས་ བྱང་ཆུབ་སེམས་དཔའ་ཚུ་གིས་ ལག་ལེན་ཨིནམ་མས།

ཆ་རོགས་ངན་པ་སྤང་དགོཔ།

རྩ་བ་་་་་གང་དག་གྲོགས་ན་དུག་གསུམ་འཕེལ་གྱུར་ཞིང་།། 

ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ལ།།

བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པའི།། 

གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།

གང་དག་་་་ཆ་རོགས་ངན་པ། དུག་གསུམ་་་་་འདོད་ཆགས། ཞེ་སྡང་། གཏི་མུག ཐོས་བསམ་སྒོམ་་་་་ཆོས་ཉན་ནི། ཉན་ཞིནམ་ལས་ བརྟག་དཔྱད་འབད་ནི། བརྟག་དཔྱད་འབད་ཞིནམ་ལས་ སྒོམ་རྐྱབ་ནི། བྱམས་པ་་་་སེམས་ཅན་ཚུ་བདེ་བ་དང་ལྡན་བཅུག་ཟེར་མནོ་ནི། སྙིང་རྗེ་་་་་སེམས་ཅན་ཚུ་ལུ་ སྡུག་བསྔལ་མེད་པར་ཤོག་ཟེར་ མནོ་ནི། གྲོགས་ངན་་་་་ཆ་རོགས་ངན་པ། འགྲེལ་པ། ང་བཅས་ཚུ་ ཆ་རོགས་ངན་པ་དང་གཅིག་ཁར་ སྡོད་པ་ཅིན་ འདོད་ཆགས་ཞེ་སྡང་ གཏི་མུག་ཚུ་ བསྐྱེད་དེ་འགྱོ་ཞིནམ་ལས། འདི་གིས་ ཆོས་ཉན་ནི་དང་ ཆོས་བརྟག་དཔྱད་འབད་ནི་ སྒོམ་རྐྱབ་ནིའི་ལཱ་ཚུ་ འབད་མི་ཚུགས་པའི་ཁར། ལཱ་འདི་ཚུ་ཡང་ བྱམས་པ་དང་སྙིང་རྗེ་མེད་པར་འབད་འོང་། དེ་འབདཝ་ལས་ ཆ་རོགས་ངན་པ་འདི་ རྩ་བ་ལས་སྤང་དགོཔ་འདི་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚུ་གི་ ལག་ལེན་ཨིན་ཟེར་བའི་དོན་ཨིན།

དབེན་པ་བསྟེན་དགོཔ།

རྩ་བ་་་་་་་་ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ།། 

རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ།།

རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ།། 

དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན།།

འགྲེལ་པ་་་་་ཡུལ་ངན་པ་རང་གི་གཡུས་འདི་ སྤང་བ་ཅིན་ རང་གི་རྒྱུད་ལུ་ཡོད་པའི་ ཉོན་མོངས་པ་དུག་༣་ག་ར་ རིམ་པ་བཞིན་དུ་སྦེ་ མེདཔ་འགྱོཝ་ཨིན། འདི་འབདཝ་ལས་ སེམས་གཡེང་སའི་ཡུལ་ རང་དང་གཅིག་ཁར་ མེད་ནི་འདི་གིས་ དགེ་བ་བཅུ་ཚུ་འཕེལཏེ་ འགྱོཝ་ཨིན། དེ་མ་ཚད་ རང་གི་རིག་པ་ཡང་ གསལ་ཏོག་ཏོ་འགྱོཝ་ལས་ དམ་པའི་ཆོས་ལུ་ དད་པ་དང་ཡིད་ཆེས་ཚུ་བསྐྱེད་ཚུགསཔ་ལས་ ཆོས་འབད་མི་ག་ར་གིས་ དབེན་པ་ཟེར་ རི་ཁྲོད་གངས་ཁྲོད་ བསྟེན་དགོཔ་འདི་ཡང་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚུ་གི་ ལག་ལེན་གཅིག་ཨིན།

ཚེ་བློས་གཏང་དགོཔ།

ཡུན་རིང་གྲོགས་པའི་མཛའ་བཤེས་སོ་སོ་འབྲེལ།། 

འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས།།

ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་བོར།། 

ཚེ་འདི་བློས་གཏང་རྒྱས་སྲས་ལག་ལེན་ཡིན།།

ཡུན་རིང་གྲོགས་་་་་ཡུན་རིངམོ་སྦེ་གཅིག་ཁར་སྡོད་མི། མཛའ་བཤེས་་་་་་་་་་་་་་མཐུན་པའི་ཆ་རོགས/གཉེན། འབད་པས་བསྒྲུབས་པའི་་་་་་་་་དཀའཝ་སྤྱད་དེ་བསྒྲུབ་པའི། མགྲོན་ཁང་་་་་་་མགྱོན་ཁྱིམ།  མགྲོན་པོ་་་་་མགྱོནམ། འགྲེལ་པ་་་ཡུན་རིངམོ་སྦེ་ གཅིག་ཁར་སྡོད་མི་ མཐུན་པའི་ཆ་རོགས་ རང་གི་གཉེན་དང་ ཕམ་སྤུན་ཆ་ཚུ་ཡང་ ནམ་གཅིག་གི་ཚེ་ ཤི་བའི་སྐབས་ སོ་སོ་ཁ་འབྲལ་འགྱོ་ནི་འདུག ད་ལྟོ་དཀའཝ་སྤྱད་དེ་བསྒྲུབ་པའི་ རྫས་ནོར་ལོངས་སྤྱོད་ཚུ་ཡང་ཤི་བའི་སྐབས་ རང་དང་གཅིག་ཁར་ འབག་འགྱོ་ནིའི་ རང་དབང་འདི་ རང་ལུ་མིན་འདུག ཐ་ན་ མགྱོན་ཁྱིམ་དང་འདྲ་བའི་ རང་གི་ལུས་འདི་ཡང་ མགྱོནམ་དང་འདྲ་བའི་ རང་གི་སེམས་/རྣམ་ཤེས་འདི་གིས་ཡང་ བཀོ་བཞག་སྟེ་ འཐོན་འགྱོཝ་ཨིནམ་པས། འདི་འབདཝ་ལས་ ཚེ་ད་རིས་ཀྱི་ལཱ་ག་ཅི་རང་འབད་རུང་ བློས་གཏང་དགོཔ་འདི་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚུ་གི་ ལག་ལེན་གཅིག་ཨིན།              

                     བླ་མ་བསྟེན་དགོཔ།

གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང་།། 

ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི།།

བཤེས་གཉེན་དམ་པ་རང་གི་ལས་བས་ཀྱང་།། 

གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན།།

གང་ཞིག་བསྟེན་ན་་་་བླམ་སློབ་དཔོན་ལེགས་ཤོམ་ཅིག་བསྟེན་པ་ཅིན། ཉེས་པ་་་་་ལས་གྲིབ། རང་གིས་ བླམ་སློབ་དཔོན་ལེགས་ཤོམ་ཅིག་བསྟེན་པ་ཅིན་ རང་གིས་བསགས་པའི་ལས་གྲིབ་ཚུ་ ག་ར་ཉམས་འགྱོ་ནི་དང་། རང་གི་རྒྱུད་ལུ་ཡོད་པའི་ ཡོན་ཏན་ཚུ་ཡང་ ཉིནམ་རེ་བཞིན་དུ་ ཡར་ངོའི་ཟླཝ་བཟུམ་སྦེ་ འཕེལ་ཏེ་འགྱོ་འོང་།

འདི་འབདཝ་ལས་ རང་གིས་བླམ་དགེ་བའི་བཤེས་གཉེན་ལེགས་ཤོམ་ཚུ་ ཐ་ན་ རང་གི་ ལུས་ལས་ཡང་ལྷག་སྟེ་ གཅེས་གཅེས་ཕངས་ཕངས་འབད་དེ་ གུས་ཞབས་དང་ དད་པ་བསྐྱེད་དགོཔ་འདི་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚུ་གི་ ལག་ལེན་གཅིག་ཨིན་ཟེར་བའི་དོན།

 

སྐྱབས་སུ་འགྲོ་དགོཔ།

རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི།།  

འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས།།

དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བས།།   

དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན།།

བརྩོན་རར་་་་བརྩོན་ཁང་ནང་།  སུ་ཞིག་་་་་ག་ཟེར་མི་འདི། བཅིངས་པ་ཡི་་་བསྡམ་བཞག་པའི་དོན། ལྷ་ཡིས་་་ལྷ་གིས།

དེ་ཕྱིར་་་་་འདི་འབདཝ་ལས།མི་བསླུ་་་་མགུ་སྐོར་མི་རྐྱབ། འགྲེལ་པ། འཇིག་རྟེན་པའི་ལྷ་ དབང་ཕྱུག་ ཁྱབ་འཇུག ཚངས་པ་ཚུ་ ཁམས་གསུམ་འཁོར་བའི་ བཙོན་ཁང་ནང་བསྡམས་བཞག་ཡོདཔ་ལས་ འཇིག་རྟེན་པའི་ལྷ་གིས་ མི་ག་ཟེར་མི་འདི་ ཐར་པ་ལུ་བཀོད་ཚུགས་ནི་ རྩ་ལས་འབད་མི་ཚུགས། འབད་ནིའི་ནུས་པ་ཡང་མེད། འདི་འབདཝ་ལས་ ག་ལུ་སྐྱབས་འཚོལ་ནི་སྨོ་ཟེར་བ་ཅིན་ རང་འཁོར་བ་ལས་གྲོལ་ནི་ལུ་ཆ་རོགས་འབད་ནི་ཨིན་ཟེར་ ཁས་བླངས་འབད་ཞིནམ་ལས་ རང་ལུ་མགུ་སྐོར་མ་པ་ལས་ རྐྱབ་ནི་མེད་པའི་ དཀོན་མཆོག་༣་ལུ་ སྐྱབས་སུ་འགྲོ་དགོཔ་འདི་ རྒྱལ་བའི་སྲས་ བྱང་ཆུབ་སེམས་དཔའ་ཚུ་གི་ ལག་ལེན་གཅིག་ཨིན་ཟེར་བའི་དོན།

 

སྡིག་ལས་འཛེམ་དགོཔ།

ཤིན་ཏུ་བཟོད་དཀའི་ངན་སོང་སྡུག་བསྔལ་རྣམས།།  

སྡིག་པའི་ལས་ཀྱི་འབྲས་བུར་ཐུབ་པས་གསུངས།།

དེ་ཕྱིར་སྲོག་ལ་བབས་ཀྱངསྡིག་པའི་ལས།།  

ནམ་ཡང་མི་བྱེད་རྒྱལ་སྲས་ལག་ལེན་ཡིན།།

ཤིན་ཏུ་་་གནམ་མེད་ས་མེད། ཐུབ་པས་་་སངས་རྒྱས་ཤཀྱ་ཐུབ་པ་གིས། འདི་ཕྱིར་་་དེ་འབདཝ་ལས། སྲོག་ལ་བབས་ཀྱང་་་་སྲོག་ལུ་ཐུག་རུང་།

མི་བྱེད་་་་མི་འབད། འགྲེལ་པ། གནམ་མེད་ས་མེད་ བཟོད་མ་ཚུགས་པའི་ ངན་སོང་གསུམ་ དམྱལ་བ། ཡི་དྭགས། དུད་འགྲོ་གྱི་སྡུག་བསྔལ་ཚུ། ག་ཅི་ལས་བརྟེན་བྱུང་ཡི་ག་ཟེར་བ་ཅིན་ ཚེ་ཧེ་མ་སྡིག་པ་འབད་བའི་ འབྲས་བུ་ཨིན་ཟེར་ སངས་རྒྱས་ཀྱིས་གསུངས་གནང་ནུག འདི་འབདཝ་ལས་ རང་གི་སྲོག་ལུ་ཐུག་རུང་ཡང་ སྡིག་པའི་ལཱ་འདི་ དུས་ནམ་ཡང་མ་འབད་མི་འདི་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚུ་གི་ ལག་ལེན་ཨིན་ཟེར་བའི་དོན་ཨིན།

ཆོས་ལུ་དོན་གཉེར་བསྐྱེད་དགོཔ།

སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་བ་བཞིན།། 

ཡུད་ཙམ་ཞིག་གི་འཇིག་པའི་ཆོས་ཅན་ཡིན།།

ནམ་ཡང་མི་འགྱུར་ཐར་པའི་གོ་འཕང་མཆོག།

 དོན་དུ་གཉེར་བ་རྒྱལ་སྲས་ལག་ལེན་ཡིན།།

འགྲེལ་པ་་་ སྟེང་ལྷའི་སྲིད་པ། བར་མིའི་སྲིད་པ། འོག་ཀླུའི་སྲིད་པ་ སྲིད་པ་གསུམ་གྱི་བདེ་བ་འདི་ཚུ་ རྩྭ་གི་རྩེའི་ལུ་ཡོད་པའི་ ཆུའི་ཟིལ་པ་བཟུམ་ དུས་ཡུན་ ཐུང་ཀུ་གཅིག་ནང་ མེདཔ་འགྱོཝ་ཨིནམ་ལས་ རྟག་པ་དང་བརྟེན་མ་རྩ་ལས་མེདཔ་ཨིན། འདི་འབདཝ་ལས་ དུས་ནམ་ཡང་ འགྱུར་བ་རྩ་ལས་མེད་པའི་ བདེ་བ་འདི་ སངས་རྒྱས་ཀྱི་གོ་འཕང་ མཆོག་ཏུ་འགྱུར་པ་འདི་ཨིནམ་ལས་ རང་གིས་དམ་པའི་ཆོས་འདི་ ཚུལ་བཞིན་དུ་ བསྒྲུབ་ནི་ལུ་ བརྩོན་ཤུགས་བསྐྱེད་མི་འདི་ རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཚུ་གི་ ལག་ལེན་གཅིག་ཨིན་ཟེར་བའི་དོན།

བྱང་སེམས་བསྐྱེད་དགོཔ།

ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཅན།།

 མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ།།

དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར།། 

བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན།།

ཐོག་མེད་དུས་་དུས་སྔོན་མ།/ མཚམས་མེད་པའི་ དུས་ཚོད། བདག་ལ་བརྩེ་བ་ཅན་་་་རང་ལུ་བྱམས་པ་དང་བརྩེ་བ་བསྐྱེད་མི།སྡུག་ན་་་སྡུག་བསྔལ་མྱོང་པ་ཅིན།  དེ་ཕྱིར་་་དེ་འབདཝ་ལས/དེ་འབད་ནི་འདི་གིས། མཐའ་ཡས་་་་ཚད་མེདཔ།

འགྲེལ་པ། སྔོན་མ་ མཚམས་མེད་པའི་དུས་ཚོད་ལས་ རང་ལུ་བརྩེ་བ་བསྐྱེད་མི་ ཕམ་འདི་ཚུ་ ད་ལྟོ་སེམས་ཅན་སྦེ་སྐྱེས་ཏེ་ སྡུག་བསྔལ་མྱོང་སར་ མཐོངམ་ད་ རང་བདེ་ཏོག་ཏོ་སྦེ་སྡོད་དེ་ ག་ཅི་ཕན་ཐོགས་ནི་སྨོ།? འདི་འབདཝ་ལས་ རང་གི་ཕམ་མ་འབད་མི་ སེམས་ཅན་གཅིག་ཡང་མེདཔ་ལས་ ཚད་མེད་པའི་སེམས་ཅན་ཚུ་ འཁོར་བའི་མཚོ་ལས་ བསྒྲལ་ནིའི་དོན་ལུ་ རང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་དགོཔ་འདི་ཡང་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚུ་གི་ ལག་ལེན་ཨིན་ཟེར་བའི་དོན།

 

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། ། མ་སྐྱེས་པ་རྣམས་སྐྱེ་འགྱུར་ཅིག། །

སྐྱེས་པ་ཉམས་པ་མེད་པ་དང་། ། གོང་ནས་གོང་དུ་འཕེལ་བར་ཤོག །

࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄࿄

     རྒྱལ་སྲས་ལག་ལེན་གྱི་ སྤྱི་དོན་དྲི་ལན་ གོ་བསྡུར།

༡༽ རྒྱལ་སྲས་ལག་ལེན་སོ་བདུན་མ་ཟེར་ ག་ཅི་སྦེ་ སླབ་དགོཔ་ཨིན་ན།?

༢༽ ན་མོ་ལོ་ཀེ་ཤྭ་ར་ཡ་ ཟེར་མི་འདི་ ཆོས་སྐད་ནང་ ག་དེ་སྦེ་ སླབ་སྨོ།?

༣༽ རྒྱལ་སྲས་ལག་ལེན་བརྩམས་གནང་མི་ག་སྨོ།? ག་ཏེ་ལུ་བརྩམས་གནང་ནུག?

༤༽ དལ་འབྱོར་མི་ལུས་འདི་ འཐོབ་པ་ལཱ་ཁག་ཨིནམ་ལས་ ད་རིས་ཐོབ་པའི་སྐབས་ ག་ཅི་རང་ འབད་དགོཔ་འདུག?

༥༽ ཆོས་སྒྲུབ་མི་ བླམ་དང་དགེ་སློང་ཚུ་གིས་ རང་གི་ཕ་ཡུལ་འདི་ ག་ཅི་སྤང་དགོཔ་སྨོ།?

༦༽ ཉོན་མོངས་པ་ དུག་གསུམ་ ག་ཅི་རང་སྨོ།? ངོས་འཛིན་འབད།

༧༽ ཆོས་སྒྲུབ་མི་ཚུ་གིས་ ག་ཅི་སྦེ་ དབེན་པ་ཡང་ན་ དགོན་པ་བསྟེན་དགོཔ་ཨིན་ན།?

༨༽ ང་བཅས་ཚུ་ཤི་བའི་སྐབས་ ག་ཅི་རང་ རང་གི་རྟིང་བདའ་ ལུས་ནི་ཨིནམ་པས།?

༩༽ ཆ་རོགས་ངན་པ་ ཡང་ན་ གྲོགས་ངན་པ་འདི་ བསྟེན་པ་ཅིན་ སྟབས་མ་བདེཝ་ ག་དེ་སྦེ་རང་འབྱུང་ནི་ཨིནམ་པས།?

༡༠༽ བླ་མ་ལེགས་ཤོམ་ཅིག་ བསྟེན་པ་ཅིན་ རང་ལུ་ཁེ་ཕན་ ག་ཅི་རང་འདུག?

༡༡༽ བླམ་དང་སློབ་དཔོན་ལེགས་ཤོམ་གྱིས་ ལཱ་ག་ཅི་བཟུམ་རང་ འབད་འོང་ག་བྲིས།

༡༢༽ འཇིག་རྟེན་པའི་ལྷ་ཚུ་གིས་ ཁམས་སུམ་འཁོར་བའི་ འགྲོ་བ་སེམས་ཅན་ཚུ་ སངས་རྒྱས་ཀྱི་གོ་འཕང་ལུ་ ག་ཅི་སྦེ་ བཀོད་མ་ཚུགསཔ་ཨིན་ན།?

༡༣༽ ངན་སོང་གསུམ་གྱི་སྡུག་བསྔལ་ བཟོད་མ་ཚུགས་མི་ཚུ་ ག་ཅི་ལས་བརྟེན་ འབྱུངམ་ཨིན་ན།?

༡༤༽ ངན་སོང་གསུམ་ག་ཅི་རང་ ཨིན་ན། ངོས་འཛིན་འབད་དེ་བྲིས།

༡༥༽ ཁྱོད་ཀྱིས་ ངན་སོང་གི་སྡུག་བསྔལ་འདི་ མྱོང་ཚུགས་ནི་མས་ག? མ་ཚུགས་པ་ཅིན་ ཚེ་ད་རིས་ ག་ཅི་འབད་དགོཔ་འདུག?

༡༦༽ ཁྱོད་ཀྱིས་ སྡིག་པའི་ལཱ་ལུ་ ག་དེ་སྦེ་ འཛེམ་ནི་སྨོ།?

༡༧༽ སྲིད་གསུམ་གྱི་བདེ་བ་འདི་ ག་ཅི་སྦེ་ སྙིང་པོ་མེདཔ་ཨིན་ན།? དཔེ་ག་ཅི་ལུ་ བཞག་ནུག?

༡༨༽ ནམ་ཡང་འགྱུར་བ་མེད་པའི་ བདེ་བ་འདི་ ག་ཏེ་ཨིན་ན།? འདི་འཐོབ་དགོ་པ་ཅིན་ ག་ཅི་རང་ འབད་དགོཔ་ཨིན་ན།?

༡༩༽ བྱང་སེམས་འདི་ ག་ལུ་བསྐྱེད་དགོཔ་སྨོ།? ག་ཅི་སྦེ་ཨིན་ན།?

༢༠༽ བྱང་སེམས་ག་དེ་སྦེ་ བསྐྱེད་ནི་སྨོ།? ཡང་ན་ བསྐྱེད་ཐངས་ག་དེ་སྦེ་ ཨིན་ན།?

 

སློབ་རིམ་དགུ་པའི་ ལོ་ཕྱེད་ཀྱི་ རྒྱལ་སྲས་ལག་ལེན་ སློབ་སྟོན་མཚམས་དང་པ་རྫོགས་སོ། །

བྱིས་པ་སློབ་པ་རྣམས་ཀྱི་ཕྱིར་དུ་ རྩ་འགྲེལ་ཕལ་པ་ ཕྱོགས་སྒྲིག་པ་ སློབ་དཔོན་ བཀྲིས་རྡོ་རྗེ། ༢༠༢༢།

Comments

མི་མངམ་གིས་ ལྷག་མི་རྩོམ།

The Impact of Parental Behavior on Children

BCSE EXAM 2024

SUBSCRIBE MY YOUTUBE CHANNEL

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།