Skip to main content

གཏེར་སྟོན་པདྨ་གླིང་པ་གི་སྐོར་ལས།

འབྲུག་གི་ཆབ་སྲིད་ཀྱི་སྦྱོང་ཚན་ནང་ གཏེར་སྟོན་པདྨ་གླིང་པའི་སྐོར་ལས་ སློབ་སྦྱོང་འབད་དགོ་པའི་དམིགས་ཡུལ་དང་ ཁོ་ག་ཅི་སྦེ་ འབྲུག་གི་རྒྱལ་རབས་ནང་ལུ རྩ་ཅན་གྱི་མི་ངོམ་ཅིག་སྦེ་བརྩིཝ་ཨིན་ན་ འབྲེལ་ཡོད་རྒྱབ་རྟེན་དཔེ་དེབ་ཚུ་ལག་ལེན་འཐབ་ཐོག་ལས་ དབྱེ་དཔྱད་འབྲི་རྩོམ་ཚིག་འབྲུ་ ༡༠༠༠ ལས་༡༥༠༠ ལས་ མ་ཉུངམ་ཅིག་བྲིས།

གཏེར་སྟོན་པདྨ་གླིང་པ།



༡༽ ངོ་སྤྲོད
ང་བཅས་རའི་ ཆོས་ལྡན་འབྲུག་གི་རྒྱལ་ཁབ་འདི་ དུས་རབས་བརྒྱད་པའི་ནང་ སངས་རྒྱས་གཉིས་པ་  ཨྱོན་གུ་རུ་རིན་པོ་ཆེ་གིས་ ཞབས་ཀྱིས་བཅགས་གནང་པའི་སྦས་གནས་ ཁྱད་དུ་འཕགས་པ་ཅིག་ཨིན། རང་སོའི་འགྲོ་བ་སེམས་ཅན་ཚུ་གི་གདུལ་བྱ་དང་བསྟུན་ འབྲུག་རྒྱལ་ཁབ་ནང་མཁས་གྲུབ་གཉིས་ལྡན་གྱི་བླ་ཆེན་ མང་རབས་ཅིག་བྱོན་ཏེ་ ས་གནས་འདི་བྱིན་གྱིས་བརླབས་གནང་ཡོདཔ་མ་ཚད་ ཕྱག་འཚལ་དང་མཆོད་པ་ཕུལ་སའི་རྟེན་ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་གདན་ས་ཡང་ཨིན།
འབྲུག་རྒྱལ་ཁབ་ནང་ རྒྱ་བོད་ལས་བླ་ཆེན་དང་གྲུབ་ཐོབ་ ལེ་ཤ་བྱོན་པའི་ནང་ལས་ཡང་ ལུང་བསྟན་ལྷ་ལས་བབས་པའི་    མྱོས་རིགས་ཀྱི་བརྒྱུད་པ་ རིག་འཛིན་གཏེར་སྟོན་པདྨ་གླིང་པ་འདི་ འབྲུག་རྒྱལ་ཁབ་ནང་བླ་ཆེན་ རྩ་ཅན་གཅིག་ཡང་ཨིན།   འདི་འབདཝ་ལས་ གཏེར་སྟོན་པདྨ་གླིང་པ་མཆོག་ འབྲུག་གི་རྒྱལ་རབས་ནང་ མི་ངོམ་རྩ་ཅན་ཅིག་ཨིན་པའི་ཁུངས་དང་ འདི་གི་སྐོར་ལས་སློབ་སྦྱོང་འབད་དགོ་པའི་ཁུངས་ཚུ་ ཆུ་ཐིགས་ཙམ་བཤད་དེ་ཞུ་ནི་ཨིན།


༢༽ གཏེར་སྟོན་པདྨ་གླིང་པ་མཆོག་ མི་ངོམ་རྩ་ཅན་ཨིན་དགོ་པའི་ཁུངས་དང་ ལྷབ་དགོ་པའི་དམིགས་པ།
དཔལ་ལྡན་འབྲུག་རྒྱལ་ཁབ་འདི་ནང་ གངས་པ་ནང་གི་ཆུ་འཐུང་ སྤྲིན་པ་ནང་གི་ཉིམ་བསྲོ་ནིའི་ གོ་སྐབས་ཐོབ་མི་འདི་ཡང་  གཙོ་བོ་རང་འབྲུག་རྒྱལ་ཁབ་འདི་ སྔོན་དང་ཕུ་ལས་རང་ བྱིན་གྱིས་བརླབ་གནང་པའི་ རྒྱལ་ཁབ་གཅིག་ཨིན་པའི་ཁར་ བྱང་ཆུབ་སེམས་པའི་   རྣམ་སྤྲུལ་མིའི་གཟུགས་སུ་བྱོན་མི་ མི་དབང་རིམ་བྱོན་ཚུ་གི་ བཀྲིན་ལས་བརྟེན་ཏེ་ཨིན། དུས་གསུམ་མཁྱེན་པའི་ ཤེས་རབ་དང་ལྡན་མི་ འབྲུག་པའི་རྒྱལ་བརྒྱུད་ཀྱི་རིགས་འདི་ཡང་ མྱོས་རིགས་རིག་འཛིན་པདྨ་གླིང་པའི་ གདུང་བརྒྱུད་ཨིན། ཨྱོན་གུ་རུ་རིན་པོ་ཆེ་གིས་ལུང་བསྟན་གནང་དོ་བཟུམ་ གཏེར་བཏོན་པདྨ་གླིང་པ་མཆོག་གིས་ འགྲོ་དོན་ལེ་ཤ་རང་མཛད་ཡོདཔ་ཨིན།  དེ་བཟུམ་སྦེ་རང་ མ་འོངས་པའི་གདུལ་བྱའི་དོན་ལུ་ ཤུལ་བཞག་ཡང་ངོ་མཚར་ཆེ་བ་ ལེ་ཤ་རང་མཛད་དེ་ཡོདཔ་ཨིན།  

དེ་ཡང་ གཏེར་སྟོན་པདྨ་གླིང་པ་མཆོག་ མྱོས་ཀྱི་རིགས་ཨིནམ་མ་ཚད་ ཁོ་གིས་སྲས་སྲསམོ་བདུན་ཡོད་པའི་ ནང་ལས་ སྲས་ཀུན་དགའ་དབང་པོ་མཆོག་ཀྱི་བརྒྱུད་པ་ དུང་དཀར་ཆོས་རྗེ་ཡབ་རྗེ་དམ་པ་ མི་དབང་འཇིག་མེད་རྣམ་རྒྱལ་དང་ སྲས་གསང་བདག་གི་བརྒྱུད་པ་  འཇིག་མེད་རྣམས་རྒྱལ་གྱི་གསང་ཡུམ་ གཏམས་ཞིང་ཆོས་རྗེ་ལས་ཨིནམ་མི་ ཨ་ཞེ་པདྨ་ཆོས་སྐྱིད་ཨིནམ་པས། དེ་ལས་ སྲས་ ཟླ་བ་རྒྱལ་མཚན་གྱི་བརྒྱུད་པ་ འབྲུག་རྒྱལ་གཉིས་པའི་ཨ་ཞེ་ ཕུན་ཚོགས་ཆོས་སྒྲོན་མཆོག་ཨིནམ་ལས་ འབྲུག་རྒྱལ་ཁབ་ནང་རྒྱལ་བརྒྱུད་རིམ་བྱོན་ བྱོན་ཚུགས་པའི་རྩ་ཅན་གྱི་ སྐྱེས་ཆེན་དམ་པ་གཅིག་ཨིན།

རིག་འཛིན་པདྨ་གླིང་པ་མཆོག་ སོམ་ཕྲང་ཆོས་རྗེ་ལས་ཨིནམ་མི་ ཡབ་དོན་གྲུབ་བཟང་པོ་དང་ ཡུམ་པདྨ་སྒྲོལ་མ་གཉིས་ཀྱི་སྲས་ལུ་ སྤྱི་ལོ་ ༡༤༥༠ ་ལུ་ ཡ་མཚན་ཆེ་བའི་རྟགས་དང་རྟེན་འབྲེལ་བཅས་ བུམ་ཐང་ ཆལ་བ་རི་བྲང་ལུ་ སྐུ་འཁྲུངས་ནུག དགུང་ལོ་ཆུང་ཀུ་བསྒང་ལས་རང་ སྐུ་ཡོན་མཐིལ་ཕྱིནམ་སྦེ་བཞེས་ཏེ་ བསྟན་པའི་འགྲོ་དོན་མཛད་ནི་གོ་བཙུགས་གནང་ནུག དེ་ནང་ལས་ཡང་ གཏེར་སྟོན་པདྨ་གླིང་པ་མཆོག་ མ་ཎི་དགོན་པའི་རྡོའི་བཞུགས་ཁྲི་ཅིག་གུར བཞུགས་པའི་སྐབས་ ཨྱོན་གུ་རུའི་ལུང་བསྟན་དང་བསྟུན་ གཏེར་ཁ་བརྒྱ་དང་རྩ་བརྒྱད་ཀྱི་ཁ་བྱང་ཕྱག་ལུ་བབས་ཏེ་ འབྲུག་གི་རྒྱལ་རབས་ནང་ཚུད་མི་ མེ་འབར་མཚོ་ལས་ ཆོས་ནོར་ཟབ་གཏེར་ལེ་ཤ་བཞེས་གནང་ནུག དེ་ཡང་ སྐྱེས་ཆེན་དམ་པ་ རྒྱལ་བ་ལྷ་གནང་པའི་ཞལ་ཆེམས་ལུ་ ང་ལས་ལྷག་པའི་སྐྱེས་བུ་ པདྨའི་མི་ཅན་ བདེ་མཆོག་གི་གདུང་ལས་འབྱོན་མི་ ལུང་བསྟན་ཟིན་པའི་སྐྱེས་ཆེན་ གཏེར་སྟོན་པདྨ་གླིང་པ་འདི་ཨིན་ཟེར་ གསུངས་གནང་ནུག

དེ་གིས་ཡང་ མ་ཚད་ ཨྱོན་གུ་རུ་རིན་པོ་ཆེའི་ལུང་བསྟན་དང་འཁྲིལ་ འབྲུག་རྒྱལ་ཁབ་ཀྱི་ས་གནས་ ཐདམ་ཐད་ཁར་ གདན་ས་བཅགས། མཚམས་སྒྲུབ་དང་གཏེར་ཁ་བཞེས་གནང་སྟེ་ འགྲོ་དོན་བསམ་གྱི་མ་ཁྱབ་པར་མཛད་གནང་ནུག དེ་ཡང་  བྲག་ཕུག་ལ་ལུ་ནང་ལས་ ཨྱོན་གུ་རུ་རིན་པོ་ཆེ་གིས་ གཏེར་ལུ་སྦས་བཞག་མི་ ཆོས་རྫས་རྣམ་པ་སྣ་ཚོགས་དང་ ཆོས་ཀྱི་  གླེགས་བམ་ཡང་ མང་རབས་ཅིག་གཏེར་སྦེ་བཞེས་གནང་ནུག 

དེ་བཟུམ་སྦེ་རང་ བྲག་ཕུག་དང་རྡོ་གུར་ སྐུ་རྗེ་ཕྱག་དང་ཞབས་རྗེ་ཕྱག་ཐམ་ཚུ་ཡང་བཞག་གནང་པའི་ཁར་ ཚེ་ད་ལྟ་བར་ཆད་བསལ་ནི་དང་ ཕྱི་མ་ངན་སོང་ལས་གྲོལ་བའི་ གྲུབ་ཆུ་ཚུ་ཡང་བཏོན་གནང་ནུག དེ་ལས་ ཡ་མཚན་ཆེ་བའི་ གདན་ས་ལྷ་ཁང་དངསྒྲུབ་ཕུག་ ཕྱག་ཁར་མགོ་མཇུག་སློག་སྟེ་ བཙུགས་བཞག་མི་ལས་སྐྱེས་མི་ཤིང་དང་ འདུལ་བྱ་མི་དང་སེམས་ཅན་གྱི་དོན་ལུ་ ལྷག་པར་དུ་ནང་པ་སངས་རྒྱས་ཀྱི་ཆོས་དར་ཞིང་རྒྱས་ཐབས་ལུ་ བསྟན་པ་ལུ་གནོད་པའི་མ་རུང་པའི་དགྲ་བོ་ འདྲེ་དང་མི་མ་ཡིན་པ་ཚུ་དམ་ལུ་བཏགས་གནང་ནུག
     
དེ་ལས་ བུམ་ཐང་གཏམས་གཞི་ལྷུན་གྲུབ་ཆོས་གླིང་གི་གཙུག་ལག་ཁང་ ཕྱག་བཏབ་གནང་སྟེ་ བོད་དང་འབྲུག་རྒྱལ་ཁབ་ནང་ འགྲོ་དོན་བསམ་གྱིས་མ་ཁྱབ་པར་མཛད་གནང་ནུག རིག་འཛིན་པདྨ་གླིང་པ་མཆོག་ རིག་གནས་ཆེ་ཆུང་ ག་ར་མཁྱེནམ་ལས་ འབྲུག་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ སྐད་ཡིག་དང་ལམ་སྲོལ་རིག་གཞུང་ཚུ་ འཛིན་སྐྱོང་སྤེལ་གསུམ་ལུ་ཡང་ བརྩོན་ཡོདཔ་ཨིནམ་མས། དེ་ཡང་ འབྲུག་རྒྱལ་ཁབ་ནང་ཚེས་བཅུའི་སྐབས་ རྐྱབ་སྲོལ་ཡོད་པའི་ འཆམ་ཚུ་ཡང་མང་ཤོས་རང་ གཏེར་བཏོན་པདྨ་གླིང་པ་གིས་ སྐབས་ལུ་རྐྱབ་སྲོལ་ཡོད་པའི་ནང་ལས་ པད་གླིང་གིང་གསུམ་གྱི་འཆམ་འདི་ཡང་ པདྨ་གླིང་པ་མཆོག་ཟངས་མདོག་དཔལ་རིའི་ཞིང་ཁམས་ལུ་ ཨྱོན་གུ་རུ་རིན་པོ་ཆེའི་སྐུ་མདུན་ལུ་བཞུགས་པའི་སྐབས་ ཨྱོན་གུ་རུའི་སྤྲུལ་པ་གིང་གསུམ་གྱིས་གར་འཆམ་ལུ་བརྟེན་ཏེ་ དགྲ་གེགས་ཉུ་ལེ་མ་དེ་ཚུ་ བསྒྲལ་བའི་ཚུལ་མིག་འཕྲུལ་སྟོན་གནང་མི་འདི་ འབྲུག་རྒྱལ་ཁབ་ཀྱི་  འཆམ་གྱི་གྲངས་སུ་བཙུགས་གནང་ནུག 

དེ་ལས་ གཏེར་བཏོན་པདྨ་གླིང་པའི་ སྲས་དང་སྲསམོ་བདུན་ཡོད་པའི་གྲས་ལས་ ཐུགས་སྲས་བཞི་པ་ཀུན་དགའ་དབང་པོ་   སྐུ་ན་ཆུང་ཀུའི་བསྒང་ལས་རང་ བཟོ་རིག་པ་ལྷབ་སྦྱང་མཛད་དེ་ ཡབ་ལས་བཀའ་འཁྲིད་ཀྱི་རིམ་པ་ཚུ་ཡོངས་རྫོགས་ གསན་སྦྱངས་མཛད་གནང་ནུག པདྨ་གླིང་པའི་ཐུགས་སྲས་ ཀུན་དགའ་དབང་པོ་གིས་ ཡབ་ཀྱི་བཀའ་བཞིན་དུ་ ཤར་ཕྱོགས་ཀུ་རེ་ལུང་ཕྱོགས་ཀྱི་གདུལ་བྱ་སྐྱོང་སྟེ་ གདན་ས་བསམ་གྲུབ་ཆོས་གླིང་ཕྱག་བཏབ་གནང་ནུག  དེ་ལས་ ལྷོ་གདུང་བསམ་མདོ་གསུམ་ལས་ རྒྱ་གར་ཤར་རྩྭ་མཆོག་ཚུན་དང་ དབུས་བུམ་ཐང་ལས་ ནུབ་སྤ་རོ་ཚུན་གདུལ་བྱ་ཚུ་གི་ དོན་མཛད་གནང་ཡོདཔ་ལས་ ལྷག་མ་ལུས་མི་ཚུ་ ཐུགས་སྲས་ཀྱི་སློབ་མ་ཚུ་གིས འགྲོ་དོན་དཔག་ཏུ་མེད་པར་མཛད་ཡོདཔ་ཨིནམ་མས།

འབྲུག་རྒྱལ་ཁབ་ནང་སྐྱེས་ཆེན་དམ་པ་ ལུང་བསྟན་ཅན་གྱི་མྱོས་རིགས་ལས་ རིག་འཛིན་པདྨ་གླིང་པ་འདི་ འབྲུག་རྒྱལ་ཁབ་ནང་ མ་འཁྲུངས་པ་ཅིན་ རྒྱལ་ཁབ་ནང་བྱང་ཆུབ་སེམས་པའི་རྣམ་སྤྲུལ་ མི་དབང་རིམ་བྱོན་རྣམས་དང་ ཞལ་མཇལ་གསུང་མཐུད་  དཔོན་དང་འབངས་སྦེ་སྡོད་ནིའི་ བསོད་ནམས་ཆུང་ཟེར་རུང་དེ་ཅིག་འོང་ཟེར་ཞུ་ནི་ཨིན། རྒྱལ་ཁབ་ནང་གཏེར་ལུ་སྦས་གནང་མི་གཏེར་དང་ རྒྱལ་རབས་ནང་ཚུད་མི་ གནས་ཆེན་བཟང་པོ་སྒྲུབ་ཁང་དང་གཞན་དང་གཞན་ གདུལ་བྱའི་དོན་མཛད་གནང་མི་ཚུ་ཡང་ ད་ལྟོ་མཇལ་ནིའི་སྐལ་བ་དང་ མ་ལྡནམ་འོང་ཟེར་ཞུ་ནི་དང་ གཙུག་ལག་སློབ་སྡེའི་མངའ་འོག་ལུ་ འབྲུག་གི་ཆབ་སྲིད་ལྷབ་པའི་སྐབས་ གཏེར་སྟོན་པདྨ་གླིང་པ་གི་སྐོར་ལས་ ལྷབ་དགོ་པའི་དམིགས་གཏད་ཡང་ འདི་ལས་བརྟེན་ཏེ་ཨིན་ཟུར་ཞུ་ནི་ཨིན་ལགས།

༣༽ མཇུག་བསྡུ།
ཆོས་ལྡན་འབྲུག་པའི་རྒྱལ་ཁབ་ནང་ ལུང་བསྟན་ལྷ་ལས་བབས་པའི་ བླ་སློབ་དང་མཁན་ཆེན་གྲུབ་ཐོབ་ ལེ་ཤ་རང་བྱོན་ཡོདཔ་  མ་ཚད་ རྒྱལ་ཁབ་འདི་བྱིན་བརླབ་ཅན་ཅིག་ཨིནམ་ལས་ བྱམས་པ་དང་སྙིང་རྗེའི་རང་གཟུགས་ བྱང་ཆུབ་སེམས་དཔའི་སྐྱེས་ཆེན་དམ་པ་རྣམ་འཁྲུངས་སའི་ གནས་མཆོག་ཏུ་འགྱུར་པ་ཅིག་ཨིན། འདི་ནང་ལས་ཡང་ འཛམ་གླིང་གི་རྒྱལ་རབས་ནང་ཚུད་པའི་ སྐྱེས་ཆེན་དམ་པ་ རིག་འཛིན་པདྨ་གླིང་པ་གི་གདུང་རྒྱུད་དང་ འབྲུག་རྒྱལ་ཁབ་ནང་ འགྲོ་བ་མི་དང་སེམས་ཅན་ཚུ་གི་དོན་ལུ་ སྤྲུལ་པ་སྣ་ཚོགས་སྟོན་ འགྲོ་དོན་བསམ་གྱིས་མ་ཁྱབ་པར་ མཛད་གནང་མི་ཚུ་གོང་ལུ་ཞུ་ཚར་ཡོདཔ་ཨིན།  དེ་ནང་ལས་ཡང་ གཏོར་སྟོན་པདྨ་གླིང་པ་གི་གདུང་རྒྱུད་ འབྲུག་གི་རྒྱལ་པོ་རིམ་བྱོན་དང་ ཐུགས་སྲས་ཀུན་དགའ་དབང་པོ་དང་སློབ་མ་རྣམས་ཀྱི་མཛད་བྱ་ བཟང་པོ་ཚུ་ཞུ་ཡོདཔ་མ་ཚད་ གཏོན་སྟོན་པདྨ་གླིང་པ་མཆོག་ སྐྱེ་ཆེན་དམ་པ་ཨིན་དགོ་པའི་ཁུངས་དང་ འབྲུག་གི་ཆབ་སྲིད་གི་སྦྱོང་ཚན་ནང་ དེ་གི་སྐོར་ལས་ལྷབ་དགོ་པའི་དམིགས་གཏད་ཚུ་ གོང་ལུ་འཁོད་དེ་ཡོད་ཟེར་ཞུ་ནི་ཨིན་ལགས།

𑁍𑁍᪥𖧷𖧷᪥𑁍𑁍᪥𖧷𖧷᪥𑁍𑁍᪥𖧷𖧷𑁍𑁍

རྒྱབ་རྟེན་དཔེ་ཆའི་ཐོ།
ཞིང་གཤེགས་སྐྱབས་རྗེ་དགེ་འདུན་རིན་ཆེན། ༼༢༠༠༥༽ ལྷོ་འབྲུག་ཆོས་བྱུང་། ཐིམ་ཕུ། ཀེ་ཨེམ་ཀྲི་དཔར་ཁང།
ཞིབ་འཚོལ་སྡེ་ཚན། རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག ༼༢༠༡༢༽ རིག་འཛིན་པདྨ་གླིང་པའི་ཐུགས་སྲས་ མཁས་གྲུབ་ཀུན་དགའ་དབང་པོའི་བཀའ་འབུམ། ཐིམ་ཕུ། ཀུན་གསལ་རང་སྐྱོང་ལས་འཛིན།
སྲོལ་འཛིན་ལས་ཁུངས་ཅ་རྙིང་འཛིན་སྐྱོང་སྡེ་ཚན། ༼༢༠༡༢༽ གནས་ཡིག་ཀུན་ཕན་ལམ་སྟོན། གླེགས་བས་༥་པ། བུམ་ཐང་རྫོང་ཁག 
ཀཱོམསི་དཔེ་དེབ་ཁང་། ༼༢༠༡༢༽ འབྲུག་རྒྱལ་ཁབ་ཀྱི་ཚེས་བཅུའི་ལས་རིམ་དང་འབྲེལ་བའི་ཚེས་བཅུའི་ཁུངས་དོན་དང་འཇམ་གྱི་ བཤད་པ། ཐིམ་ཕུ། ཀཱོམསི། 
དྲག་ཤོས་བླ་མ་གསང་སྔགས། ༼༢༠༠༥༽ འབྲུག་གི་སྨྱོས་རབས་ཡང་གསལ་མེ་ལོང་། གླེགས་བམ་དང་པ། ཕུན་ཚོགས་གླིང་། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།

མི་མངམ་གིས་ ལྷག་མི་རྩོམ།

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

𝐀 𝐋𝐨𝐧𝐠 𝐋𝐢𝐟𝐞 𝐏𝐫𝐚𝐲𝐞𝐫 𝐟𝐨𝐫 𝐊𝐲𝐚𝐛𝐣𝐞 𝐑𝐢𝐧𝐩𝐨𝐜𝐡𝐞, 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨 𝐓𝐫𝐮𝐥𝐤𝐮 𝐉𝐢𝐠𝐦𝐞 𝐂𝐡𝐨𝐝𝐫𝐚𝐤.

𝗧𝗿𝗮𝗻𝘀𝗹𝗮𝘁𝗶𝗼𝗻 𝗼𝗳 𝗛𝗶𝘀 𝗠𝗮𝗷𝗲𝘀𝘁𝘆'𝘀 𝗔𝗱𝗱𝗿𝗲𝘀𝘀 𝘁𝗼 𝘁𝗵𝗲 𝗡𝗮𝘁𝗶𝗼𝗻 - 𝗡𝗮𝘁𝗶𝗼𝗻𝗮𝗹 𝗗𝗮𝘆 𝟮𝟬𝟮𝟱

𝗣𝗮𝘀𝘁 𝗟𝗶𝗳𝗲 𝗕𝗶𝗼𝗴𝗿𝗮𝗽𝗵𝘆 𝗼𝗳 𝗛.𝗘. 𝗚𝗼𝗻𝗽𝗼 𝗧𝘂𝗹𝗸𝘂 𝗥𝗶𝗻𝗽𝗼𝗰𝗵𝗲 (Khenpo Jigme Yönten Gönpo, 1899–1959)

Yongla Pelri Gonpa

ཚེ་མཚམས་རིན་པོ་ཆེ། Tsetsam Rinpoche (1922-2008)

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།