Skip to main content

ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་སྐོར།

དོན་ཚན།  ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་སྐོར།

དང་པ། ལུང་ཕྱོགས་སོ་སོའི་གནས་སྟངས།
འབྲུག་རྒྱལ་ཁབ་འདི་ན་ཞབས་དྲུང་རིན་པོ་ཆེ་ མ་བྱོན་པའི་ཧེ་མར་ཤར་ཕྱོགས་ཀྱི་ལུང་ཕྱོགས་ཚུ་ནང་ རྒྱལཔོ་གཅིག་ གིས་དབང་ནི་དང་ཆོས་ལུགས་གཅིག་གིས་ཁྱབ་སྟེ་མེདཔ་ལས་ ལུང་ཕྱོགས་ཚུ་ན་ནང་འཁྲུགས་དང་འཐབ་རྩོད་རྒྱུན་ མི་ཆད་པར་ཡུལ་ཁམས་བདེ་སྐྱིད་མེད་པར་ བུམ་ཐང་མངའ་ཁུངས་ལུ་ཆུ་སྨད་གདུང་། རྒྱལ་རྩ་གདུང་། དུར་པའི་ གདུང་། སོགས་ལེ་ཤ་ར་ཡོད་རུང་ ཤུལ་ལས་ཆོས་འཁོར་སྡེཔ་གི་བཙན་དབང་ལུ་སྡུད་དེ་ མི་སེར་ཚུ་སྡུག་སྦྱོང་ བཏང་ཡོདཔ་ཨིན་པས། དེ་བཟུམ་སྦེ་ཤར་ཕྱོགས་ཁ་ཐུག་ལུ་ཡང་ སྐྱིད་ལིང་རྒྱལ་པོ་སོགས་ཡུལ་ཕྲན་རེ་ལུ་ རྒྱལ་ ཕྲན་རེ་གིས་དབང་སྟེ་འཐབ་རྩོད་རྒྱུན་མ་ཆད་པར་ཡོདཔ་ཨིན་པས།
 
གཉིས་པ། ཀྲོང་གསར་རྫོང་བཏབ་ཚུལ།
སྤྱི་ལོ་༡༦༤༧རབ་བྱུང་བཅུ་གཅིག་པའི་མེ་ཕག་ལོ་ལུ་ ཆོས་རྩེའི་སྤྱི་བླའམ་ཀྲོང་གསར་དཔོན་སློབ་དང་པ་ ཆོས་རྒྱལ་ མི་འགྱུར་བརྟན་པ་དེ་ ཆོས་སྲིད་ག་ཅི་ལས་འབད་རུང་ མཁྱེན་རབ་དང་ཐུགས་བསྐྱེད་དཔའ་རྩལ་ཆེ་ནི་དེ་གིས་ འབྲུག་ཤར་ཕྱོགས་ཀྱི་མི་མང་ཡོངས་ལུ་ ཞབས་དྲུང་རང་གི་སྐུ་ཚབ་ལུ་ཀྲོང་གསར་དཔོན་སློབ་འབད་བསྐོས། ཡོངས་ འཛིན་ངག་གི་དབང་ཕྱུག་གི་གདན་ས་ ཆོས་འཁོར་རབ་རྩེ་རྫོང་རྒྱ་བསྐྱེད་དང་འབྲེལ་ མང་སྡེ་ཚོ་བཞིའི་སྦྱིན་བདག་ ཚུ་ལཱ་ལུ་བཀོལ་ཏེ་ ཀྲོང་གསར་རྫོང་གསརཔ་བཞེངས་གནང་ནུག།
 
གསུམ་པ། བྱ་དཀར་གཡུལ་རྒྱལ་རྫོང་བཏབ་ཚུལ་ནི།
དེ་བཟུམ་སྦེ་ ཤར་ཕྱོགས་ཀྱི་གཡུས་ཕྱོགས་ཚུ་ནང་ལུ་ཡང་ སོ་སོའི་ཆོས་ལུགས་ཨ་ཙི་རེ་ ཡོད་མི་ཚུ་ཡང་རང་གི་ ཆོས་བརྒྱུད་གདུང་བརྒྱུད་དེ་རང་སྤེལཝ་མ་གཏོགས་ སྲིད་དོན་གྱི་དང་འདོད་ག་ནི་ཡང་མེདཔ་ལས་ འབྲུག་ལུང་ག་ར་ དབང་དུ་བསྡུ་ནིའི་ཐུགས་བཞེད་གནང་སྟེ་འབད་རུང་། བུམ་ཐང་ཆོས་འཁོར་སྡེ་པ་ཀུན་ཐུབ་དང་ ཨུ་ར་གདུང་ ནག་པོ་ཟེར་མི་ཚུ་ གཅིག་ལས་གཅིག་དབང་ཤུགས་ཆེཝ་འབད་ཡོད་ནི་དེ་གིས་ ཀྲོང་གསར་དཔོན་སློབ་ཀྱིས་གླགས་ མ་ཁེལ་བར་བཞུགས་པའི་བར་ན།  ཤར་ཕྱོགས་ལས་བླམ་རྣམ་སྲས་ཟེར་མི་དེ་ ཁ་ལིང་རྒྱལཔོ་དང་མ་མཐུན་པར་ ཞབས་དྲུང་རིན་པོ་ལུ་སྐྱབས་བཅོལ་ཞུ་བར་བཅར་མི་དེ་ལུ་ ཞབས་དྲུང་རིན་པོ་ཆེ་གིས་ བསྟན་པ་ཤར་ཕྱོགས་ལུ་ དར་བའི་ལུང་བསྟན་ཡོད་ལུགས་ཚུ་ གསུངས་པའི་བཀའ་བཞིན་བླམ་རྣམ་སྲས་ཡང་ དཔོན་སློབ་མི་འགྱུར་བརྟན་པ་ དང་མཇལ། ཤར་ཕྱོགས་རྒྱལ་ཁམས་དབང་ལུ་བསྡུ་བ་ལུ་ ཞི་བའི་ཐོག་ལས་བཏུལ་མི་ཚུགས་པར་ དྲག་པོའི་ཐོག་ ལས་བཏུལ་དགོ་པའི་བཀའ་གྲོས་མཛད་དེ། ཤར་དར་བརྒྱད་དང་ཝང་ཚོ་ཆེན་བརྒྱད་ཀྱི་ དམག་གཞུང་ཞུས་ཏེ་ ཀྲོང་གསར་ཆ་འོག་གི་དམག་དང་བཅས་ཆོས་འཁོར་སྟོད་ལུ་སོང་  ཆོས་འཁོར་སྡེ་པ་བཅོམ་ཏེ་ བུམ་ཐང་སྡེ་བཞི་ དབང་དུ་བསྡུསཝ་ལས་བུམ་ཐང་ལུ་ བྱ་དཀར་གཡུལ་རྒྱལ་རྫོང་བཞེངས་ཏེ་ རྫོང་དཔོན་གཉེར་པ་ལོང་བ་ཟེར་མི་དེ་ བསྐོས་གནང་ནུག།
 
བཞི་པ། ལྷུན་རྩེའི་རྫོང་བཞེངས་ཚུལ་ནི།
དེ་བསྒང་ཀུར་སྟོད་ཀྱི་ལུང་པ་ལུ་ཡང་ སོ་སོའི་རྒྱལཔོ་ཚུ་གཅིག་གིས་གཅིག་བསད་པའི་བྱེལཝ་ནང་ དཔོན་ལྷ་བུ་དར་ བསད་པའི་ལྕམ་དང་བློན་པོ་ཚུ་གིས་ ཀྲོང་གསར་དཔོན་སློབ་ལུ་དམག་གི་གྲོགས་རམ་ཞུཝ་བཞིན་དུ་དཔོན་སློབ་ཀྱིས་ ལུང་བསྟན་དུས་ལུ་བབས་གཟིགས་ཏེ་འབྲུག་གཞུང་གི་དམག་ ཀུར་སྟོད་ལུ་བཏང་སྟེ་སྐྱིད་གླིང་དཔོན་དར་མ་དང་། ཕག་གདུང་རྒྱལཔོ་དགའ་བའི་དམག་དང་བཅས་ བཅོམ་ཏེ་རྒྱལ་ཁ་འབྲུག་གཞུང་གི་དམག་གིས་ཐོབཔ་མ་ཚད་ ཀུར་ སྟོད་མདོ་བཞི་མངའ་འོག་ལུ་བསྡུས་ཏེ་ གླེང་གླེེེང་ཟེར་བའི་ས་ཆ་དེ་གུ་ལྷུན་རྩེའི་རྫོང་བཞེངས་ཏེ་ དཔལ་ལྡན་འབྲུག་ པའི་ཆོས་སྲིད་བཙུགས་ཏེ་ འབྲུག་ཕུན་ཚོགས་ཟེར་མི་དེ་རྫོང་དཔོན་འབད་བསྐོས་གནང་ནུག།
 
ལྔ་པ། བཀྲིས་ཡང་རྩེ་རྫོང་བཞེངས་ཚུལ་ནི།
དེ་ལས་གཞུང་གི་དམག་སྡེ་ཚུ་ ཁོ་ལོང་སྟོད་ལ་འོག་ཁ་ཐུག་ལུ་བྱོནམ་ད་ དེ་ཁ་གི་རྒྱལཔོ་ཚུ་བུམ་ཐང་སྡེ་པ་དང་ ཀུར་སྟོད་ཀྱི་རྒྱལཔོ་ཚུ་གིས་ཡང་ འབྲུག་གཞུང་གི་དམག་དཔུང་ལུ་འབད་མ་ཚུགས་པའི་ལོ་རྒྱུས་ཚུ་ གོཝ་ཙམ་གྱིས་ འདྲོགས་བྱེལ་འཐབ་སྟེ་ དེའི་མངའ་ཁུལ་གྱི་མི་དང་བཅས་པ་ ཁོང་རང་གིས་མགོ་བསྒུར་ཏེ་ཕམ་ཁ་ལེན་འོངམ་ལས་ དམག་རྐྱབ་མ་དགོ་པར་འབྲུག་གཞུང་གི་མངའ་འབངས་ལུ་བཙུགས་ཏེ། དོང་བསྟིར་ཟེར་བའི་ས་གནས་ལུ་ རྫོང་ གཞིས་བཏབ་ལས་ རྫོང་གི་མིང་ཡང་དོང་བསྟིར་བཀྲིས་ཡང་རྩེ་ཟེར་བཏགས་གནང་ནུག།
 
དྲུག་པ། གཞོང་སྒར་རྫོང་བཞེངས་ཚུལ་ནི།
དེ་བསྒང་ གཞོང་སྒར་པ་ཚུ་སྟོང་ཕུའི་རྒྱལཔོ་གིས་ བང་དང་ཤུགས་བཙོང་མི་དེ་ལུ་མ་རངས་པར་ གཞུང་གི་ དམག་དཔུང་ཞུ་བར་འོངསམ་ལས་ གཞུང་གི་དམག་འགྱོ་བའི་ཞོར་ཁར་སྟོང་ཕུའི་ དམག་རྩ་བ་ལས་བརླགས་ བཏང་སྟེ་གཞུང་གི་དམག་གཞོང་སྒར་ལུ་ལྷོད་པའི་སྐབས། སྔ་ཚང་ཕྱི་ཚང་གི་རྒྱལ་བློན་ཚུ་ཡང་ ཁོ་རང་གིས་མགོ་ བསྒུར་འོངས་ཏེ་འབྲུག་གཞུང་གི་མངའ་འོག་ལུ་བཙུགས། གཞོང་སྒར་རྫོང་ཡང་གཞུང་གིས་རྩིས་ལེནམ་མ་ཚད་ རྒྱ་བསྐྱེད་འབད་དེ་གསརཔ་བཞེངས་གནང་ནུག།
 
བདུན་པ། བཀྲིས་སྒང་རྫོང་བཏབ་ཚུལ་ནི།
དེ་ལས་ གཞུང་གི་དམག་དཔུང་གཞོང་སྒར་དང་སྐྱེངས་མཁར་བརྒྱུད་དེ་ བཀྲ་ཤིས་སྒང་ཁ་ཐུག་ལྷོད་དེ། འབྲུག་ལུ་ ངོ་ལོག་སྟེ་བོད་དགའ་ལྡན་ཕོ་བྲང་པ་ལུ་ སྐྱབས་བཅོལ་ཞུ་མི་རྒྱལཔོ་ཚེ་དབང་ཚུ་ཡང་རང་དབང་མེད་པར་ འབྲུག་ གཞུང་ལུ་ སྐྱབས་ཞུ་བར་འོངམ་བཞིན་དུ་ ཆོས་རྗེ་འབྲུག་པའི་མངའ་འབངས་ལུ་བཞག་སྟེ་ བཀྲ་ཤིས་སྒང་རྫོང་ བཞེངས་གནང་ནུག།
 
བརྒྱད་པ། གཞལམ་སྒང་རྫོངབཏབ་ཚུལ་ནི།
དེ་ལས་དམག་དཔོན་བླམ་རྣམ་སྲས་དམག་དཔུང་དང་བཅས་ གཞོང་སྒར་ལས་སྟུང་ལ་སྦིས་བརྒྱུད་སོང་སྟེ་ འཁན་ རིགས་རྣམ་གསུམ་ག་ར་ འབྲུག་གཞུང་གི་མངའ་འོག་ལུ་བཙུགསཔ་ལས་ གཞལམ་སྒང་རྫོང་ཡང་རྩིས་ལེན་ཏེ་ རྫོང་གསརཔ་བཏབ་སྦེ་ ལོག་ཀྲོང་གསར་དཔོན་སློབ་ཆོས་རྒྱལ་མི་འགྱུར་བརྟན་པའི་ཞབས་སར་ འབྱོར་བའི་སྐབས་ དཔོན་སློབ་ཡང་ དམག་དཔོན་གཉིས་ཀྱི་ཕྱག་རྗེས་ལུ་གནམ་མེད་ས་མེད་ཐུགས་དགྱེས་ཏེ་ གཟེངས་བསྟོད་དང་ བདག་རྐྱེན་གནང་སྦྱིན་བཟང་པོའི་དགའ་སྟོན་རྒྱ་ཆེན་པོ་མཛད་གནང་ནུག དེ་སྦེ་ཤར་ཕྱོགས་ལུ་དཔལ་ལྡན་འབྲུག་ པའི་ལུགས་གཉིས་ཀྱི་བསྟན་སྲིད་སྤེལ་བ་ལུ་ བླམ་རྣམ་སྲས་དང་དབུ་མཛད་དམ་ཆོས་རབ་རྒྱས་གཉིས་ཀྱིས་ རྫོང་ཁག་དྲུག་བཏབ་སྟེ་ ཤར་ཕྱོགས་ཀྱི་རྫོང་ཁག་ག་ར་དཔལ་ལྡན་འབྲུག་པའི་མངའ་འོག་ལུ་ བསྡུ་བའི་བཀྲིན་མཛད་ གནང་ཞིམ་ལས་ཚུར་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཟེར་བའི་ཐ་སྙད་ཡང་དར་ནུག
            - སློབ་སྟོན་པ་ སློབ་རིན་ཆེན་དབང་འདུས། སྤ་རོ་ཤེས་རིག་མཐོ་སློབ།

Comments

མི་མངམ་གིས་ ལྷག་མི་རྩོམ།

Lungtenzampa or is it because we are Desuup? - Dorji Choden

WORLD WAR II (September 1, 1939, to September 2, 1945)

Save me - Sonam Tenzin(ST)

སྲིད་པ་འཁོར་ལོ།

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།