སུམ་ཅུ་པའི་དྲི་བ་དྲིས་ལན་གྱི་ཟིན་བྲིས།
༡ སུམ་ཅུ་པའི་གཞུང་ལ་སྤྱིར་གྱི་ས་བཅད་ནང་གསེས་གཉིས་པོ་ནི།
ལན་ བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་།
བསྟན་བཅོས་དངོས་གཉིས་སོ།
༢ བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་གི་་ས་བཅད་ནང་གསེས་གཉིས་པོ་ནི།
ལན་ མཚན་སྨོས་པ་དང་།
འགྱུར་ཕྱག་གོ།
༣ རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾཤད་ན་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ། ཞེས་འབྱུང་བའི་སྐད་གཉིས་ཤན་སྦྱར་ཚུལ་ནི།
ལན་ བྱཱ་ཀ་ར་ཎ།
ལུང་སྟོན་པ།
མཱུ་ལ། རྩ་བ།
ཏྲིཾཤད། སུམ་ཅུ་པ།
ན་མ། ཞེས་བྱ་བའོ།
༤ ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་པའི་མཚན་དོན་འགྲེལ་པ་ནི།
ལན་ སྒྲའི་མཚན་ཉིད་ཐམས་ཅད་ལུང་དུ་སྟོན་པར་བྱེད་ཅིང་ལེའུ་ཕྱི་མ་རྣམས་ཀྱི་རྩ་བ་ལྟ་བུར་གྱུར་པའི་གཞུང་གང་ཞིག བརྩམ་པར་དམ་བཅའ་བ་ཡན་ཆད་དོར་བས་རང་གི་གཞུང་ཚད་ཤོ་ལོ་ཀ་སུམ་ཅུ་་ཐམ་པ་རུ་གནས་པས་ན་དོན་དང་མཐུན་པར་མིང་ཡང་དེ་ལྟར་འཇོག་པའོ།།
༥ བསྟན་བཅོས་འདིའི་འགྱུར་ཕྱག་ནི།
ལན་ འཕགས་པ་རྗེ་བཙུན་འཇམ་དཔལ་དབྱངས་ལ་མཛད་འདུག།
༦ བསྟན་བཅོས་འདིའི་འགྱུར་ཕྱག་གང་དང་མཐུན་པར་མཛད་འདུག་?
ལན་ ཐུ་མི་ཉིད་ཀྱིས་བསྒྱུར་བའི་མདོ་རྒྱུད་རྣམས་ཀྱི་འགྱུར་ཕྱག་དང་མཐུན་པར་མཛད་འདུག།
༧ བསྟན་བཅོས་འདིར་འགྱུར་ཕྱག་མཛད་པའི་དགོས་པ་ནི།
ལན་ བསྟན་བཅོས་འདི་རྒྱ་གར་གྱི་སྒྲ་གཞུང་རྣམས་དང་ཕྱོགས་བསྟུན་ནས་གཏན་ལ་ཕབ་པ་ཡིན་པས་ན་
རྗེས་འཇུག་རྣམས་ཀྱིས་ཀྱང་འཕགས་ཡུལ་ནས་བསྒྱུར་བའི་བསྟན་བཅོས་ཁྱད་པར་འཕགས་པ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཞེས་འདོམས་པའི་དོན་དུ་མཛད་པའོ།
༨ བསྟན་བཅོས་དངོས་ཀྱི་ས་བཅད་ནང་གསེས་གཉིས་པོ་ནི།
ལན་
གཞུང་སྤྱིའི་ཡན་ལག་མཆོད་པར་བརྗོད་ཅིང་བརྩམ་པར་དམ་བཅའ་བ་དང་།
སྐབས་དོན་དངོས་སུམ་ཅུ་པ་ཉིད་རྒྱས་པར་འཆད་པའོ།
༩ སུམ་ཅུ་པའི་སྐབས་ཀྱི་མཆོད་བརྗོད་ཀྱི་ཡུལ་བཞི་ནི།
ལན་ སྤྱིར་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ། བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བ།
དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་བ།
དྲིན་གཟོ་བའི་ཕྱིར་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བའོ།
༡༠ སྤྱིར་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་དགོས་པ་ནི།
ལན་ གཞུང་ཉིད་ཡང་དག་པར་བསྒྲུབ་པའི་ཕྱིར་དང་
རྗེས་འཇུག་གི་སྐྱེ་བོ་རྣམས་རྗེས་སུ་བཟུང་བའི་སླད་དུ་གང་ཞིག་དཀོན་ཅོག་གསུམ་ལ་འདུད་ཅིང་སྐྱབས་སུ་འགྲོ་བར་བྱེད་པའི་ལམ་དེ་ནི་ནོར་བ་མེད་ཅིང་ཡང་དག་པའོ་ཞེས་འདོམས་པའམ་གསུངས་པའང་ཡིན་ནོ།།
༡༡ དཀོན་ཅོག་ཅེས་པའི་ངེས་ཚིག་ནི།
ལན་ དཀོན་མཆོག་གསུམ་ནི་ འཇིག་རྟེན་ནང་
གསེར་དངུལ་ལ་སོགས་པ་འབྱུང་བ་དཀོན་པའི་ནང་ནས་ མཆོག་ཏུ་གྱུར་པ་ཡིན་པས་ན་དཀོན་ཅོག་ཅེས་བྱའོ།།
༡༢ གང་ལ་ཡོན་ཏན་མཆོག་མངའ་བའི། །་ཞེས་པའི་སྐབས་ཀྱི་དཀོན་མཆོག་རིན་པོ་ཆེ་ལ་མངའ་བའི་ཡོན་ཏན་གཉིས་དང་དྲུག་གི་སྒོ་ནས་འཇོག་ཚུལ་བྲིས།
ལན་ དང་པོ་ཡོན་ཏན་གཉིས་ཀྱི་སྒོ་ནས་འཇོག་ཚུལ་ནི་ སྤངས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་གཉིས་ཀྱི་སྒོ་ནས་འཇོག་པ་ཡིན།
གཉིས་པ་ཡོན་ཏན་དྲུག་གི་སྒོ་ནས་འཇུག་ཚུལ་ནི་ རྒྱུད་བླ་མ་ལས།
འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར།
།འགྱུར་བ་མེད་ཕྱིར་དཀོན་ཅོག་ཉིད། །ཅེས་གསུངས་པ་ལྟར། ༡) བསོད་ནམས་མ་བསགས་པ་ལ་སྣང་བ་མིན་པས་འབྱུང་བ་དཀོན་པ།
༢) རང་བཞིན་གྱིས་རྙོག་པའི་ཆོས་ཅན་མིན་པས་དྲི་མ་མེད་པ།
༣) རང་བཞིན་གྱིས་དོན་སྒྲུབ་པའི་མཐུ་དང་ལྡན་པ་དང་།
༤) འགྲོ་བ་རྣམས་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པས་འཇིག་རྟེན་གྱི་རྒྱན་དང་།
༥) འཇིག་རྟེན་ལས་མཆོག་ཏུ་གྱུར་པ་དང་། ༦) རྣམ་པར་འགྱུར་བའི་རང་བཞིན་ཅན་མ་ཡིན་པ་སྟེ་འགྱུར་བ་མེད་པ་བཅས་དྲུག་གོ།
༡༣ བྱེ་བྲག་ཏུ་འཇམ་པའི་དབྱངས་ལ་ཕྱག་འཚལ་བའི་དགོས་པ་ནི།
ལན་ འཇིག་རྟེན་ནང་བརྗོད་པ་སྒྲ་ཡི་དབྱངས་ཀུན་ཐོག་མར་གསུངས་པ་པོ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་སྟེ།
དེ་ཡང་ཉེས་པའི་རྩུབ་རེག་ཐམས་ཅད་ཡོངས་སུ་སྤངས་པས་ འཇམ་པའི་ཡོན་ཏན་དང་ལྡན་པའི་ཕྱིར། འགྲོ་བ་ཐམས་ཅད་ཀྱི་ཁམས་དབང་དང་མཐུན་པར་རྗེས་སུ་འཇུག་པའི་དབྱངས་བདག་ཉིད་ཅན་ཡིན་པས་སོ།
༡༤ རྟག༌་ཏུ་ཞི་བའམ་ལྷ་དབང་ཕྱུག་ལ་བསྟོད་འཚལ་མཛད་པའི་དགོས་པ་ནི།
མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པ་ཡི་གེའི་སྦྱོར་བ་ཉིད་སྔོན་གྱི་དུས་སུ་གསུངས་པ་པོ་ནི་ལྷ་དབང་ཕྱུག་གམ་རྟག་ཏུ་ཞི་བ་ཞེས་བོད་པ་གང་ལ།
ཕྱི་ནང་གཉིས་ཀ་རྗེས་འཛིན་པར་བྱ་བའི་ཕྱིར་དང་། གཞུང་འདི་ཐུན་མོང་གི་རིག་གནས་ཡིན་པའི་ཕྱིར་དང་།
ཡི་གེ་བྱེད་པོའང་ཡིན་པའི་ཕྱིར་སོགས་དགོས་པ་དུ་མའི་དབང་གིས་བསྟོད་ཕྱག་མཛད་འདུག།
༡༥ མཆོག་གསུམ་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷར་ཕྱག་བྱེད་པ་སྤྱིར་མི་འོས་ཀྱང་སྐྱོན་མེད་པ་ནི།
ལན་ ལྷ་ཆེན་པོའམ་རྟག་ཏུ་ཞི་བ་་དེ་འཇིག་རྟེན་དབང་ཕྱུག་གི་རྣམ་རོལ་དུའང་ཟ་མ་ཏོག་ལ་སོགས་པའི་མདོ་སྡེ་རྣམས་སུ་བསྟན་པའི་ཚུལ་མཁན་པོའི་ཐུགས་སུ་ཆུད་ནས་ཕྱག་མཛད་པ་ཡིན་པས།
འཇིག་རྟེན་གྱི་ཡི་གེ་བྱེད་པོ་སོགས་ཁོ་ན་ལ་ཞེན་ནས་ཕྱག་མ་མཛད་པའི་ཕྱིར་སྐྱོན་མེད་དོ།
༡༦ མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བའི་དགོས་པ་ནི།
སྒྲ་སྐད་ཀྱི་བརྗོད་པ་དང་དོན་སྡེབ་ཇི་ལྟར་སྦྱོར་བའི་ཚུལ་ལེགས་པར་སྟོན་པའི་སྒོ་ནས་ཚིག་དོན་གཉིས་ཀ་ལ་མི་རྨོངས་པའི་ཤེས་རབ་སྐྱེད་ནུས་པའི་གཞུང་རྩོམ་ཞིང་འདོམས་པར་མཛད་པའི་མཁས་པ་སྤྱི་དང་
བྱེ་བྲག་མཁན་པོ་ཉིད་ལ་དེ་ལྟའི་བྱ་བ་མཛད་པའི་བྲམ་ཟེ་ལི་བི་ཀ་ར་ལ་སོགས་པའི་བླ་མ་རྣམས་ལ་བསྟོད་ཕྱག་མཛད་འདུག།
༡༧ བསླབ་པ་ཀུན་གྱི་འཛིན་ཅིང་།
།ཞེས་པའི་སྐབས་ཀྱི་ནང་པའི་བརྗོད་བྱ་རྟོགས་པ་བསླབ་པ་གསུམ་ནི།
ལན་ ༡) ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། 2) ཏིང་ངེ་འཛིན་གྱི་བསླབ་པ། 3) ཤེས་རབ་ཀྱི་བསླབ་པ་གསུམ་མོ།
༡༨ ནང་པའི་བརྗོད་བྱ་རྟོགས་པ་བསླབ་པ་གསུམ་གྱི་རྗོད་བྱེད་ལུང་སྡེ་སྣོད་གསུམ་ནི།
ལན་ 1) བརྗོད་བྱ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ རྗོད་བྱེད་འདུལ་བའི་སྡེ་སྣོད།
༢) བརྗོད་བྱ་ཏིང་ངེ་འཛིན་གྱི་བསླབ་པའི་ རྗོད་བྱེད་མངོན་པའི་སྡེ་སྣོད།
༣)བརྗོད་བྱ་ཤེས་རབ་ཀྱི་བསླབ་པའི་ རྗོད་བྱེད་མདོ་སྡེའི་སྡེ་སྣོད།
༡༩ རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ་
ཞེས་པའི་སྐབས་ཀྱི་ཕྱི་རོལ་པའི་རིག་བྱེད་བཞི་ནི།
ལན་ ངེས་བརྗོད།
མཆོད་བརྗོད། སྙན་ཚིག སྲིད་སྲུང་བཞིའོ།
༢༠ རིག་གནས་ཆེ་བ་ལྔ་ནི།
ལན་ སྒྲ། ཚད་མ། བཟོ། གསོ་བ། ནང་དོན་རིག་པ་བཅས་ལྔའོ།
༢༡ རིག་གནས་ཆུང་བ་ལྔ་ནི།
ལན་ སྙན་ངག མངོན་བརྗོད། ཟློས་གར། སྡེབ་སྦྱོར། དཀར་རྩིས་བཅས་ལྔའོ།
༢༢ རིག་གནས་ཆུང་བ་ལྔ་ཆེ་བ་ལྔའི་ཁོངས་སུ་བསྡུ་ཚུལ་ནི།
ལན་ སྙན་ངག མངོན་བརྗོད། ཟློས་གར། སྡེབ་སྦྱོར་བཞི་སྒྲ་རིག་པའི་ཁོངས་སུ་དང་། དཀར་རྩིས་ནང་དོན་རིག་པའི་ཁོངས་སུ་བསྡུའོ།།
༢༣ སྐབས་དོན་སུམ་ཅུ་པ་དངོས་ཀྱི་བརྗོད་བྱ་ནི།
ལན་ ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང་། གདམ་ངག་བརྗོད་པས་མཇུག་བསྡུ་རྣམས་ཡིན།
༢༤ ལེགས་སྦྱར་གྱི་སྐད་ལ་ཡི་གེ་ཞེས་པའི་མཚན་ཉིད་འཇོག་ཚུལ་ནི།
ལན་ ཨཀྵ་ར་སྟེ་མིག་ལྟ་བུ་ལྟ་བྱེད་འདྲེན་བྱེད་ལ་སོགས་པ་མིང་དུ་མས་བསྙད་དུ་ཡོད་པ་ལ་ཀ་ལྟ་བུ་ནི་གཞན་གྱིས་མ་ཡིན་པས་འགྱུར་མེད་དང་།
བྱནྫ་ན་སྟེ་མིང་ཚིག་མཐའ་དག་འདིས་གསལ་བས་ན་གསལ་བྱེད་དང་།
ཝརྣ་སྟེ་དོན་མཐའ་དག་འདིས་བརྗོད་པའི་ཕྱིར་རྗོད་བྱེད་ཀྱང་ཡིན་ནོ།།
༢༥ ཡི་གེ་ཨཱ་ལི་ཀཱ་ལི་གཉིས་ཞེས་པའི་གོ་དོན་ནི།
ལན་ དབྱངས་གསལ་གཉིས་སུ་དབྱེ་བ་ཙམ་གྱི་སྒོ་ནས་ཡི་གེ་མཐའ་དག་བསྡུས་པའི་ཕྱིར་ཨཱ་ལི་སྟེ་ཨ་ཕྲེང་དང་ཀཱ་ལི་སྟེ་ཀ་ཕྲེང་གཉིས་སུ་དབྱེའོ་ཞེས་པའི་དོན་ནོ།
༢༦ ཀཱ་ལི་དེ་རྣམས་སྡེ་པ་ཕྱེད་དང་བརྒྱད་དུ་དབྱེ་བའི་དགོས་པ་ནི།
ལན་ འོག་ཏུ་དང་པོ་གསུམ་པ་སོགས་ཀྱི་སྐབས་སུ་ རྗེས་འཇུག་ལ་སོགས་པར་དབྱེ་བའི་ཐོག་མར་སྡེ་པ་སོ་སོའི་ཡི་གེ་རྣམས་ངེས་པར་བྱ་དགོས་པའི་ཆེད་དུ་དབྱེ་བ་མཛད་པ་ཡིན་ནོ།
༢༧ རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་ནི།
༡ སླར་བསྡུ། ༢ ལ་དོན།
༣ ཨི་ལྡན། ༤ རྒྱན་སྡུད།
༥ ལྷག་བཅས།
༦ འབྱེད་སྡུད། ༧ འབྱུང་ཁུངས། ༨ བོད་སྒྲ་རྣམས་སོ།
༢༨ ཕྲད་རང་དབང་ཅན་དྲུག་ནི།
༡
ནི་སྒྲ། ༢ དང་སྒྲ། ༣ དེ་སྒྲ། ༤ གང་སྒྲ། ༥ བདག་སྒྲ། ༦ དགག་སྒྲ་རྣམས་ཡིན།
༢༩ ཕྲད་དང་རྐྱེན་གྱི་ཁྱད་པར་ནི།
ལན་ སྤྱིར་དེ་གཉིས་ཀ་ཕྲད་ཡིན་ཡང་
དམིགས་བསལ་གྱིས་ཚིག་ཕྲད་གཞན་རྣམས་ཀྱི་སྐབས་སུ་སྦྱོར་བ་རྣམས་ལ་ནི་ཕྲད་དང་།
རྣམ་དབྱེའི་སྐབས་སུ་སྦྱོར་བ་རྣམས་ལ་ནི་རྐྱེན་ཞེས་བརྗོད་པའི་ཁྱད་པར་ཡོད།
༣༠ ཚིག་ཕྲད་ཅེས་པའི་ངེས་ཚིག་ནི།
ལན་ ཚིག་ཕྲད་ཅེས་པ་ནི་ ཚིག་གི་སྦྱོར་བ་རྣམས་ལ་ཚིག་སྔ་ཕྱི་གཉིས་ཀྱི་བར་དུ་མཚམས་སྦྱར་ཏེ་ཕྲད་པའི་དོན་སྟོན་པར་བྱེད་པའི་ཕྲད་འདི་ལ་ཚིག་ཕྲད་ཟེར་བ་ཡིན།
༣༡ རྣམ་དབྱེ་ཞེས་པའི་ངེས་ཚིག་ནི།
ལན་ སྤྱིར་ཚིག་སྔ་ཕྱི་གཉིས་མཚམས་སྦྱོར་བའི་ཕྲད་ཡང་ཡིན་པ་མ་ཟད་
ཁྱད་པར་ཚིག་ཕྲད་ཀྱིས་མིང་ཚིག་གི་དབྱེ་བ་ལེགས་པར་ཕྱེ་ཐུབ་
པའི་ནུས་པ་དང་ལྡན་པ་ཞིག་ལ་རྣམ་དབྱེ་ཞེས་སོ།
༣༢ རྣམ་དབྱེ་བརྒྱད་ནི།
༡) ངོ་བོ་ཙམ་སྟོན་པའི་རྣམ་དབྱེ།
༢) ལས་སུ་བྱ་བའི་རྣམ་དབྱེ།
༣) བྱེད་པ་པོའི་རྣམ་དབྱེ།
༤) དགོས་ཆེད་ཀྱི་རྣམ་དབྱེ།
༥) འབྱུང་ཁུངས་ཀྱི་རྣམ་དབྱེ།
༦) འབྲེལ་སྒྲའི་རྣམ་དབྱེ།
༧) རྟེན་གནས་ཀྱི་རྣམ་དབྱེ།
༨) བོད་སྒྲའི་རྣམ་དབྱེ།
༣༣ རྣམ་དབྱེ་དེ་རྣམས་ཀྱི་ཡན་ལག་ནི།
ལན་ ༡) རྣམ་དབྱེ་གཉིས་པའི་ཡན་ལག་ དེ་ཉིད།
༢) རྣམ་དབྱེ་བདུན་པའི་ཡན་ལག་ ཚེ་སྐབས།
༣) རྣམ་དབྱེ་དང་པོའི་ཡན་ལག་ བོད་སྒྲ།
༣༤ རྣམ་དབྱེ་བཅུ་རུ་གྲངས་ཚུལ་དང་
རྐྱེན་གྱི་སྒོ་ལས་བསྡུ་ཚུལ་བྲིས།
ལན་ རྣམ་དབྱེའི་ངོ་བོ་བདུན་དང་
ཡན་ལག་གསུམ་བསྡོམས་པས་གྲངས་བཅུ་རུ་འདོད་པ་དང་།
ངོ་བོ་བདུན་པོ་འདི་རྐྱེན་གྱི་སྒོ་ལས་བསྡུ་ན་ ལ་དོན། ཨི་ལྡན། འབྱུང་ཁུངས་ཀྱི་རྐྱེན་རྣམས་སུ་བསྡུ་བ་ཡིན།
༣༥ སླར་བསྡུ་ཞེས་པའི་ངེས་ཚིག་གམ་གོ་དོན་བྲིས།
ལན་ སྐབས་བབས་ཀྱི་བརྗོད་བྱའི་དོན་ནམ་ཚིག་དེ་ཉིད་དེ་ཙམ་གྱིས་བསྡུ་བར་སོང་བས་སླར་བསྡུའི་སྒྲ་ཞེས་ཤེས་པར་བྱ་དགོས་ཤིང་།
གཞན་དུ་རྫོགས་ཚིག་ཅེས་པ་དང་ཟླ་སྡུད་ཅེས་གྲགས་པ་རྣམས་ཀྱང་འདི་ཁོ་ན་ལས་མ་འདས་པ་ཤེས་པར་བྱའོ།
༣༦ སླར་བསྡུའི་ཕྲད་རྣམས་
མིང་དང་བྱ་ཚིག་ ཚིག་དང་བརྗོད་པའི་མཐར་སྦྱོར་ཚུལ་ནི།
ལན་ ༡ མིང་གི་མཐར་ དཔེར་ན། འབྲུག་གོ། ཐང་ངོ་། སྨན་ནོ། གསུམ་མོ། མའོ།
ལྟ་བུ་དང་།
༢ བྱ་ཚིག་གི་མཐར་ དཔེར་ན། འཕེལ་ལོ། ཕྱིནད་ཏོ། ཤེས་སོ།
དརད་ཏོ། བསམ་མོ་ལྟ་བུ་དང་།
༣ ཚིག་གི་མཐར་ དཔེར་ན། དགའ་བ་འདུག་གོ།
མཐར་ཕྱིནད་ཏོ། བསམ་པ་འགྲུབ་བོ་ལྟ་བུ་དང་།
༤ བརྗོད་པའི་མཐར་ དཔེར་ན། དམ་པའི་ཆོས་ལ་ལྷག་བསམ་གང་བས་དཀར་རོ།
སྔར་དང་མི་འདྲ་བའི་
ཡར་རྒྱས་གོང་དུ་འཕེལ་ལོ་ལྟ་བུའོ།
༣༧ སླར་བསྡུའི་ཕྲད་དེ་རྣམས་
ཚིགས་བཅད་དང་དབྱེ་བ་འདྲེན་ཚུལ་ཡོད་ཚད་མཐའ་དག་ཅེས་པའི་དོན་ལ་འཇུག་ཚུལ་གྱི་དཔེར་བརྗོད་བྲིས།
ལན་ ༡ ཚིགས་བཅད་ལ་འཇུག་ཚུལ་ནི། དགའ་བ་སྐྱིད་པ་འདུག་གོ།
སྐལ་བ་ཤིན་ཏུ་བཟང་ངོ་།།
བསམ་པའི་རེ་བ་འགྲུབ་བོ།
།རྒྱུ་འབྲས་སྙིང་ནས་བསམ་མོ།། ལྟ་བུ།
༢ དབྱེ་བ་འདྲེན་ཚུལ་ནི། དཀོན་མཆོག་ནི་གསུམ་མོ། སངས་རྒྱས་དང་།
ཆོས་དང་། དགེ་འདུན་ནོ།
མི་དགེ་བ་བཅུ་ལས་
ལུས་ཀྱི་མི་དགེ་བ་ནི་གསུམ་མོ། སྲོག་གཅོད་པ། མ་བྱིན་པ་ལེན་པ།
མི་ཚངས་པ་སྤྱོད་པའམ་ལོག་གཡེམ་མོ། ལྟ་བུའོ།
༣ ཡོད་ཚད་དང་མཐའ་དག་ ཅེས་པའི་དོན་ལ་འཇུག་ཚུལ་ནི།
ཡོད་དོ་ཅོག། ཡིན་ནོ་ཅོག། མཆིས་སོ་ཅོག་ལྟབུའོ།
༣༨ ལ་དོན་ཞེས་པའི་ངེས་ཚིག་ནི།
ལན་ ལ་དོན་གྱི་ཕྲད་སུ་སོགས་དྲུག་པོ་ལ་སྒྲའི་འཇུག་པ་དང་ཕལ་ཆེར་མཐུན་པ་དང་།
མཇུག་མཐའི་ཡི་གེའི་དབང་གིས་ལ་དོན་གྱི་སྒྲ་ཞེས་མཐའི་གསལ་བྱེད་ཀྱི་སྒོ་ནས་བཏགས་པའང་ཡིན་ནོ།
༣༩ ལ་དོན་གྱི་ཕྲད་ཀྱི་ངོ་སྤྲོད་དང་སྒྲའི་སྦྱོར་ཚུལ་བྲིས།
ལན་ སུ་ར་རུ་དུ་ན་ལ་ཏུ།
ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ།
།ན་ལ་ཕལ་ཆེར་ཀུན་ལ་མཉམ།། ཞེས་གསུངས་པ་ལྟ་བུའོ།།
༤༠ རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་ངེས་ཚིག་གམ་གོ་དོན་བྲིས།
ལན་ ལས་སུ་བྱ་བ་ཞེས་པ་ནི་
ཚིག་གི་བརྗོད་ཚུལ་གང་ཡང་རུང་བ་ཞིག་བྱ་བ་ལ་འཇུག་པའི་གཞིའམ་ལས་ཤིག་གཙོ་བོར་སྟོན་ཏེ་བརྗོད་པའི་ངག་ཞིག་ལ་ལས་སུ་བྱ་བ་ཞེས་བརྗོད་དོ།
ཡང་ན། བརྗོད་བྱའི་ཚིག་ལ་ཕྲད་གང་རུང་ཞིག་སྦྱར་བ་ན་
བྱེད་པའི་ལས་ཀྱི་དོན་ཅན་དུ་འགྱུར་བས་ལས་སུ་བྱ་བ་ཞེས་བརྗོད་དོ།
༤༡ རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་དོན་གྱི་འཇུག་ཚུལ་གྱི་དཔེར་བརྗོད་བྲིས།
ལན་ ༡ དཔོན་གྱི་ཞབས་སུ་བཅར། ༢
བྲག་གཡང་སར་འཛེག། ༣ སྐྱིད་པའི་ཡུལ་དུ་སྡོད་དགོས། ༤ བུམ་པར་ཆུ་བླུག། ༥
འཆམ་ལ་ལྟད་མོ་ལྟ། ལྟ་བུའོ།
༤༢ རྣམ་གཉིས་པའི་བྱེ་བྲག་དེ་ཉིད་ཅེས་པའི་གོ་དོན་བྲིས།
ལན་ དེ་ཉིད་ཅེས་པ་ནི་
བྱ་བའི་ཁྱད་པར་མི་འདྲ་བ་རྣམས་ལས་ རང་བཞིན་གྱི་བྱ་བ་ ལས་དང་བྱ་བ་སོ་སོ་མེད་པ་
བྱ་ལས་ངོ་བོ་གཅིག་ཏུ་གྱུར་པ་ཞིག་ལ་བརྗོད་པ་ཡིན། ཡང་ན། ཚིག་དོན་མིང་རྐྱང་ངམ་ཁྱད་ཚིག་གང་རུང་ཞིག་ལ་
ལ་དོན་གྱི་ཕྲད་སྦྱར་བ་ན་ བརྗོད་ཡུལ་མིང་རྐྱང་ངམ་ཁྱད་ཚིག་དེ་ བྱ་བའི་ལས་ཚིག་དང་དབྱེར་མེད་དུ་འགྲོ་བས་
དེ་ལྟ་བུའི་ལས་ཚིག་དེ་ཉིད་ཅེས་བརྗོད་དོ།
ཡང་བྱ་ལས་ངོ་བོ་ཐ་དད་མ་ཡིན་པ་ཞིག་ལ་དེ་ཉིད་ཟེར་རོ།།
༤༣ རྣམ་གཉིས་པའི་བྱེ་བྲག་དེ་ཉིད་ལ་འཇུག་ཚུལ་གྱི་དཔེར་བརྗོད་བྲིས།
ལན་ ༡ ནམ་མཁའི་ཁམས་སུ་ཡལ། ༢
བྱང་ཆུབ་སེམས་དཔར་གྱུར། ༣ མེ་ཏོག་གི་ཆར་དུ་བབས།
༤
བརྟན་པར་གྱུར། ༥ ཁོང་གཉིས་གཉིས་སུ་མེད། ལྟ་བུའོ།
༤༤ རྣམ་དབྱེ་བཞི་པ་དགོས་ཆེད་ཅེས་པའི་ངེས་ཚིག་བྲིས།
ལན་ དགོས་ཆེད་ཅེས་པ་ནི་
ལས་སུ་བྱ་བ་དང་མཚུངས་པ་མ་ཚད་ བྱ་བའི་ཡུལ་ལམ་ལས་གང་ཡང་རུང་ལ་དམིགས་
བསལ་གྱི་སེམས་ཀྱི་ཚོར་བའམ་དགོས་པ་
ཕན་འདོགས་པའི་ཚིག་ཞིག་གཙོ་བོར་སྟོན་ཏེ་བརྗོད་པའི་ངག་ཞིག་ལ་
ཟེར།
༤༥ རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་ནང་གསེས་བྱ་བའི་ཡུལ་ལ་ཕན་འདོགས་པ་དང་ལས་ལ་ཕན་འདོགས་པ་གཉིས་ཀྱི་
དཔེར་བརྗོད་༣རེ་བྲིས།
ལན་ ཀ བྱ་བའི་ཡུལ་ལ་ཕན་འདོགས་པའི་དཔེ་ནི།
༡
སེམས་ཅན་གྱི་དོན་དུ་ཆོས་བསྒྲུབ། ༢
རྒན་རབས་གོང་དུ་བཀུར། ༣ ཡུན་རིང་ནད་པ་ལ་སྙིང་རྗེ་བསྐྱེད།
ཁ ལས་ལ་ཕན་འདོགས་པའི་དཔེ་ནི།
༡
སྐྱིད་སྡུག་བལྟ་བར་བཏང་། ༢ ཕན་སེམས་བསྐྱེད་ལ་འགྲོ། ༣ ཚོང་བརྒྱབ་ཏུ་ཕྱིན།
༤༦ ཚིག་གྲོགས་
(ཕྱིར་ སླད་ དོན་ ཆེད་) རྣམས་ཀྱིས་འཇུག་པའི་དགོས་ཆེད་ཀྱི་དཔེ་རེ་བྲིས།
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ།
།བསྟན་པ་སྤེལ་སླད་ཆོས་གྲྭ་བཙུགས།།རང་དབང་ཐོབ་ཆེད་སྲོག་བློས་གཏོང་།
།ནད་མུག་ཞི་དོན་གསུང་རབ་ཀློག།ཕྲད་མ་སྦྱར་བར་འཇུག་པའི་དགོས་ཆེད་ཡིན།
༤༧ ཚིག་གྲོགས་གཞན་དང་གཞན་ལ་སྦྱར་བའི་དགོས་ཆེད་ཀྱི་དཔེ་ནི།
ལན་ ཆོས་ཀྱི་ཕྱིར་དུ་དཀའ་བ་སྤྱད།
ཕུགས་ཀྱི་སླད་དུ་ནོར་བསྒྲུབ།
ཟས་གོས་ཆེད་དུ་ཚོང་ལས་བྱ། འགྲོ་བའི་དོན་དུ་སྨོན་ལམ་བཏབ།
ཡང་། སྲོག་གི་ཕྱིར་ཡང་མི་གཏོང་ཞིང་།
དོན་ཆུང་སླད་ཀྱང་ནན་ཏན་བྱེད།
ཚེ་འདིའི་དོན་ལ་ཁོ་ན་བསམས།
དགོས་དོན་ཆུང་ངུའི་ཆེད་ཀྱང་འགྲོ།
༤༨ རྣམ་དབྱེ་བདུན་པ་རྟེན་གནས་སམ་གཞི་ལ་འཇུག་པའི་ངེས་ཚིག་བྲིས།
ལན་ རྟེན་གནས་ཞེས་པ་ནི་
རྟེན་ནམ་གནས་གཞི་གང་ལ་ བརྟེན་པའམ་ཆོས་གང་ཞིག་གནས་ཡོད་པ་གཙོ་བོར་སྟོན་པའི་ལ་དོན་གྱི་ཕྲད་ཅན་ལ་གནས་གཞི་ཟེར།
ཡང་ན།
གནས་གཞི་གང་ལ་གནས་ཆོས་གང་ཞིག་གནས་ཡོད་པའི་དོན་གཙོ་བོར་སྟོན་པའི་གནས་གཞིའི་ཞེས་བརྗོད་དོ།
༤༩ རྣམ་དབྱེ་བདུན་པ་རྟེན་གནས་ཀྱི་དཔེར་བརྗོད་༥བྲིས།
༡ ལྷོ་ཕྱོགས་སུ་འཕགས་པའི་ཡུལ།
༢ བྲག་ཏུ་སྒོམ་ཆེན། ༣ འབྲུག་ཏུ་ཞི་བདེ་ཕུན་སུམ་ཚོགས། ༤ ནམ་མཁའ་རུ་ཉི་ཟླ་གསལ། ༥
སྐྱེད་ཚལ་དུ་མེ་ཏོག་བཀྲ།
༥༠ རྣམ་དབྱེ་བདུན་པའི་ཡན་ལག་ཚེ་སྐབས་ཀྱི་དཔེར་བརྗོད་དང་ངེས་ཚིག་བཅས་བྲིས།
ལན་
༡ ད་ལྟ་འཕྲལ་དུ་བྱོས། ༢ རྟག་ཏུ་ཆོས་ལ་བརྩོན། ༣ དཔྱིད་དུས་ན་ཁུ་བྱུག་སྐད་སྙན། ༤
རྒྱུན་དུ་དཀོན་མཆོག་ལ་བསྟེན། ༥ ཚེས་གཉིས་སུ་རྟ་ཤི་སྒ་ཆག།
ངེས་ཚིག་ནི་
ཚེ་སྐབས་ཞེས་པ་ནི་
ལོ་ཟླ་ཞག་དུས་བསྐལ་པ་ལ་སོགས་པའི་དུས་ཚོད་ཞིག་ལ་གཙོ་བོར་སྟོན་ཏེ་བརྗོད་པའི་ཚིག་ཞིག་ལ་ཟེར།
༥༡ རང་དབང་ཅན་ན་ལ་གཉིས་ཀྱི་འཇུག་ཚུལ་ཁ་གསལ་བྲིས།
ལན དང་པ་ན་སྒྲའི་འཇུག་ཚུལ་ནི།
༡ ན་སྒྲ་དམིགས་ཀྱིས་དབྱེ་བ་ཞེས། དམིགས་སུ་བཀར་བའི་དོན་ལ་འཇུག་ཚུལ་ནི།
དཔེར་ན། ༡
བསམ་བློ་བཏང་ན། ༢ བཅུད་གཅིག་ཁར་བསྡུ་ན། ༣ རྒྱུ་འབྲས་ལ་ཡིད་ཆེས་ན།
༤
དོན་བཤད་ན།
༢) ན་སྒྲ་རྒྱུ་མཚན་གྱི་དོན་ལ་འཇུག་ཚུལ་ནི།
དཔེར་ན། ༡
ཆོས་ཕྱོགས་སུ་དཀའ་བ་སྤྱད་ན་གྲུབ་ཐོབ། ༢ བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།
༣ བྱ་ཡོད་ན་སྒོ་ང་འབྱང་།
༣) ན་སྒྲ་རྒྱུ་མཚན་དོན་གྱིས་བསྟན་པ་ཞེས།
ཤུགས་ཀྱིས་བསྟན་པའི་དོན་ལ་འཇུག་ཚུལ་ནི།
དཔེར་ན། ༡
དད་པ་མེད་ན་ཆོས་ལ་ཇི་ལྟར་བརྩོན། ༢ ཆོས་ལ་མ་བརྩོན་ན་ཐར་པ་ཇི་ལྟར་ཐོབ། ༣ འདིར་ཆུ་ཡང་མེད་ན་ཉ་ཇི་ལྟར་གྱུར།
༤) ན་སྒྲ་སྔ་མ་དེ་ལས་ཚིག་ཕྱི་མ་འགལ་བའམ་མ་ཡིན་པའི་དོན་ལ་འཇུག་ཚུལ་ནི།
དཔེར་ན། ༡
ཁོ་སྔར་སྤྲང་པོ་ཞིག་ན་ད་ནི་ཕྱུག་པོའོ། ༢ སྔར་གང་ཡང་མ་ཤེས་ན་ད་ནི་མཁས་པའོ། ༣
རྫས་འདི་སྔར་དཀོན་པ་ཞིག་ན་དེང་སང་མང་པོར་རྙེད་དོ།
༥) ན་སྒྲ་ཚིག་སྔ་མ་འོས་པར་དཀའ་བ་སྟེ་མི་འོས་པའི་ཆག་གམ་ཚོད་འཛིན་པའི་སྒོ་ནས་སྦྱར་ནས་ཚིག་དོན་ཕྱི་མ་ངེས་པར་བྱེད་པའི་དོན་དུ་སྦྱར་བ་ནི།
(ཆག་འཛིན་ཟེར་ ཧེ་མ་འོས་དཀའཝ་མི་སྲིདཔ་བཟུམ་ཅིག་བཀོད་ཞིན་ན་ ཤུལ་མ་སྲིདཔ་(འོསཔ)
སྟོན་པ་ལུ་འཇུག་ཚུལ།)
དཔེར་ན། ༡
ནང་པའི་ཆོས་ཀྱང་བྱེད་མི་ཆོག་ན་ཕྱི་པའི་ཆོས་ག་ལ་ཆོག། ༢ གཉེན་གྱིས་ཀྱང་དགྲར་བརྩི་ན་
དགྲ་ཡིས་བཤད་ཅི་དགོས། ༣ རྟ་ཡིས་ཀྱང་མྱུར་དུ་སླེབས་ན་
སྣུམ་འཁོར་རྣམས་ཀྱིས་ལྟ་ཅི་སྨོས།
༦) ན་སྒྲ་འོས་པ་ནན་གྱིས་བཟུང་ནས་ཕྱི་ཚིག་ངེས་པར་བྱེད་པའི་དོན་ལ་སྦྱར་བ་ནི།
(ལྟག་གི་དེ་མགུ་མཇུག་ལྡོག་སྟེ་སླབ་ཚུལ།)
དཔེར་ན། ༡
དགྲ་ཡིས་ཀྱིས་ཀྱང་གཉེན་དུ་བརྩི་ན་ གཉེན་གྱིས་ལོས་ཀྱང་ ༣ མཁས་པས་བླང་དོར་དཔྱོད་ན་
བླུན་པོའང་དེ་ལྟར་མཐོང་ངོ་། ༣ ཉི་མས་སྲེག་པར་བྱེད་ན་ ཟླ་བའང་དེ་ལྟར་མཐོང་ངོ་།
༧) ན་སྒྲ་སྨོན་པའི་དོན་དུ་སྦྱར་བ་ནི།
དཔེར་ན།
༡ འབྲུག་རྒྱལ་ཁབ་འདི་ཞི་བདེར་རྟག་ཏུ་གནས་ན་ཅི་མ་རུང་། ༢ དམ་པའི་ཆོས་རྣམ་པར་དག་པ་ཞིག་བྱེད་ཐུབ་ན་སྙམ།
༣ སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་དགའ་བ་ལ་ཨང་།
༨) ན་ཐེམ་ཚོམ་གྱི་དོན་དུ་སྦྱར་བ་ནི།
དཔེར་ན། ༡
བདག་གིས་ཚོང་ལས་ཤིག་བྱེད་ན་ཁེ་སང་འབྱུང་ངམ་མི་འབྱུང་། ༢
ཕྱག་འཚལ་ན་ལུས་ཀྱི་སྒྲིབ་པ་དག་གམ་མི་དག། ༣ བྱ་བ་ཞིག་བརྩམས་ཡོད་ན་ནུས་པ་འཐོན་མི་འཐོན།
གཉིས་པ་ལ་སྒྲའི་འཇུག་ཚུལ་ནི།
༡)
ལ་སྒྲ་ལྷག་མ་འདྲེན་པ་ལྷག་བཅས་ཀྱི་དོན་དུ་སྦྱརབ་ནི།
དཔེར་ན། ༡
ཕྱག་འཚལ་ལ་ཁ་ཐུན་འདོན། ༢ བླ་མ་མཇལ་ལ་དབང་ལུང་ཞུ། ༣ ཐལ་མོ་སྦྱར་ལ་གསོལ་བ་བཏབ།
༥༢ རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཞེས་པའི་ངེས་ཚིག་གམ་མཚན་ཉིད་ནི།
ལན་ འབྲེལ་སྒྲ་ཞེས་པ་ནི་
བྱ་བྱེད་མེད་པར་མིང་དོན་ཕན་ཚུན་བར་
འབྲེལ་གཞི་འབྲེལ་ཆོས་ཀྱི་ཚུལ་དུ་འབྲེལ་བ་ལ་འབྲེལ་བའི་སྒྲ་ཞེས་བརྗོད་དོ།
༥༣ རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་འཇུག་ཡུལ་གྱི་དབྱེ་བ་རེ་བཞིན་གྱི་དཔེར་བརྗོད་ནི།
ལན་ ༡
ངོ་བོ་བདག་གཅིག་ནི།
དཔེར་ན། སྨན་ལྗོངས་འབྲུག་གི་རྒྱལ་ཁབ། མཐོ་བ་ནམ་མཁའི་
དབྱིངས་སུ།
རིན་ཆེན་ཟངས་ཀྱི་མཆོད་ཀོང་།
༢ ཁྱད་གཞི་ཁྱད་ཆོས་ནི། དཔེར་ན།
བུད་མེད་ཀྱི་རྣམ་འགྱུར། པདྨའི་མེ་ཏོག་གི་མདངས། སེང་གེ་དཀར་མོའི་སྟོབས།
༣ རྟེན་དང་བརྟེན་པ་ནི། དཔེར་ན། སྨན་ལྗོངས་འབྲུག་གི་རྒྱལ་པོ།
རྡོ་རྗེ་གདན་གྱི་མཆོད་རྟེན། སྤུ་ན་རྫོང་གི་གསེར་ཏོག།
༤ ཡན་ལག་དང་ཡན་ལག་ཅན་ནི། དཔེར་ན།
སེང་གེ་དཀར་མོའི་གཡུ་རལ། གཞུའི་རྩེ། མདའི་སྒྲོ།
༥ ནོར་དང་བདག་པོའི་འབྲེལ་པ་ནི། དཔེར་ན།
འཇམ་དབྱངས་ཕྱག་གི་རལ་གྲི། རྣམ་ཐོས་སྲས་ཀྱི་བང་མཛོད། མཚན་ལྡན་བླ་མའི་དབུ་ཞྭ།
༦ དེ་ལས་དེ་འབྱུང་གི་འབྲེལ་པ་ནི། དཔེར་ན། ནམ་མཁའི་སྤྲིན་ཕུང་གི་ཆར།
ལྷ་ཤིང་ཙན་དན་གྱི་དྲི་བསུང་། རྒྱུའི་འབྲས་བུ། མ་ཡི་བུ།
༥༤ གོང་གི་རྣམ་དབྱེ་དྲུག་པའི་འབྲེལ་སྒྲ་རྣམས་གང་གི་ཁོངས་སུ་བསྡུ་བ་ནི།
ལན་ ངོ་བོ་བདག་གཅིག་གི་འབྲེལ་པ་དང་།
དེ་ལས་དེ་འབྱུང་གི་འབྲེལ་པ་གཉིས་ཀྱི་ཁོངས་སུ་བསྡུ་བ་ཡིན།
༥༥ འབྲེལ་སྒྲའི་ཕྲད་རྣམས་ཚིག་སྔ་ཕྱི་མི་མཐུན་པ་ལ་འཇུག་པའི་དཔེར་བརྗོད་ནི།
ལན་ ཡོན་ཏན་སློབ་པ་ལས་ཁག་གི་བརྗེད་པ་ལས་སླའོ།
དྲང་པོ་ལ་བློ་གཏད་ཀྱི་གཡོ་སྒྱུ་ཅན་ལ་མི་གཏད་དོ། གཞན་སྐྱོན་མཐོང་བ་སླའི་རང་སྐྱོན་དེ་ལྟར་མིན་ནོ།
༥༦ རྣམ་དབྱེ་གསུམ་པ་བྱེད་པ་པོའི་ངེས་ཚིག་ནི།
ལན་ གཞི་གང་རུང་ཞིག་ལ་བྱ་བ་གང་ཞིག་བྱེད་པ་དང་།
བྱ་བ་དེ་ཅིའི་ཆེད་དུབྱེད་པ་ལ་གཙོ་བོར་མི་སྟོན་པར། བྱ་བ་དེ་བྱེད་པ་པོ་ གཙོ་ཕལ་གང་རུང་གཙོ་བོར་སྟོན་པའི་བྱེད་སྒྲའི་ཕྲད་ཅན་རྣམས་ལ་བརྗོད་པ་ཡིན།
༥༧ བྱེད་སྒྲ་གཙོ་ཕལ་གྱི་རྣམ་གཞག་མདོར་བསྡུས་ནི།
ལན་ དཔེར་ན།
ཟོར་བས་རྩྭ་རྔ་ལྟ་བུ་ཕལ་པ་རྩྭ་རྔ་མཁན་དང་། གཙོ་བོ་ཟོར་བ་ལ་འཇོག་ཚུལ་ཡང་ཡོད་ཀྱང་།
སྐབས་འདིར་གཙོ་བོ་རྩྭ་རྔ་མཁན་དང་། ཕལ་པ་ཟོར་བ་ལ་འཇོག་པ་ནི་རིགས་ཤིང་འཐད་པ་ཡིན་ནོ།
༥༨ བྱེད་པ་པོ་གཙོ་བོའི་དཔེར་བརྗོད་ནི།
ལན་ དཔེར་ན། གདོན་གྱིས་གནོད། རྒྱལ་བས་ཆོས་གསུངས། འཁོར་གྱིས་བྱས།
༥༩ བྱེད་པ་པོ་ཕལ་པའི་དཔེར་བརྗོད་ནི།
ལན་ ལག་གིས་བཟུང་།
དར་གྱིས་སྤུར། གྲི་ཡིས་བཅད།
༦༠ བྱེད་པ་པོ་གཙོ་བོ་གཅིག་ལ་ཕལ་པ་གཉིས་རེ་འཇུག་པའི་དཔེར་བརྗོད་ནི།
ལན་ དཔེར་ན།
ལྷ་བྲིས་པས་ཚོན་གྱིས་བྲིས་པའི་ཐང་ཀས་གོང་ཐོབ།
མགར་བས་ཟངས་ཀྱིས་བརྡུངས་པའི་བུམ་པས་ཆུ་
སྐྱོར།
༦༡ བྱེད་སྒྲ་རྒྱུ་མཚན་ལ་འཇུག་པའི་དཔེར་བརྗོད་ནི།
ལན་ མཁས་པར་འགྱུར་གྱིས་ཤེས་བྱ་ལ་བརྕོན།
ལས་སྒྲིབ་དག་གིས་ཕྱག་མཆོད་ལ་བརྩོན། བྱེད་དུ་རུང་གིས་གྱིས་ཤིག།
༦༢ བྱེད་སྒྲ་(པས་)
(བས་) གཉིས་ཀྱིས་རྒྱུ་མཚན་ལ་འཇུག་པའི་དཔེར་བརྗོད་ནི།
ལན་ དགེ་བ་ཡིན་པས་བླང་།
སྨན་ཡིན་པས་ནད་ལ་ཕན། ཆུ་སྐྱར་མཐོང་བས་ཆུ་རུ་ཤེས། ལུས་བདེ་བས་ཡིད་དགའ།
༦༣ རྒྱན་སྡུད་ཅེས་པའི་ངེས་ཚིག་ནི།
ལན་ རྒྱན་སྡུད་ཀྱི་ཕྲད་རྣམས་མིང་ཚིག་གང་གི་མཐར་སྦྱར་ཡང་རུང་
ཚིག་སྔ་གཉིས་མཐུན་མི་མཐུན་པའི་རྒྱན་གཉིས་དང་།
ཚིག་གཞི་གཅིག་ལས་གཅིག་ཏུ་སྡུད་པ་ལ་མིང་གཉིས་མཉམ་འབྲེལ་ནས་རྒྱན་སྡུད་ཅེས་བརྗོད་དོ།
༦༤ མཐུན་པའི་རྒྱན་དང་མི་མཐུན་པའི་རྒྱན་གྱི་དཔེར་བརྗོད་ནི།
༡ མཐུན་པའི་རྒྱན་ནི་།
དཔེར་ན། བུ་མོ་དེ་མཛེས་ཀྱང་མཛེས། བླ་མའི་གསུང་སྙན་ཡང་སྙན།
༢ མི་མཐུན་པའི་རྒྱན་ནི།
དཔེར་ན། སེམས་དགའ་ཡང་ལུས་མི་སྐྱིད། ཕྱོགས་རིས་མེད་ཀྱང་བདུད་དཔུང་འཇོམས།
༦༥ སྡུད་པའི་དོན་ལ་འཇུག་པའི་དཔེར་བརྗོད་ནི།
ལན་ དེ་སློབ་དཔོན་ཡང་ཡིན་ལ་ཆོས་གྲོགས་ཀྱང་ཡིན།
དེ་ནི་མཁས་པ་ཡང་ཡིན་ལ་གྲུབ་པའང་ཡིན།
༦༦ ཡང་སྒྲ་བརྣན་པའམ་བསྐྱར་བ་ལ་འཇུག་ཚུལ་ནི།
ལན་ ཡང་ནས་ཡང་དུ་བལྟ་འདོད་པའི།
།ཁྱོད་ཞལ་ཡིད་ལ་ཡང་ཡང་འཁོར།།
ཡང་ཡང་བལྟས་ཀྱང་མི་ངོམས་པས།
།ཡང་དང་ཡང་དུ་སེམས་པ་ཅི།།
༦༧ ལྷག་བཅས་ཞེས་པའི་ངེས་ཚིག་ནི།
ལན་ ལྷག་བཅས་ཞེས་པ་ནི་མིང་ཚིག་གང་གི་མཐར་སྦྱར་ཡང་
སྐབས་ཀྱི་བརྗོད་དོན་མ་རྫོགས་པར་ད་དུང་ལྷག་མ་དང་བཅས་པར་སྟོན་པའི་སྒྲ་ལ་ལྷག་བཅས་ཞེས་བརྗོད་དོ།
༦༨ ལྷག་བཅས་ཚིག་སྔ་མ་བྱེད་པ་དང་ཕྱི་མ་བྱ་བར་སྦྱོར་བའི་འདྲེན་བྱེད་དང་དྲང་བྱ་དུས་རིམ་པར་འཇུག་ཚུལ་གྱི་དཔེར་བརྗོད་ནི།
ལན་ དཔེར་ན། དཀའ་བ་སྤྱད་དེ་གྲུབ་པ་ཐོབ།
མིག་གིས་བལྟས་ཏེ་མཐོང། བཀའ་བསྩལ་ཏེ་ཐོས།
༦༩ ལྷག་བཅས་ཚིག་སྔ་ཕྱི་གཉིས་ཀ་བྱ་བར་སྦྱོར་ཞིང་དུས་རིམ་གྱིས་འཇུག་ཚུལ་གྱི་དཔེར་བརྗོད་ནི།
ལན་ དཔེར་ན།
སར་བསྡད་དེ་ཆོས་ཀློགས། ལྷ་བསྒོམས་ཏེ་ཉལ། ཡི་གེ་བྲིས་ཏེ་གཏང་།
༧༠ ལྷག་བཅས་དེ་ཉིད་ལ་སྔ་ཕྱི་མེད་པར་དུས་མཉམ་དུ་འཇུག་ཚུལ་གྱི་དཔེར་བརྗོད་ནི།
ལན་ དཔེར་ན།
ལུས་འགུལ་ཏེ་ལམ་འགྲོ། འཕུར་ཏེ་འགྲོ། འཛུམ་དམུལ་ཏེ་མདངས་ཕྱུང་།
༧༡ ལྷག་བཅས་དམ་བཅའ་འདྲེན་པ་ལ་འཇུག་པའི་ནང་གསེས་བཞིའི་དཔེར་བརྗོད་ནི།
ལན་ ༡ དབྱེ་བ་འདྲེན་པ་ནི།
དཔེར་ན། ཕུང་པོ་ནི་ལྔ་སྟེ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་
ཤེས་པའི་་ཕུང་པོའོ།
༢ གཏན་ཚིགས་འདྲེན་པ་ནི། དཔེར་ན། ལའི་རྒྱབ་ཏུ་མེ་ཡོད་དེ།
དུ་བ་མཐོང་བའི་ཕྱིར།
༣ ངེས་ཚིག་འདྲེན་པ་ནི། དཔེར་ན།
ཆུ་བྱ་ཆགས་ཏེ་ཆུ་ཡོད་པར་ཤེས།
༤ རྒྱས་བཤད་འདྲེན་པ་ནི། དཀོན་མཆོག་སྟེ་
འཇིག་རྟེན་ནང་དཀོན་པའི་ནང་ནས་མཆོག་ཏུ་གྱུར་པ་སངས་རྒྱས་ཆོས་དང་དགེ་འདུན་གསུམ་པོ་ཐར་འདོད་རྣམས་ཀྱི་འཕྲལ་ཡུན་གྱི་སྐྱབས་བླ་ན་མེད་པའོ།
༧༢ ལྷག་བཅས་གཞན་འདྲེན་པའི་དཔེར་བརྗོད་ནི།
ལན་ དཔེར་ན། རྒྱ་ནག་ནི་མི་འབོར་མང་སྟེ་རྒྱ་གར་ཡང་དེ་བཞིན་མང་ངོ་།
བྱང་ཕྱོགས་སུ་བོད་དེ་ལྷོ་ཕྱོགས་སུ་རྒྱ་གར་རོ།
༧༣ ལྷག་བཅས་དོན་གཅིག་མིང་གི་རྣམ་གྲངས་ལ་འཇུག་པའི་དཔེར་བརྗོད་ནི།
ལན་ ཀུན་མཁྱེན་ཏེ་ཐམས་ཅད་མཁྱེན་པ།
འོད་དཔག་མེད་དེ་སྣང་བ་མཐའ་ཡས།
༧༤ འབྱེད་སྡུད་ཅེས་པའི་ངེས་ཚིག་བྲིས།
ལན་ དབྱེ་གཞི་གཅིག་ལས་དུ་མར་འབྱེད་པའི་དོན་དང་།
ཚིག་དོན་དུ་མ་དོན་གཅིག་ཏུ་སྡུད་པའི་སྒྲ་ལ་བརྗོད་པ་ཡིན།
༧༥ འབྱེད་སྡུད་གཉིས་ཀྱི་དཔེར་བརྗོད་རེ་བྲིས།
༡ འབྱེད་པ་ལ་འཇུག་ཚུལ་དཔེ་ནི། ཕུང་པོ་ལྔ་ནི།
གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་ཤེས་ཀྱི་ཕུང་པོའོ།
༢ སྡུད་པ་ལ་འཇུག་ཚུལ་དཔེ་ནི། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ།
རྣམ་ཤེས་ནི་ཕུང་པོ་ལྔའོ།
༧༦ འབྱེད་སྡུད་ཀྱི་ཕྲད་རྣམས་དྲི་བ་དང་ཐེ་ཚོམ་ལ་འཇུག་པའི་དཔེར་བརྗོད་༣རེ་བྲིས།
ལན་ ༡ དྲི་བ་ལ།དཔེར་ན།
དངུལ་ཡོད་དམ་? བཀྲིས་ཡིན་ནམ་? བྱ་ཐུབ་བམ་?
༢ ཐེ་ཚོམ་ལ། དཔེར་ན། ཚོང་ཞིག་བརྒྱབ་ན་ཁེ་ཞིག་འཐོབ་བམ།
ཆོས་ཤིག་བསྒྲུབ་ན་ཚང་རྒྱའམ་མི་རྒྱ།
༧༧ འབྱུང་ཁུངས་ཞེས་པའི་ངེས་ཚིག་བྲིས།
ལན་ འབྱུང་ཁུངས་ཞེས་པ་ནི་
གང་ཟག་དང་དངོས་པོ་གང་ཡང་རུང་བ་རྣམས་ཀྱི་འབྱུང་སའི་གཞིའམ་འབྱུང་བའི་
ཁུངས།
དངོས་དང་ཡན་ལག་གམ་ཆ་འདྲ་བ་གང་རུང་གི་སྒོ་ནས་སྟོན་པའི་རྣམ་དབྱེ་དང་།
དེའི་ཁོངས་སུ་བསྡུ་བའི་
ཕྲད།
དགར་བ་དང་སྡུད་པར་འཇུག་པ་རྣམས་ལ་བརྗོད་པ་ཡིན།
༧༨ འབྱུང་ཁུངས་དངོས་དང་ཆ་འདྲ་བའི་དཔེར་བརྗོད་བྲིས།
ལན་ ༡ འབྱུང་ཁུངས་དངོས་ནི།
དཔེར་ན། ས་འོག་ནས་གསེར། ཙན་དན་ནས་དྲི། ཕ་ལས་བུ།
༢ ཆ་འདྲ་བ་ནི། དཔེར་ན།
ནམ་མཁའ་ནས་ཆར་པ། ཤིང་རྩེ་ནས་བྱིའུ་ཆུང་། ཁྱིམ་ལས་མི་འབྱུང་།
༧༩ ལས་དང་ནས་སྒྲ་རྒྱུ་མཚན་ལ་འཇུག་པའི་དཔེར་བརྗོད་བྲིས།
ལན་ འབྲུག་ལྡིར་བ་ལས་ཆར་འབབ་པར་གོ། དུ་བ་འཐུལ་བ་ལས་མེད་ཡོད་པར་ཤེས།
མ་ཟོས་ཀྱང་ཁ་དོག་ནས་བྲོ་བ་ཤེས།
ཆུ་བྱ་ལྡིང་བ་ནས་ཆུ་ཡོད་པར་རྟོགས།
༨༠ ལས་དང་ནས་ཀྱི་སྒྲ་དགར་བ་ལ་འཇུག་པའི་དཔེར་བརྗོད་བྲིས།
ལན་ ༡ མཆོག་ཏུ་དགར་བ་ལ་འཇུག་ཚུལ་ནི། དཔེར་ན།
ཟངས་ལས་དངུལ་ལེགས། རྟའི་ནང་ནས་
ཅང་ཤེས་མཆོག།
༢ དམན་པར་དགར་བ་ལ་འཇུག་ཚུལ་ནི། དཔེར་ན།
རྟ་ལས་བོང་ཀུ་དམན། རིགས་ཀྱི་ནང་ནས་
གདོལ་རིགས་ཞན།
༣ ཐ་དད་པ་ཙམ་དུ་དགར་བ་ནི།
དཔེར་ན། དམངས་རིགས་ལས་བྲམ་ཟེའི་རིགས་ཐ་དད་དོ། ལི་ཝང་ལས་ལྗང་ཁུ་ཐ་དད་དོ།
༨༡ ནས་སྒྲ་སྡུད་པའི་སྒྲ་ལ་འཇུག་ཚུལ་གྱི་དཔེར་བརྗོད་བྲིས་ནི།
ལན་ ༡ ཡུལ་གྱི་མཚམས་འཛིན་ཅིང་སྡུད་པ་ནི།
དཔེར་ན། བུམ་ཐང་ནས་བཀྲིསྒང་གི་ཚུན།
་ ༢ དུས་ཀྱི་མཚམས་འཛིན་ཅིང་སྡུད་པ་ནི།
དཔེར་ན། སྐྱེས་ནས་མ་འཆིའི་བར།
་ ༣ དངོས་པོའི་མཚམས་འཛིན་ཅིང་སྡུད་པ་ནི།
དཔེར་ན། གྲངས་གཅིག་ནས་བརྒྱའི་བར།
༨༢ ནས་སྒྲ་མཚམས་སྦྱོར་བའི་ལྷག་བཅས་འཇུག་ཚུལ་གྱི་དཔེར་བརྗོད་གསུམ་བྲིས།
ལན་ ཕྱག་འཚལ་ནས་བཤད། མིག་གིས་བལྟས་ནས་འགྲོ། ཤིང་བཅད་ནས་བརྕེགས།
༨༣ ནི་སྒྲའི་འཇུག་ཡུལ་རྣམས་ཀྱི་དཔེར་བརྗོད་ཁ་གསལ་བྲིས།
༡ གཞི་ལས་མཆོག་ཏུ་དགར་བ་ནི།
དཔེར་ན། ལྷའི་རིགས་ནི་མིའི་རིགས་ལས་མཆོག་གོ། མིའི་རིགས་ལས་ནི་ལྷའི་
རིགས་མཆོག་གོ།
༢ གཞི་ལས་དམན་པར་དགར་བ་ནི།
དཔེར་ན། མའི་རིགས་ནི་ལྷའི་རིགས་ལས་དམན་ནོ། ལྷའི་རིགས་ལས་ནི་
མིའི་རིགས་ཞན་ནོ།
༣ གཞི་ལས་ཐ་དད་པ་ཙམ་དུ་དགར་བ་ནི།
དཔེརན། དཀར་པོ་ནི་སེར་པོ་ལས་གཞན་ནོ། ཚལ་ཤིང་ནི་སླི་ཤིང་ལས་
ཐ་དད་དོ།
༤ དོན་གང་ཡིན་པ་དེ་ཉིད་ལ་ནན་ཏན་ཏུ་བརྣན་པའི་དོན་ལ་འཇུག་པ་ནི།
དཔེར་ན། མི་ལུས་རིན་པོ་ཆེ་ནི་རྙེད། དམ་
པའི་ཆོས་དང་ནི་འཇལ།
མཐུན་རྐྱེན་ནི་འཛོམས། གཟུགས་ནི་མཛེས་ཤིང་དྲི་ནི་ཞིམ།
༨༤ དང་སྒྲའི་འཇུག་ཡུལ་རྣམས་ཀྱི་དཔེར་བརྗོད་ཁ་གསལ་བྲིས།
༡ སྡུད་པ་ལ་འཇུག་པའི་དཔེ་ནི།
དཔེར་ན། གསེར་དང་། དངུལ་དང་། ཟངས་དང་། ལྕགས་རྣམས་ནི་རིན་ཆེན་
བཞིའོ།
༡ འབྱེད་པ་ལ་འཇུག་པའི་དཔེ་ནི།
དཔེར་ན། དབང་པོ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་སོ།
༡ རྒྱུ་མཚན་ལ་འཇུག་པའི་དཔེ་ནི།
དཔེར་ན། ཆོས་ལ་བརྩོན་པ་དང་མཁས་པར་གྱུར།
༡ ཚེ་སྐབས་ལ་འཇུག་པའི་དཔེ་ནི།
དཔེར་ན།༏ ནམ་ལངས་པ་དང་ཉི་མ་ཤར།
༡ གདམས་ངག་ལ་འཇུག་པའི་དཔེ་ནི།
དཔེར་ན། སྡིག་པ་སྤོངས་དང་ཐར་པ་འཐོབ། དགེ་བ་སྒྲུབས་དང་བདེ་བ་རྙེད།
༨༥ དེ་སྒྲ་ཐ་སྙད་གསུམ་ལ་འཇུག་པའི་དཔེར་བརྗོད་རེ་ཁ་གསལ་བྲིས།
ལན་ ༡ རྣམ་གྲངས་གཞན་སྦྱོར་གྱི་ཐ་སྙད་ནི།དཔེར་ན།དེ་རྒྱལ་པོ་ཆེན་པོའོ།
རྒྱལ་པོ་དེ་ཆེན་པོའོ། གང་ཡིན་
པ་དེ། དེ་ལྟར་ཡིན། དེ་དེའི་ཡིན།
༢ ལྷག་མ་འདྲེན་པའི་ཐ་སྙད་ནི
དཔེར་ན། མེ་་ཏོག་བཅགས་ཏེ་ཅི་ཞིག་བྱེད། ཁ་ཏོན་བགྱིས་ཏེ་ཅི་བྱེད།
༣ དུས་འདས་པར་འཇུག་པའི་ཐ་སྙད་ནི།
དཔེར་ན། ལྟོ་གཡོ་སྟེ་ཟོས། སྣུམ་འཁོར་བཏང་སྟེ་འགྲོ།
༨༦ དེ་སྒྲ་དངོས་པོའི་དབང་དུ་བཞི་ལ་འཇུག་པའི་དཔེར་བརྗོད་རེ་བྲིས།
ལན་ ༡ བདེན་པའི་དངོས་པོར་འཇུག་ཚུལ།
དེ་དེ་བཞིན་དུ་བདེན། དེ་ངེས་བདེན་ཡིན། དེ་རང་ཡིན།
༢ གསང་བའི་དངོས་པོར་འཇུག་ཚུལ།དེ་ཁོ་ཡིས་ཤེས་འདུག།
ཁྱོད་ཀྱིས་ང་ལ་ལབ་པ་དེ།
༣ བདག་གི་བའི་དངོས་པོ་ལ་འཇུག་ཚུལ།བདག་གི་གློག་རིག་དེ།
དེ་ངའི་ཁང་པའོ།
༤ ཕ་རོལ་པོའི་དངོས་པོ་ལ་འཇུག་ཚུལ།ཁྱོད་ཀྱི་སྙིང་གྲོགས་དེ།
དེ་ཁོའི་ཁང་པའོ།
༨༧ དེ་སྒྲ་དུས་འདས་པ་དང་མ་འོངས་པ་ལ་འཇུག་པའི་དཔེར་བརྗོད་རེ་བྲིས
ལན་ ༡ དུས་འདས་ལ་འཇུག་ཚུལ།
སྔོན་གྱི་ལོ་དེ་ལ། སྐད་ཅིག་སྔ་མ་དེའི་སྐབས། འདས་པའི་དུས་དེ་ནང་།
༢ དུས་མ་འོངས་པ་ལ་འཇུག་ཚུལ།
རྗེས་མའི་ཟླ་བ་དེ་ནང་། འབྱུང་འགྱུར་གྱི་དུས་དེ་ལ།
༨༨ གང་སྒྲའི་འཇུག་ཡུལ་རྣམས་ཀྱི་དཔེར་བརྗོད་ཚང་མ་བྲིས།
༡ གང་སྒྲ་ལ་འཇུག་ཚུལ།
གང་ལྟར་ཡང་། གནད་དོན་གང་ཡིན་ཡང་། གང་དང་གང་རང་བྱས།
༢ སྤྱི་སྒྲ་བྱེ་བྲག་ལ་འཇུག་ཚུལ།
གང་དུ་འགྲོ་ན་ཡུལ་དུ། གང་གིས་འགྲོ་ན་བདག་གིས།
༣ སྤྱི་སྒྲ་དྲི་བ་ལ་འཇུག་ཚུལ།
ཁྱོད་གང་ནས་ཕེབས། བླ་མ་གང་ཡིན། མིང་ལ་གང་ཟེར།
༨༩ (སུ་ཅི་ཇི་)
སྤྱི་སྒྲ་ལ་འཇུག་པའི་དཔེར་བརྗོད་རེ་བྲིས།
ལན་ སུ་ལ་དྲིས་ཀྱང་སུས་ཀྱང་མི་ཤེས།
ཅི་ཙམ་ལབ་ཀྱང་ཅི་ཡང་མི་གོ། ཇི་ལྟར་བཤད་ཀྱང་ཇི་ཡིན་མ་ཤེས།
Comments
Post a Comment