སུམ་ཅུ་པའི་དྲི་བ་དྲིས་ལན།
དེ་ཡང་། “ཀ་དག་ཆོས་སྐུའི་བླ་མ་ཐུགས་རྗེ་ཅན།།
ཁ་ཙམ་མིན་པར་སྙིང་ལས་མགོས་བཏུད་དོ།། ག་ཏའི་སྤྲུལ་པར་ཆས་པའི་ལྷ་རྣམས་ཀྱང་།། ང་ཡི་གྲོགས་སུ་འབད་མེད་སྐྱོངས་བར་མཛོད།།
ཅ་ཅོའི་བརྗོད་པ་མང་བས་མི་མཚར་ཡང་།། ཆ་ལུགས་གྲོགས་ལ་ཕན་པའི་གཏམ་གཅིག་གཅིག་བཤད།། ཇ་ཆང་ཕུད་སྐྱེམས་”ཟིན་བྲིས་“འདི་བཞེས་ལ།། ཉ་མོ་འདྲ་བའི་རྣམ་རིག་གསལ་རྒྱུ་ཡོད།།”
ཅེས་པའི་གསོལ་འདེབས་སྔོན་དུ་བཏང་ཏེ།
རིག་པའི་གནས་ལྔ་གང་ཡིན་ནམ?
རིག་པའི་གནས་ལྔ་ནི།
བཟོ་དང་གསོ་བ་སྒྲ་ཚད་མ།། ནང་དོན་རིག་པ་གནས་ཆེན་ལྔ།། ཟེར་གསུང་དོ་བཟུམ་ཨིན།
བརྡ་སྤྲོད་པའི་གཞུང་འདི་གོང་ལུ་བཀོད་པའི་རིག་པའི་གནས་ལྔ་ལས་གང་གི་ཁོངས་སུ་བཏོགས?
བརྡ་སྤྲོད་པའི་གཞུང་འདི་རིག་པའི་གནས་ལྔ་ལས་སྒྲ་རིག་པའི་ཁོངས་སུ་བཏོགཔ་ཨིན།
བརྡ་སྤྲོད་པའི་གཞུང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གང་གིས་བརྩམས?
ཐུ་མི་སམ་བྷོ་ཊའམ་ཐོན་མི་སམ་བྷོ་ཊ་གིས་བརྩམས་གནང་ནུག
ཐུ་མི་སམ་བྷོ་ཊ་ཟེར་ག་ཨིན་ན?
སྤྱི་ལོ་༦༡༧ ལུ་འཁྲུངས་ཡོད་པའི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་བློན་པོ་ཞིག་ཨིན།
ན་གཞོན་གྱི་དུས་སུ་རྒྱལ་པོའི་བཀའ་བཞིན་རྒྱ་གར་དུ་བྱོན་ནས་སྒྲ་རིག་སོགས་སྦྱངས།
བོད་ལུ་ལོག་བྱོན་པའི་ཤུལ་ལས་སཾསྐྲྀཏའི་སྒྲ་གདངས་དང་བོད་སྐད་ཀྱི་སྒྲ་གདངས་ལ་བརྟག་དཔྱད་འབད་དེ་བོད་ཡིག་གསར་བཏོད་དང་བརྡ་སྤྲོད་པའི་གཞུང་བརྩམས།
སངས་རྒྱས་ཀྱི་ཆོས་འགོ་ཐོག་བོད་ལུ་བསྒྱུར་བ་ལ་སོགས་པའི་ཕྱག་རྗེས་ཤིན་ཏུ་ཆེཝ་ལས་འཕྲུལ་བློན་མཛངས་མི་བདུན་གྱི་ནང་གསེས་ཤིག་ཨིན།
དེ་ཡང་ཐུ་མི་ཞེས་པ་ནི་རུས་མིང་དང༌། སམ་བྷོ་ཊ་ནི་བོད་མཁས་པ་ཞེས་རྒྱ་གར་གྱི་མི་ཚུ་གིས་བརྩི་བཀུར་འབད་བའི་མཚན་ཞིག་ཨིན་ནོ།།
དེ་ཡང་ཐུ་མི་དང་ཐོན་མི་ཟེར་བྲིས་ཐངས་གཉིས་ཡོདཔ་པས་ལས། ཐུ་ཟེར་མི་འདི་རུས་མིང་ཨིན། ཐོན་ཟེར་མི་ཡུལ་གྱི་མིང་ཨིནམ་ལས།
ཐོན་མི་དང་ཐུ་མི་སམ་བྷོ་ཊ་གང་ལྟར་འབྲི་རུང་བཏུབ། ༼ཐོན་མི་རྒྱ་གར་དུ་ཕེབས་པའི་ཕྱི་ལོ། 633༽
བསྟན་བཅོས་འདིའི་མཚན་གང་ཡིན་ནམ?
རྒྱ་གར་སྐད་དུ།
བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ། བྱཱ་ཀ་ར་ཎ་་་་ལུང་སྟོན་པ།
མཱུ་ལ་་་་རྩ་བ། ཏྲིཾ་ཤད་་་སུམ་ཅུ་པ། ནཱ་མ་་་ཞེས་བྱ་བ། ཟེར་བའི་དོན་ཡིན།
མིང་བཏགས་ཚུལ་གྱི་དབྱེ་བ་ག་དེ་སྦེ་རང་ཡོདཔ་སྨོ?
ü དངོས་མིང་། འདྲ་འབྲེལ་གང་རུང་གི་རྒྱུ་མཚན་ལ་མ་བརྟེན་པར་འདོད་རྒྱལ་གྱིས་ཐོག་མར་བརྡ་སྦྱར་བའི་མིང་།
དཔེར་ན།
ནོག་དང་ལྐོག་ཤལ་ཅན་ལ་བ་གླང་། རི་དྭགས་ཀྱི་རྒྱལ་པོ་ལ་སེངྒེ། གང་ཟག་ཅིག་ལ་སངས་རྒྱས།
ཤིང་། ཁང་པ་ཟེར་བ་ལྟ་བུའོ།།
ü བཏགས་མིང་། འདྲ་འབྲེལ་གང་རུང་གི་རྒྱུ་མཚན་ལ་བརྟེན་ནས་རྗེས་གྲུབ་ཏུ་བརྡ་སྦྱར་ནས་བཏགས་པའི་མིང༌།
དཔེར་ན། འདྲ་བ་རྒྱུ་མཚན་དུ་བྱས་པ། མི་བླུན་པོ་ལ་བ་གླང་། ཁྱི་ལ་སེངྒེ། ཞེས་བརྗོད་པ་ལྟ་བུའོ།།
ü འདོད་རྒྱལ་གྱི་མིང་། ངེས་ཚིག་གི་འགྲེལ་བཤད་དང་རྒྱུ་མཚན་གང་ཡང་བརྗོད་རྒྱུ་མེད་པར་རང་འདོད་ཁོ་ནས་ཐོག་མར་སྦྱར་བའི་མིང་།
རྟ། ལུག རྩ། ཆུ། དཔེ་ཆ། མེ་ཏོག ཞེས་པ་སོགས་ལྟ་བུའོ།།
ü རྗེས་སྒྲུབ་ཀྱི་མིང་། འདོད་རྒྱལ་གྱི་ཐ་སྙད་གཉིས་ཡན་ཆད་མཉམ་དུ་སྦྱར་བའམ་རྒྱུ་མཚན་བཤད་དུ་ཡོད་པའི་མིང་།
དཔེར་ན། དུང་འཁོར། དེ་བཞིན་བཤེགས་པ་ལ་སངས་རྒྱས། ཞེས་པ་ལྟ་བུའོ།། ༼མཆན། དངོས་མིང་ལ་ནང་གསེས་འདོད་རྒྱལ་དང་རྗེས་སྒྲུབ་ཀྱི་མིང་གཉིས།
བཏགས་མིང་ལའང་ནང་གསེས་འདོད་རྒྱལ་དང་རྗེས་སྒྲུབ་ཀྱི་མིང་གཉིས་ཟེར་བཤད་ནའང་འཐད་དོ།།༽
ü ཞུ་བ་པོ་འཁོར་གྱི་སྒོ་ནས་བཏགས་པ།
ü གནས་ཀྱི་སྒོ་ནས་བཏགས་པ།
ü རྗོད་བྱེད་གཞུང་ཚད་ཀྱི་སྒོ་ནས་བཏགས་པ།
ü བརྗོད་བྱ་དོན་གྱི་སྒོ་ནས་བཏགས་པ།
ü ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་པ།
ü ཚོགས་པའི་མིང་ཡ་གྱལ་ལ་བཏགས་པ། སོགས་ནི་དངོས་བཏགས་གཉིས་ལས་བཏགས་མིང་དང་འདོད་རྗེས་ལས་རྗེས་སྒྲུབ་ཀྱི་མིང་ཡིན་ནོ།།
ü ཆོས་བརྗོད་པའི་མིང་། ཁྱད་ཆོས་སྟོན་པའི་རྗོད་བྱེད་ཀྱི་སྒྲ། དཔེར་ན།
དྲོད། མི་རྟག་པ། ཤུགས། དམ་པོ། ལྷོད་པོ། ལྟ་བུའི་མིང་གི་རིགས་ནི་གང་གི་དྲོད། གང་ཞིག་དམ་པོ་སོགས་རྟོགས་མི་ནུས་པ་ཡིན་ཡང་།
མེའི་དྲོད། སྒྲའི་མིང་རྟག་པ། རླུང་གི་ཤུགས། ཐག་པ་དམ་པོ། མི་ལྷོད་པོ་སོགས་ཁྱད་གཞི་ཞིག་ལ་སྦྱར་ཚེ་དོན་གོ་ནུས་པ་ཞིག་ཡིན་ནོ།།
ü ཆོས་ཅན་བརྗོད་པའི་མིང་། ཁྱད་གཞིར་སྟོན་པའི་རྗོད་བྱེད་ཀྱི་སྒྲ།
དཔེར་ན། གཟུགས། ཤིང་། མི། སེམས་ཅན། ལྟ་བུ་སོགས་ཡིན།
སུམ་ཅུ་པ་ཞེས་པའི་མཚན་དེ་གང་གི་སྒོ་ནས་བཏགས་ཡོད་དམ?
སུམ་ཅུ་པ་ཞེས་པའི་མཚན་ནི་གོང་གི་མིང་འདོགས་ཚུལ་དུ་མ་ཡོད་པའི་ནང་ནས་རྗོད་བྱེད་གཞུང་ཚད་ཀྱི་སྒོ་ནས་བཏགས་པ་ཡིན་ཏེ། ཡི་གེ་ཨཱ་ལི་ཀཱ་ལི་གཉིས།། ནས། གཅིག་ཤོས་དེ་ལས་ལྡོག་པའོ།། ཞེས་པའི་བར་རྗོད་བྱེད་གཞུང་ཚད་ཤློ་ཀ་ཉེར་དགུ་དང་ཚིག་རྐང་གསུམ་ཡོད་པར་ཁུངས་ལྡན་གྱི་གཞུང་རྣམས་སུ་ཡོངས་སུ་གྲགས་པ་ལྟར་རོ།།
གཞུང་འདི་རྒྱ་སྐད་དུ་བརྩམས་པ་མིན་རུང་གཞུང་གི་དབུར་རྒྱ་སྐད་སྨོས་པའི་དགོས་པ་གང་?
རྒྱ་གར་ཆོས་ཁུངས་བཙུན་པ་དང་། ཐོན་མི་ཉིད་ཀྱིས་རྒྱ་སྐད་ལ་གཙིགས་ཆེ་བ། ཡི་གེ་རྣམས་རྒྱ་ཡིག་ལ་དཔེ་བླངས་ནས་མཛད་པ་བཅས་སོ།།
༡ རྒྱ་སྐད་སྨོས་པའི་དགོས་པ་གང་།
༢ རྒྱ་གར་ཟེར་བའི་དོན་གང་ཡིན།
༣ ཐོན་མིའི་བརྡ་སྤྲོད་པའི་གཞུང་རྒྱ་གར་དུ་བརྩམས་སམ་བོད་སྐད་དུ།
“རྩོལ་བ་དོར་ནས་འདུག་པ་ལ།།
འདི་ཕྱི་གཉིས་ཀ་འགྲུབ་མི་འགྱུར།།
འབད་པ་མེད་ན་ཞིང་བཟང་ཡང་།། ལོ་ཏོག་ཐོབ་པར་མི་འགྱུར་རོ།།” ས་པཎ་གྱིས།
འགྱུར་ཕྱག་གི་དགོས་པ?
བསྟན་བཅོས་འདི་འཕགས་ཡུལ་ནས་བསྒྱུར་པའི་བསྟན་བཅོས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཟེར་བའི་དོན་ནོ།།
མཆོད་ཡུལ་མི་འདྲ་བ་དུ་ལ་མཆོད་པར་བརྗོད་ཡོད་དམ།
ལན། སྤྱིར་མཆོག་གསུམ།
བྱ་བྲག་ཏུ་འཇམ་དཔལ་དབྱངས། དགོས་པའི་དབང་གི་རྟག་ཞི་བ། དྲིན་བཟོ་བའི་ཆེད་མཁས་པ་སྤྱི་དང་བྱེ་བྲག་ལ་ཕྱག་འཚལ་བ་བཅས་བཞི་ཡིན་ནོ།།
༡ མཆོད་ཡུལ་མི་འདྲ་བ་བཞི་གསུངས་པའི་རྩ་ཚིག་ངོས་འཛིན་མཛད།
མཆོད་བརྗོད་དང་པོའི་སྐབས་སུ་གང་ལ་དང་དེ་ལ་ཟེར་བའི་ལ་དོན་གང་ཡིན?
གང་ལ་ཞེས་པ་རྣམ་དབྱེ་བདུན་པ་དང་། དེ་ལ་ཞེས་པ་རྣམ་དབྱེ་གཉིས་པར་གསུངས། ཡང་གཉིས་ཀ་རྣམ་དབྱེ་གཉིས་པར་ཡང་གསུངས་སོ།།
མཆོད་བརྗོད་གཉིས་པའི་སྐབས་སུ་གང་གིས་སྒྲ་དབྱངས་ཞེས་པའི་སྒྲ་དབྱངས་གང་ཡིན?
བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་མི་ཟད་པའི་རྒྱན་གྱི་འཁོར་ལོར་གྱུར་པས་སྒྲ་དབྱངས་བརྗོད་པ་མ་ལུས་པ་གསུངས་པས་སྒྲ་དབྱངས་མ་ལུས་པར་གོ་དགོས་སོ།།
མཆོད་བརྗོད་གསུམ་པའི་གང་གིས་མིང་གཞི་སྔོན་གསུངས་པ་ཞེས་པའི་མིང་གཞི་གང་ཡིན?
དབྱངས་དང་གསལ་བྱེད་སུམ་ཅུ་ཐམ་པའོ།།
མིང་གཞི་ལ་ངོས་འཛིན་ཚུལ་མི་འདྲ་བ་དུ་ཡོད་?
མིང་གཞི་ངོས་འཛིན་ཚུལ་མི་འདྲ་བ་གསུམ་ཡོད་དེ། དང་པོ། གང་གིས་མིང་གཞི་སྔོན་གསུངས་པ། ཞེས་པའི་སྐབས་སུ་དབྱངས་གསལ་ཐམས་ཅད་ལའོ།། གཉིས་པ། གང་ལ་མིང་གཞི་ཐམས་ཅད་ལ།། ཞེས་པའི་སྐབས་སུ་དབྱངས་གསལ་གཉིས་ལས་གསལ་བྱེད་ཁོ་ན་ལ་གོ་དགོས། གསུམ་པ། མིང་གཞི་གཉིས་སམ་གསུམ་འབྲེལ་ལམ།། ཞེས་པའི་སྐབས་སུ་མི་འཇུག་པའི་ཡི་གེ་ཉི་ཤུ་ཁོ་ན་ལ་གོ་དགོས་སོ།།
རྟག་ཞི་བ་ཞེས་པ་སུ་ཡིན་ནམ་?
རྟག་ཞི་བ་ཞེས་པ་ལྷ་དབང་ཕྱུག་ཡིན།
དྲི་བ། སྦྱར་བྱ་ཡི་གེའི་རྣམ་གཞག་ཟེར་བ་ཇི་ཙམ་ལ་གོ་དགོས།
དབྱངས་གསལ་གྱི་རྣམ་གཞག་དང་རྗེས་འཇུག་བཅུ་དང་སྔོན་འཇུག་ལྔ་མི་འཇུག་པའི་ཡི་གེ་ཉི་ཤུ་བཤད་པ་ལ་སྦྱར་བྱ་ཡི་གེའི་རྣམ་གཞག་ཟེར་རོ།།
དྲི་བ། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་ཇི་ཙམ་ལ་འཇོག་དགོས།
ལན། རྗེ་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ་དང་ ཕྲད་རང་དབང་ཅན་བཤད་པ་གཉིས་ལ་ སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ཟེར་རོ།།
དྲི་བ། སུམ་ཅུ་པའི་བརྗོད་བྱ་གང་ཡིན།
ལན། སྦྱར་བྱ་ཡི་གེའི་རྣམ་གཞག་དང་ སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པའམ་ ཡང་ན་ ཕྲད་དང་རྣམ་དབྱེ།
དྲི་བ། དབྱངས་གསལ་གྱི་གོ་དོན།
ལན། གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་ སྒྲ་ཙམ་དང་ང་རོ་ཙམ་ཤས་ཆེ་བ་ དབྱངས་དང་ གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་ མཆུ་འབྱེད་བཙུམས་སོགས་ཀྱི་དབང་གིས་ཅུང་ཟད་བརྗོད་བྱ་ གསལ་བར་བྱེད་པའི་ཁྱད་པར་ཅན་དུ་གྱུར་པ་གསལ་བྱེད། ཡང་ན། གསལ་བྱེད་ཀྱི་བརྗོད་དོན་གསལ་བར་བྱེད་ པའི་ང་རོའི་རྣམ་པ་ཅན་ དབྱངས། རང་གྲོགས་དབྱངས་དང་སྦྱར་ན་བརྗོད་དོན་གསལ་བར་བྱེད་པའི་ཆ་ནས་བཞག་པ་ གསལ་བྱེད་དོ།།
དྲི་བ། ཡི་གེ་འབྱུང་བའི་རྒྱུ་བཞི་གང་ཡིན།
ལན། གནས་ བྱེད་པ་ རླུང་ རྣམ་པར་ཤེས་པའོ།། དེ་ལ་གནས་ནི་ ཡི་གེའི་སྐྱེ་གནས་རྣམས་ཡིན་ཅིང་ དཔེར་ན་ དྲིལ་བུའུ་ཁོག་པ་བཞིན་ནོ།། བྱེད་པ་ནི་ ཡི་གེ་འབྱིན་པར་བྱེད་པའི་རྒྱུ་ དཔེ་ན་ པ་ཕ་ལྟ་བུ་ངག་ནས་བརྗོད་ཚེ་ ཡས་མས་ཀྱི་མཆུ་ གཉིས་དང་ལྕེ་ལ་སོགས་པ་བརྡབས་ནས་ བྱུང་བ་ལྟ་བུ་ཡིན་ དཔེར་ན་ དྲིལ་བུའི་ལྕེ་བཞིན། རླུང་ནི་ སྐྱོད་པར་ བྱེད་པའི་རྒྱུ་ རང་གི་དབུགས་ཏེ་ དཔེར་ན་དྲིལ་བུ་སྐྱོད་པར་བྱེད་པའི་ ལག་པ་ལྟ་བུའོ།། རྣམ་པར་ཤེས་པ་ནི་ རང་གི་བློ་ངོར་ཡི་གེ་ཤར་བ་ལྟ་བུ་ དཔེར་ན་ དྲིལ་བུ་སྐྱོད་པ་པོ་གང་ཟག་ལྟ་བུའོ།།
དྲི་བ། མིང་གཞི་གཉིས་སམ་གསུམ་འབྲེལ་ལམ་ སྐབས་སུ་ མིང་གཞི་གཉིས་གསུམ་འབྲེལ་ཚུལ།
ལན། རང་ལུགས་ སི་ཏུས་ ཙཀ་ ཚཕཁ་ ཝཟིཡ་ གངས་ཅན་ལྗོངས་ཀྱི་ལུགས་ལ་ འཇུག་པའང་མིན་ལ་ སྦྱར་རིགས་པའང་མ་ཡིན་ནོ་ ཞེས་གསུངས་ གཞན་དག་ ལོ་ཆེན་ནམ་བཟང་ ཞ་ལུ་ཆོས་ལེགས་ བློ་བཟང་ ཆོས་གྲགས་ སྣར་ཐང་ལོ་ཙཱ་ རྣམས་ཀྱི་ སྐ་ ཀྲ་ སྐྲ་ སྐྱེ་ ལྟ་བུ་ལ་གསུངས་སོ།།
དྲི་བ། རྫོགས་ཚིག་ ཟླ་སྡུད་ དང་སླར་བསྡུ་ དོན་གཅིག་ཡིན་ནམ།
ལན་ དེ་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་ དེ་ཡང་ སྐབས་འདིར་ སླར་བསྡུ་ ངག་སྒྲོན་དུ་ རྫོགས་ཚིག་ སྨྲ་སྒོར་ ཟླ་སྡུད་ཅེས་པའི་ ཐ་སྙད་གསུམ་མཛད་དོ།།
དྲི་བ། སླར་བསྡུའི་ཏོ་ ལྷག་བཅས་ཀྱི་ཏེ་ འབྱེད་སྡུད་ཀྱི་ཏམ་ རྒྱན་སྡུད་ཀྱི་ཡང་ ལ་དོན་གྱི་ཏུ་ ཨིན་ལྡན་གྱི་ཡི་ འདིར་རྩ་བས་དངོས་སུ་མ་བསྟན་པའི་རྒྱུ་མཚན་གང་ཡོད།
ལན། འོག་ནས་རྗེས་འཇུག་བཅུ་ཡི་དོན་ཤེས་ན།
།འབྲི་དང་ཀློག་དང་བཤད་རྣམས་ཀྱི།། མཚམས་སྦྱོར་སྒྲ་ལ་ཐོག་མེད་ཅིང་།། འགྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར།། ཞེས་སོགས་གསུངས་པ་ལྟར་གཞུང་འདིས་གཙོ་བོ་རྗེས་འཇུག་གི་འཇུག་པ་འཆད་པ་ཡིན་པའི་ཕྱིར་ཕྲད་དེ་དག་དངོས་སུ་མ་བསྟན་པ་ཡིན་ནོ།།
དྲི་བ། ད་དྲག་ཅན་གྱི་མཐར་ཏུ་དང་ ཏོ་ལ་སོགས་པ་ཐོབ་པའི་རྒྱུ་མཚན་གང་།
ལན། དེ་ཡང་ རྟགས་འཇུག་ཏུ་ དེ་ཉིད་རང་གི་སྒྲ་མཐུན་པའི།། ཞེས་པའི་སྐབས་སུ་ བརྗོད་བདེ་ཞིང་ སྒྲ་མཐུན་ པ་ཡོད་ན་རྟགས་མཚུངས་ཉིད་སྦྱར་བར་བྱ་ཞིང་ ཞེས་གསུངས་པ་ལྟར་ བརྗོད་བདེ་ཤིང་སྒྲ་མཐུན་པས་རྟགས་ མཚུངས་གཙོ་བོར་གསུངས་པར་འདུག་གོ།
དྲི་བ། སླར་བསྡུའི་སྐབས་ཁ་ཅིག་སུ་དང་ དེའི་འདོད་པ་ཇི་ལྟར་ཡིན་དང་ རང་ལུགས་ཇི་ལྟར་འཇོག་དགོས།
ལན། རྣམ་གླིང་པཎ་ཆེན་གྱི་ སླར་བསྡུ་དང་རྫོགས་ཚིག་དོན་གཅིག་མིན་པར་སོ་སོར་འཆད་པར་མཛད་ཀྱང་རང་ལུགས་སི་ཏུས་ཁོ་བོ་ནི་གཞུང་འདིར་བསྟན་གྱི་སླར་བསྡུ་སྨྲ་སྒོ་ནས་བཤད་པའི་ཟླ་སྡུད་དེང་སང་རྫོགས་ཚིག་ཏུ་ གྲགས་པ་རྣམས་དོན་གཅིག་ཅིང་། ཞེས་གསུངས་སོ།།
དྲི་བ། སླར་བསྡུའི་སྒྲ་རྣམ་དབྱེ་དང་པོ་དང་གཅིག་པར་ གསུང་མཁན་སུ་ཡིན།
ལན། ཨཀྱཱ་ཡོངས་འཛིན་དང་ བྲ་ཏི་དང་ རྣམ་གླིང་པ་ སོགས་སྔོན་གྱི་འགྲེལ་བྱེད་ཕལ་གྱིས་ རྣམ་དབྱེ་དང་པོ་ དང་དོན་གཅིག་ཏུ་གསུངས་པ་ལ་ རང་ལུགས་སི་ཏུས་ རྣམ་དབྱེ་དང་པོའི་གཅིག་ཚིག་གིས་དོན་གྱི་ངོ་བོ་ཙམ་ ལས་གཞན་མི་སྟོན་ལ། འདི་ནི་སྡུད་པའི་སྒྲ་ཡིན་པའི་ཕྱིར་དོན་གྱི་ལྡོག་པ་སྟོན་བྱེད་དུ་འགྱུར་བས་ཀྱང་ཁྱད་པར་ ཆེ་ཞིང་ཁྱོད་ལའོ།། འདི་ཡིས་སོ།། སོགས་དཔེ་བརྗོད་བཀོད་ཡོད།
དྲིས་བ། སླར་བསྡུའི་སྒྲ་རྣམས་མིང་། ཕྲད། རྣམ་དབྱེ། བྱ་ཚིག་སོགས་ལ་འཇུག་ཚུལ་ཇི་ལྟར་ཡིན།
༡ ཆོས་བརྗོད་པའི་མིང་གི་མཐར་འཇུག་པ། མི་དེ་རིང་ངོ།། ༼རིང་པོ་ཞེས་པ་བསྡུ་བ་ཡིན།
༢ ཆོས་ཅན་བརྗོད་པའི་མིང་གི་མཐར་འཇུག་པ། ཤིང་ངོ།། ༼ཤིང་ཡིན་ཞེས་པ་བསྡུ་བ་ཡིན།༽
༣ རྣམ་དབྱེ་གཉིས་པའི་མཐར་འཇུག་པ། གང་དུ་འགྲོ་ན་རྒྱལ་སར་རོ།། ༼འགྲོ་བསྡུ་བ་ཡིན།༽
༤ རྣམ་དབྱེ་གསུམ་པའི་མཐར་འཇུག་པ། གང་གིས་གསུངས་ན་སློབ་དཔོན་གྱིས་སོ།། ༼གསུངས་བསྡུ་བ་ཡིན།༽
༥ རྣམ་དབྱེ་བཞི་པའི་མཐར་འཇུག་པ། གྲི་བརྡར་བ་ནི་ལུག་བཤའ་བའི་ཆེད་དུའོ།། ༼བརྡར་བསྡུ་བ་ཡིན།
༦ རྣམ་ལྔ་པའི་མཐར་འཇུག་པ། འོ་མ་གང་ལས་འབྱུང་ན་བ་ལས་སོ།། ༼འབྱུང་བསྡུ་བ་ཡིན།༽
༧ རྣམ་དབྱེ་དྲུག་པའི་མཐར་འཇུག་པ། དེབ་དེ་སུའི་ཡིན་ཟེར་ན་དོན་གྲུབ་ཀྱིའོ།། ༼ཡིན་བསྡུ་བ་ཡིན།༽
༨ རྣམ་དབྱེ་བདུན་པའི་མཐར་འཇུག་པ། དར་གང་དུ་འཕྱར་ན་ཁང་ཐོག་ཏུའོ།། ༼འཕྱར་བསྡུ་བ་ཡིན།༽
༩ རྒྱན་སྡུད་ཀྱི་མཐར་འཇུག་པ། ཁོང་གིས་མཐོང་བ་མ་ཟད་ངས་ཀྱང་ངོ།། ༼མཐོང་བ་བསྡུ་བ་ཡིན།༽
༡༠ དེ་སྒྲའི་མཐར་འཇུག་པ། ངས་མཐོང་བ་ནི་མི་དེའོ།། ༼ཡིན་བསྡུ་བ་ཡིན།༽
༡༡ འདི་སྒྲའི་མཐར་འཇུག་པ། ངའི་ཁྱིམ་ནི་འདིའོ།། ༼ཡིན་བསྡུ་བ་ཡིན།༽
༡༢ བདག་སྒྲའི་མཐར་འཇུག་པ། ཀྲོང་གསར་པའོ།། ༼ཡིན་དང་རེད་བསྡུ་བ་ཡིན།༽
༡༣ དགག་སྒྲའི་མཐར་འཇུག་པ། ང་ལ་དངུལ་མེད་དོ།། ༼མེད་ཟེར་བའི་དོན་ཡིན།༽
༡༤ ཞིང་སོགས་ཀྱི་མཐར་འཇུག་པ། ཁོང་ཡིན་ཞེས་སོ།། ཡོད་ཅེས་སོ།། ༼ཟེར་རོ་ཞེས་པའི་དོན།༽
ཡང་། ཤེས་སོ་ཟེར་བྲིས་ན་བྱ་ཚིག་གི་མཐར་འཇུག་པ་ལས་ཚིག་ཕྲད་ཀྱི་མཐར་འཇུག་པ་མིན་པར་མཁྱེན་དགོས།
༡༥ བྱ་ཚིག་མཐར་འཇུག་པ། གདབ་བོ།། འདེབས་སོ།། བཏབ་བོ།། ལྟ་བུའོ།། ༼གདབ་བྱ། འདེབས་བཞིན་པ། བཏབ་ཟིན་པའི་དོན་བསྟན་པར་མཁྱེན་དགོས་སོ།།༽
དྲི་བ། གོ་ངོ་སོགས་ཡིན་ན་སླར་བསྡུའི་ཕྲད་ཁོ་ན་ཡིན་དགོས་དང་མི་དགོས།
ལན། མི་དགོས་ཏེ། ཤེས་པའི་གོ། གདོང་གི་ངོ། གྲངས་ཀྱི་དོ། ཕོ་དང་མོའི་མོ། ཁ་སྦྱར་བའི་འོ། ཤི་བའི་རོ་དང་དྲོ་བའི་རོ། ལོ་དང་ན་ཚོད་ཀྱི་ལོ་དང་མ་རངས་པའི་ཚིག་གི་ལོ། ཁའི་སོ། སོ་ན་གནས་པའི་སོ་སོགས་མིང་ལ་འཇུག་པ་ཡང་ཡོད་དོ།།
དྲི་བ། ཕྲད་རང་དབང་ཅན་དང་གཞན་དབང་ཅན་གཉིས་ཀར་སྒྲ་སྦྱོར་ཡོད་དམ།
ལན། ཕྲད་གཞན་དབང་ཅན་ལ་མ་གཏོགས་རང་དབང་ཅན་ལ་དེ་མེད་པ་ཡིན།
༡ ཕྲད་གཞན་དབང་ཅན་ཟེར་བའི་གོ་དོན།
༢ ཕྲད་རང་དབང་ཅན་ཟེར་བའི་གོ་དོན།
དྲི་བ། སྒྲའི་སྦྱོར་ཞེས་པ་ཇི་ལྟ་བུ་ཞིག་ལ་ཟེར་།
ལན། སྒྲའི་སྦྱོར་ཚུལ་ཟེར་བ་དེ་དཔེར་ན། ཨི་ལྡན་ལྟ་བུ་ལ་ཆ་བཞག་ན། སྦྱོར་ཚུལ་ན་མ་ར་ལ་གྱི།།
ད་བ་ས་ཀྱི་ག་ང་གི། འ་དང་མཐའ་མེད་ཡི་དང་འི།། ཟེར་བ་ལྟ་བུ་ཡིན་པས་ཕྲད་གཞན་དབང་ཡིན་ཚད་ལ་སྒྲའི་སྦྱོར་ཚུལ་དང་དོན་གྱི་སྦྱོར་ཚུལ་རྣམ་པ་གཉིས་རེ་ཡོད་དོ།།
དྲི་བ། ལ་དོན་ཕྲད་གཞན་དབང་ཅན་ཡིན་ན་དེ་ལ་སྒྲ་སྦྱོར་ཚུལ་ཡོད་པས་ཁྱབ་བམ།
ལན། དེ་ལ་ ས་སུ་ག་བ་དྲག་མཐར་ཏུ།། ང་ད་ན་མ་ར་ལ་དུ།། འ་དང་མཐའ་མེད་ར་དང་རུ།། ན་ལ་གཉིས་ནི་ཅི་བདེར་སྦྱོར།། ཞེས་པ་ལྟར་ན་ལ་གཉིས་སྒྲ་སྦྱོར་མེད་དེ་རང་དབང་ཅན་ཡིན་པས་སོ།།
དྲི་བ། སུ་ལ་སོགས་པ་བདུན་པོས་ལས་སོགས་དོན་ལྔ་ལ་འཇུག་པས་ཁྱབ་བམ།
ལན། མ་ཁྱབ་ཏེ་ན་ལ་གཉིས་ཀྱི་དེ་ཉིད་ཀྱི་དོན་ལ་མི་འཇུག་ཅེས་རང་ལུགས་སི་ཏུས་གསུངས་སོ།།
དྲི་བ། ནའི་དོན་གཞན་ལ་འཇུག་པའི་དཔེར་བརྗོད།
ལན། དངོས་སུ་ན་ལྟ་བུ་དམིགས་ཀྱིས་དབྱེ་བའི་དོན། འདི་ཡོད་ན་འདི་འབྱུང་ལྟ་བུ་རྒྱུ་མཚན་ལ་འཇུག་པ། འདིར་མི་ཡང་མེད་ན་ཀརྨ་ཇི་ལྟར་ཡོད་ལྟ་བུ་རྒྱུ་མཚན་དོན་གྱི་བསྟན་པའི་དོན་དུ་སྦྱར་བ་སོགས་སི་འགྲེལ་དུ་རྣམ་གྲངས་བརྒྱད་ཙམ་གསུངས་ཡོད་པར་མཁྱེན་དགོས་སོ།།
དྲི་བ། ལའི་དོན་གཞན་ལ་འཇུག་པ།
ལན། ལྷག་བཅས་ལ་འཇུག་པ། ལག་པ་བཀྲུས་ལ་ཟས་བཟའ། སྔ་ཕྱི་མཚམས་སྦྱོར་བའི་དོན་ལ་འཇུག་པ་དགའ་ལ་སྐྱིད་པ། དྭངས་ཤིང་གསལ་ལ་དྲི་མ་མེད་པ། དོན་གཉིས་ལ་འཇུག་པར་གསུངས་སོ།།
༡ མིག་གིས་བལྟས་ཏེ་མཐོང་།
༢ ཕྱག་འཚལ་ཏེ་ཉལ།
༣ ཕྱག་འཚལ་ཏེ་བསོད་ནམས་བསག
༤ ཤིང་ལ་སྤྲེའུ་གནས་ཏེ་དོམ་ཡང་གནས།
མིག་གི་བལྟས་ལ་གཟུགས་མཐོང་།
ཕྱག་འཚལ་ལ་ཉལ།
ཕྱག་འཚལ་ལ་བསོད་ནམས་བསགས།
ཤིང་ལ་སྤྲེའུ་གནས་ལ་དོམ་ཡང་གནས།
དྲི་བ། ལ་དོན་གྱི་ཕྲད་སྒྲུབ་ཚུལ་དང་དེ་དག་དོན་དུ་ལ་འཇུག་གམ།
ལན། དེ་ཡང་རྩ་བར། རྗེས་འཇུག་ཡི་གེ་བཅུ་རྣམས་ལས།། གང་མིང་མཐའ་ན་བཅུ་པ་གནས།། དེ་ལ་ཨ་ལི་གཉིས་པ་སྦྱར།། གང་མིང་མཐའ་ན་བརྒྱད་པ་གནས།། དེ་གཉིས་པ་ཨུ་ཡང་སྦྱར།། གང་མིང་མཐའ་ན་གསུམ་པ་གནས།། དེ་ལ་ཨཱ་ལི་གཉིས་པ་སྦྱར།། བཞི་པ་དགུ་པ་དངོས་ཀྱང་སྟེ།། ལས་དང་ཆེད་དང་རྟེན་གནས་དང་།། དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།། ཞེས་པ་ལྟར་རོ།།
དྲི་བ། ཨིན་ལྡན་ཞེས་པའི་དོན་གང་ཡིན་དང་ཨིན་ལྡན་རྐྱེན་ཡིག་ལྔས་དོན་དུ་ལ་འཇུག་གམ།
ལན། ཨིན་ལྡན་ཞེས་པའི་དོན་ནི་ཚིག་ཕྲད་འདི་དབྱངས་ཨི་ཡིག་དང་ལྡན་པའི་ཕྲད་ཡིན་པས་ཨིན་ལྡན་དང་། དེ་ལྔ་པོ་དོན་རྣམ་དབྱེ་གསུམ་པ་དང་། དྲུག་པ་གཉིས་ལ་འཇུག་གོ།
དྲི་བ། ཀྱི་སོགས་ཚིག་སྔ་ཕྱི་མི་མཐུན་པའི་རྒྱན་ལ་འཇུག་པ་ཇི་ལྟར་ཡིན།
ལན། དཔེར་ན། མི་ཡིན་གྱི་ཁྱི་མ་ཡིན། དེ་ལྟར་འཐད་མོད་ཀྱི་བཤད་མི་རུང་། ལྟ་བུའོ།།
དྲི་བ། གྱིས་ལ་སོགས་པ་སྨྲ་སྒོ་ལས་མི་མཐུན་པའི་རྒྱན་ལ་འཇུག་པར་གསུངས་པ་རང་ལུགས་ལ་འཐད་དམ།
ལན་ ཡིན་མོད་ཀྱིས། འོན་ཀྱིས་ཀྱང་། ཞེས་པ་སྔ་མའི་ཞེན་དོན་ལ་བརྟགས་ན། རྟག་པ་ཡིན་གྱིས། མི་རྟག་པ་མ་ཡིན་ནོ།། རྒྱུ་མཚན་ལ་འཇུག་པ་ཡིན་པ་དང་ ཕྱི་འོན་གྱིས་ཀྱང་ ཞེས་པ་ནི་ མི་མཐུན་པའི་རྒྱན་དུ་གྱུར་པ་ནི་ ཀྱང་གི་སྒྲས་ཡིན་པ་ལས་ གྱིས་སྒྲས་མ་ཡིན་ཞིང་ དེ་ཡང་རྒྱུ་མཚན་གྱི་དོན་དུ་དང་ བྱེད་དུ་རུང་གིས་གྱིས་ཤིག་ ལྟ་བུའི་བྱེད་པ་པོའི་སྒྲ་རྣམས་ནི་རྒྱུ་མཚན་གྱི་དོན་དུ་ཤེས་པར་བྱའོ།། ཞེས་གསུངས་སོ།།
དྲི་བ། ཨུཏྤལ་ལའང་ཡིན་ལ་སྔོན་པོའ་ཡིན་ཞེས་དང་ ཇི་ལྟར་པདྨ་ཆུ་ནང་དུ།། སྐྱེས་ཀྱང་ཆུ་ཡིས་གོས་པ་མེད།།
དེ་བཞིན་འདི་ནི་འཇིག་རྟེན་དུ།། སྐྱེས་ཀྱང་འཇིག་རྟེན་གྱིས་མ་གོས།། ཞེས་བཀོད་པར་རང་ལུགས་ཇི་ལྟར་ཡིན།
ལན། རྣམ་གླིང་པཎ་ཆེན་གྱིས་དཔེར་བརྗོད་གཉིས་བཀོད་ཡོད་པ་དང་པོ། ཡུཏྤལ་ལའང་ཡིན་ལ་སྔོན་པོའང་ཡིན་ ཞེས་པ་ནི། མཐུན་པའི་རྒྱན་གྱི་དཔེར་བརྗོད་མིན་པར་གཞི་གཅིག་ལ་མཐུན་པའི་ཆོས་ཨུཏྤལ་དང་སྔོན་པོ་སྡུད་པའི་དོན་ཡིན་པར་གསུངས་པ་དང་།
གཉིས་པ། ཇི་ལྟར་པདྨ་ཆུ་ནང་དུ།། སྐྱེས་ཀྱང་ཆུ་ཡིས་གོས་པ་མེད།།
དེ་བཞིན་འདི་ནི་འཇིག་རྟེན་དུ།། སྐྱེས་ཀྱང་འཇིག་རྟེན་གྱིས་མ་གོས།། ཞེས་པ་ནི། མི་མཐུན་པའི་ཆོས་ཆུ་ནང་སྐྱེས་པ་དང་ཆུས་མ་གོས་པ་གཉིས་གཞི་གཅིག་ལ་སྡུད་པའི་དོན་ལ་འཇུག་པ་ཡིན་པར་གསུངས་ནས་འགོག་གོ།
དྲི་བ། འབྱེད་སྡུད་ཀྱི་སྒྲ་རྣམས་དྲི་བ་དང་ཐེ་ཚོམ་གྱི་དོན་ལ་འཇུག་པ་བཤད་རུང་ངམ་ཟེར་ན།
ལན། ལ་ལས་དྲི་བ་དང་ཐེ་ཚོམ་གྱི་དོན་ལ་འཇུག་པ་ཡོད་ཀྱང་། དེ་དག་ནི་དོན་གྱི་ཁྱད་པར་ལ་བརྟག་ཅིང་འབྱེད་པའི་དོན་ཡིན་པས་སི་ཏུས་འབྱེད་པའི་དོན་འཇུག་པ་ཡིན་པར་གསུངས་ནས།
དྲི་དང་ཐེ་ཚོམ་ལ་འཇུག་པ་ཟེར་ལོགས་སུ་མ་གསུངས་སོ།།
༡ འབྱེད་པའི་དཔེར་བརྗོད། འདོད་ཡོན་ལྔ་སྟེ། གཟགས་སམ། སྒྲའམ། དྲིའམ། རོའམ། རེག་བྱའོ།
༢ སྡུག་པའི་དཔེར་བརྗོད། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་ནི་ཕུང་པོ་ལྔའོ།།
དྲི་བ། སུམ་ཅུ་པའི་དངོས་བསྟན་ལྷག་བཅས་དུ་ཡོད། ལྷག་བཅས་ཀྱི་ཕྲད་སྒྲུབ་ཚུལ་རྩ་བ་ལྟར་བྲིས།
ལན། སུམ་ཅུ་པའི་དངོས་བསྟན་ལྟར་ན་སྟེ་ཁོ་ན་ཡིན། དེ་ཡང་ ལ་དོན་སུ་ལ་ཨུ་ཕྱི་ནས།། དེ་ལ་གསུམ་པའི་དང་པོ་སྦྱར།། དེ་ལ་ཨ་ལི་གསུམ་པ་སྦྱར།། དེ་ནི་ལྷག་དང་བཅས་པའོ།། ཟེར་བ་ལྟར་ཡིན་ནོ།།
དྲི་བ། མིང་གཞི་རྐྱང་པ་ལས་གྲུབ་པའི་ཕྲད་ཇི་ལྟ་བུ་ཞིག་ལ་ངོས་འཛིན་དགོས།
ལན། ཏེ། ཏུ། ཏོ། པ་པོ། ལྟ་བུ་ལ་གོ་དགོས་སོ།།
དྲི་བ། རྗེས་འཇུག་ལས་གྲུབ་པའི་ཕྲད་ཇི་ལྟ་བུ་ཞིག་ལ་ཟེར།
ལན། སུ་ར་རུ་དུ་ན་ལ། འང་། དེ། ནི། དང་། ལྟ་བུ་ལ་གོ་དགོས།
དྲི་བ། སུམ་ཅུ་པའི་གཞུང་གི་དངོས་བསྟན་གྱི་ཕྲད་ཡིན་ན་ཕོ་མོ་གང་རུང་ཡིན་དགོས་སམ་མི་དགོས།
ལན། དེ་ཡང་ སུམ་ཅུའི་དངོས་ཤུགས་གང་རུང་དུ་བསྟན་པའི་ཕྲད་དང་རྣམ་དབྱེ་ཡིན་ན་མིང་གཞི་རྟགས་གསུམ་དབྱེ་བའི་ཕོ་མོ་གང་རུང་ཡིན་དགོས་ཏེ་མ་ནིང་ཁ་ཆ་ཐ་ཕ་ཚ་ལྔ་ལས་གྲུབ་པའི་ཚིག་ཕྲད་མེད་པས་སོ།།
དྲི་བ། ལྷག་བཅས་ཀྱི་སྒྲའི་སྦྱོར་ཚུལ་ཇི་ལྟར་ཡིན།
ལན། ལེགས་བཤད་ལྗོན་དབང་ལས། ཏེ་སྟེ་དེ་གསུམ་ལྷག་བཅས་ཏེ།། ན་ར་ལ་ས་དྲག་མཐར་ཏེ།། ད་དེ་ག་ང་བ་ མ་འ།། མཐའ་མེད་རྣམས་ལ་ས་སྟེ་ཐོབ།། ཅེས་པ་ལྟར་རོ།།
དྲི་བ། ལྷག་བཅས་ཀྱི་ནང་གསེས་དབྱེ་བ་དུ་ཙམ་ཡོད། དེ་དག་གང་ཡིན་ངོས་འཛིན་གྱིས།
ལན། གསུམ་ཡོད། མཚམས་སྦྱོར་ལྷག་བཅས། དམ་བཅའ་ལྷག་བཅས། གཞན་འདྲེན་ལྷག་བཅས་སོ།།
དྲི་བ། མཚམས་སྦྱོར་ལྷག་བཅས་ལ་དབྱེ་བ་དུ་ཙམ་ཡོད། དེ་དག་གང་ཡིན་དང་ དཔེ་དང་བཅས་བཀོད།
ལན། གསུམ་ཡོད། དེ་དག་ནི། བྱེད་པས་བྱ་བ་དུས་རིམ་ཅན་དུ་འདྲེན་པ། དཔེར་ན་ མིག་གི་བལྟས་ཏེ་མཐོང་། གདམས་ངག་གནང་སྟེ་སེམས་ལ་ཕན། མདའ་འཕང་སྟེ་ཕོག ལྟ་བུའོ།།
བྱ་བ་གཉིས་དུས་རིམ་ཅན་དུ་འདྲེན་པ་ནི། དཔེར་ན། སློབ་གྲྭ་ཚོགས་ཏེ་བསླབ་བྱ་ཉན། ཇ་བཞེས་ཏེ་སྐུ་ངལ་གནང་། བསྡད་དེ་གཏམ་བཤད། ལྟ་བུའོ།།
བྱ་བ་གཉིས་དུ་གཅིག་ཅར་འདྲེན་པ། དཔེར་ན། མཆོང་སྟེ་འགྲོ། རྨུར་ཏེ་བཟའ། ཚེག་སྒྲ་དང་བཅས་ཏེ་འབར། ལྟ་བུའོ།།
དྲི་བ། དམ་བཅའ་འདྲེན་པ་ལ་དབྱེ་བ་དུ་ཡོད་དང་ དེ་དག་གང་དག་ཡིན་ དཔེ་རེ་བཀོད།
ལན། དབྱེ་བ་འདྲེན་པ། གཏན་ཚིགས་འདྲེན་པ། ངེས་ཚིག་འདྲེན་པ། རྒྱས་བཤད་འདྲེན་པའོ།། དང་པོ་ནི། དཀོན་མཆོག་གསུམ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ནོ།། གཉིས་པ་ནི། མི་ཡིན་ཏེ། སྨྲ་ཤེས་ཤིང་དོན་གོ་ ཡིན་པས་སོ།། གསུམ་པ་ནི། དཀོན་མཆོག་སྟེ། འཇིག་རྟེན་འདི་ན་ཤིན་ཏུ་དཀོན་ཞིང་མཆོག་ཏུ་གྱུར་པས་སོ།། བཞི་པ་ནི། འདུས་བྱས་ཐམས་ཅད་མི་རྟག་པ།། ཟག་བཅས་ཐམས་ཅད་སྡུག་བསྔལ་བ།། ཞེས་གསུངས་ཏེ། རྒྱུ་རྐྱེན་གྱིས་འདུས་བྱས་པའི་ཆོས་ཐམས་ཅད་མི་རྟག་པའི་རང་བཞིན་དང་ ཟག་པ་དང་བཅས་པའི་ཆོས་ཐམས་ ཅད་ནི་སྡུག་བསྔལ་བའི་རང་བཞིན་ཡིན་ཏེ་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་བའི་ཕྱིར་རོ།། ལྟ་བུའོ།།
དྲི་བ། ལྷག་མ་ཙམ་འདྲེན་པ་ཇི་ལྟར་ཡིན་དཔེར་བརྗོད་བྲིས།
ལན། དེ་གཉིས་སུ་མ་གཏོགས་པའི་ལྷག་མ་ཙམ་འདྲེན་པར་གོ་དགོས་ཤིང་ དཔེར་ན་ ཨུཏླལ་ཡང་ཡིན་ཏེ་ སྔོན་པོ་ཡང་ཡིན་ནོ།། ལྟ་བུའོ།།
དྲི་བ། ལྷག་བཅས་ཀྱི་ཕྲད་དེ་གསུམ་ཁོ་ན་ཡིན་པས་ཁྱབ་བམ་གཞན་ཡང་ཡོད་ཡོད་ན་གང་དག་ཡིན།
ལན། དེ་གསུམ་ཁོ་ནས་མ་ཁྱབ་ཏེ། ལ་དང་ ནས་དང་ ཅིང་ཞིང་ཤིང་སོགས་ཡོད་ཡང་ཡོད་དོ།།
༡༽ ལ་མཚམས་སྦྱོར་ལྷག་བཅས་ལ་འཇུག་པ།
.
བྱེད་པས་བྱ་བ་དུས་རིམ་ཅན་དུ་འདྲེན་པ།
བལྟས་ལ་མཐོང་།
མིག་གིས་བལྟས་ལ་མཐོང་།
མིག་གིས་བལྟས་ལ་གཟུགས་མཐོང་།
མིག་གིས་ཡང་ཡང་བལྟས་ལ་འདྲ་མིན་སྣ་ཚོགས་མཐོང་བ།
.
བྱ་བ་གཉིས་དུས་རིམ་ཅན་དུ་འདྲེན་པ།
བསམ་མནོ་བཏང་ལ་ལན་འདེབས།
.
བྱ་བ་གཉིས་དུས་གཅིག་ཅར་དུ་འདྲེན་པ།
རྫུབ་མོ་སྒྲེང་ལ་བརྡ་སྟོན།
གཞན་འདྲེན་ལ་འཇུག་པ།
ཡོན་ཏན་ཆེ་ལ་བསམ་པ་བཟང་བའི་མི།
༢༽ ནས་མཚམས་སྦྱོར་ཁོ་ན་ལ་འཇུག་པ།
༡ བྱེད་པ་བྱ་བ་དུས་རིམ་ཅན་དུ་འདྲེན་པ།
སྦྱངས་ནས་ཤེས། སྦྱངས་ནས་མ་ཤེས།
༢ བྱ་བ་གཉིས་དུས་རིམ་ཅན་དུ་འདྲེན་པ།
ཤེས་ནས་གཞན་ལ་སྟོན། མཐོང་ནས་ཤེས། ཁ་ལག་བཀྲུས་ནས་མཆོད་པ་ཕུལ།
༣ བྱ་བ་གཉིས་དུས་གཅིག་ཅར་དུ་འདྲེན་པ།
གཡུག་ནས་འགྲོ།
༣༽ ཅིང་ཞིང་ཤིང་གསུམ་མཚམས་སྦྱོར་དང་གཞན་འདྲེན་ལྷག་བཅས་གཉིས་ལ་འཇུག་པ།
ཅིང་མཚམས་སྦྱོར་ལ་འཇུག་པ།
༡ བྱེད་པས་བྱ་བ་དུས་རིམ་ཅན་དུ་འདྲེན་པ།
སྒྲ་སྒྲོག་ཅིང་རྣ་བར་གོ།
༢ བྱ་བ་གཉིས་དུ་རིམ་ཅན་དུ་འདྲེན་པ།
བསམ་དོན་གྲུབ་ཅིང་རེ་བ་སྐོང།
༣ བྱ་བ་གཉིས་དུས་གཅིག་ཅར་དུ་འདྲེན་པ།
འཛུམ་མདངས་བསྟནད་ཅིང་གཏམ་བཤད།
༤ གཞན་འདྲེན།
ང་ལ་དངུལ་མེད་ཅིང་བཟའ་བཏུང་ཡང་མེད།
ཤིང་མཚམས་སྦྱོར་ལ་འཇུག་པ།
༡ བྱེད་པས་བྱ་བ་དུས་རིམ་ཅན་དུ་འདྲེན་པ།
མི་ལ་སྡུག་བསྔལ་ཡོད་ཅིང་འདུད་འགྲོ་ལ་ཡང་ཡོད། བདེན་པ་མཐོང་ཞིང་གཞན་དོན་མཛད།
འཕག
དྲི་བ། ལྷ་བཅས་ཀྱི་སྒྲ་སྟེ་ཁོ་ན་འདོད་ན་སྐྱོན་གང་ཡོད་དམ།
ལན། སྟེ་ཡིག་རྗེས་འཇུག་འགའི་མཐར་ཀློག་དཀའ་བ་དང་། དེ་ཡིག་ལྷག་བཅས་ལ་མི་འཇུག་པར་ཐལ་བ་དང་།
སྔོན་གྱི་གླེགས་བམ་དག་པ་རྣམས་དང་འགལ་བའི་སྐྱོན་གསུམ་གསུངས་ཡོད།
དྲི་བ། ཕྲད་རང་དབང་ཅན་ཁོ་ན་ཡིན་པ་དྲུག་གང་ཡིན།
ལན། ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ། ཡིན།
དྲི་བ། ནི་སྒྲ་དོན་དུ་ལ་འཇུག།
ལན། ནི་ནི་དགར་དང་བརྣན་པའི་སྒྲ། ཞེས་གསུངས་པ་ལྟར། དགར་བ་དང་ ནན་ཏན་བརྣན་པའི་དོན་ལ་འཇུག་གོ། སངས་རྒྱས་ནི་རྐང་གཉིས་རྣམས་ཀྱི་ནང་ནས་མཆོག་ ལྟ་བུ་མཆོག་ཏུ་དགར་བ། དམྱལ་བ་ནི་འགྲོ་བ་ རིགས་དྲུག་ལས་དམན་ནོ།། ལྟ་བུ་དམན་པར་དགར་བ། སེར་པོ་ནི་སྔོན་པོ་ལས་ཐ་དད་དོ།། ལྟ་བུ་ཐ་དད་དུ་ དགར་བ། ལྷ་རྣམས་ལས་བརྒྱ་བྱིན་ནི་མཆོག་གོ་ ལྟ་བུ་ དགར་གཞི་དངོས་སུ་སྨོས་པ། བརྒྱ་བྱིན་ནི་མཆོག་གོ་ ལྟ་བུ་ དགར་གཞི་དངོས་སུ་མ་སྨོས་པ། འཁར་དབྱུག་ཅན་གྱི་སྲི་འཛིན་ནི་ གྷཱནྡིའོ།། རྫས་ཅན་དགར་བ།
རིག་ནི་ཡོད། བརྩོན་འགྲུས་ནི་ཆེ། ཤེས་ཡོན་ནི་སྦྱང། ད་ནི་མཁས་པར་འགྱུར་རོ།། ལྟ་བུ་ནན་ཏན་བརྣན་པའོ།།
༡ སངས་རྒྱ་ནི་མཆོག་
༢ ཁྱི་ནི་དམན།
༣ སེར་པོ་ནི་སྔོན་པོ་ལས་ཐ་དད།
དྲི་བ། དང་སྒྲ་དོན་དུ་ལ་འཇུག།
ལན། དོན་ལྔ་ལ་འཇུག་སྟེ། དེ་ཡང་ དང་ནི་སྡུད་འབྱེད་རྒྱུ་མཚན་དང་།། ཚེ་སྐབས་གདམས་ངག་ལྔ་ལ་འཇུག།
དྲི་བ། དང་སྒྲའི་དོན་ལྔ་ལ་འཇུག་པའི་དཔེར་བརྗོད་རེ་བྲིས།
ལན། དང་པོ་སྡུག་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་ཕུང་པོ་ལྔའོ།། གཉིས་པ་འབྱེད་པ། འདོད་ཡོན་ལྔ་ནི། སྒྲ་དང་། དྲི་དང་། རོ་དང་། རེག་བྱའོ།། གསུམ་པ་རྒྱུ་མཚན་ལ་འཇུག་པ། ཆུ་སྐྱར་མཐོང་བ་དང་ཆུ་ཡོད་པར་ཤེས། ༼དེའི་དོན་ ཆུ་བྱའི་རིགས་ནམ་མཁར་ལྡིང་སྐོར་བྱེད་པ་མཐོང་བའི་རྒྱུ་མཚན་གྱིས་ཆུ་ཡོད་པར་ཤེས་ཟེར་བའི་དོན་ལ་གོ་དགོས།༽ བཞི་པ་ཚེ་སྐབས་ལ་འཇུག་པ། ཉི་མ་ཤར་བ་དང་མལ་ནས་ལང་། ༼དེའི་དོན་ ཉི་མ་ཤར་དུས་སུ་མལ་ནས་ལང་ཟེར་བའི་དོན་ལ་གོ་དགོས། དེ་མིན་ན་རྒྱུ་མཚན་དང་ཚེ་སྐབས་ལ་འཇུག་པ་གཉིས་གཅིག་པར་གོ་ཉེན་ཡོད་དོ།།༽ ལྔ་པ་གདམས་ངག་ལ་འཇུག་པ། བཞེངས་དང། བཞུགས་དང་། ཀློགས་དང་། ལྟུ་བུའོ།། ༼དེའི་དོན་ བཞེངས་ཤིག བཞུགས་ཤིག ཀློགས་ཤིག ཟེར་བའི་དོན་དང་མཚུངས་པར་གོ་དགོས་སོ།།༽
དྲི་བ། དེ་སྒྲ་དོན་དུ་ལ་འཇུག་
ལན། དེ་སྒྲ་དོན་དགུ་ལ་འཇུག་སྟེ། དེ་ཡང་ རྩ་བར་ ཐ་སྙད་དབང་དུ་གསུམ་ཡིན་ཏེ།། དངོས་པོའི་དབང་དུ་བཞི་རུ་འཇུག། དུས་ཀྱི་དབང་དུ་གཉིས་ཡིན་ནོ།། ཞེས་སོ།།
དྲི་བ། ཐ་སྙད་དབང་དུ་གསུམ་ལ་འཇུག་གང་དག་ཡིན།
ལན། རྣམ་གྲངས་གཞན་ཅན། ལྷག་མ་འདྲེན་པ། དུས་འདས་པ་ལ་འཇུག་པ་གསུམ་མོ།
༡.༡ དེ་ལས་གཞན་ཡང་མཆོད་པའི་ཚོགས།
ལྟ་བུ་རྣམ་གྲངས་གཞན་དངོས་སུ་ཚིག་ཟིན་དུ་མེད་པ།
༡.༢ བོད་ཀྱི་མཁས་པ་དེ་བཞིན་འབྲུག་པའི་མཁས་པ། ལྟ་བུ་རྣམ་གྲངས་གཞན་དངོས་སུ་ཚིག་ཟིན་དུ་ཡོད་པ།
དཔེར་ན། དེ་བཞིན་གཤེགས་པ། དེ་བཞིན། གང་ཡིན་པ་དེ། གང་ལ་དཔེར་བྱའི་ཡུལ་དེ།
དེ་ལས་ཀྱང་གཞན། སྤྱི་ལས་དམིགས་སུ་བཟུང་བ་དེ།
ལེགས་སྤྱད་དེས་ནི་འབྲས་བུ་ཆེན་པོར་འགྱུར། གང་ལས་དགར་བའི་གཞི་དེ།
དེ་ནི་ཕུན་སུམ་ཚོགས་པའི་འབྱུང་གནས་ཉིད། འབྱུང་གནས་སུ་ངོས་གཟུང་བྱ་དེ།
༢ ཞལ་ཕྱག་འཁྲུད་དེ་རྟེན་ལ་ཕྱག་མཆོད་བྱ།
ལྟ་བུ་ལྷག་བཅས་ལ་འཇུག་པ།
༣ དེ་གཉིས་ཀ་དུས་འདས་པའི་དོན་འཇུག་པ་ཡིན་ནོ།།
༼ཐ་སྙད་འདས་པ་ལ་གོ་དགོས།༽
དྲི་བ། དངོས་པོ་དབང་དུ་བཞིར་འཇུག་པའི་དཔེར་བརྗོད་བྲིས།
ལན། དེ་མ་ཤོད་ཅིག ཁྱོད་ཀྱིས་དེ་བསྒྲུབ་ནུས་སམ།
ལྟ་བུ་གསང་བའི་དངོས་པོ་ལ་འཇུག་པ།
དེ་དེ་བཞིན་ནོ།། ལྟ་བུ་བདེན་པའི་དངོས་པོ་ལ་འཇུག་པ།
དེ་ཁོང་གི་ཡིན། ལྟ་བུ་ཕ་རོལ་པོའི་དངོས་པོ།
དེ་ངའི་རྒྱུ་ནོར་ཡིན། དེ་ཁོ་བོའི་ཕྱུགས། ལྟ་བུ་བདག་གི་བའི་དངོས་པོ་བཅས་བཞི་ཡིན་ནོ།།
དྲི་བ། དུས་ཀྱི་དབང་དུ་གཉིས་ལ་འཇུག་ཚུལ་ཇི་ལྟར་ཡིན།
ལན། དུས་འདས་པ་དང་མ་འོངས་པ་ལས་ ད་ལྟ་བ་ལ་འདི་འཇུག་པ་ལས་དེ་མི་འཇུག་དཔེར་ན་ དེ་རིང་གི་ཉི་མ་འདི། ལྟ་བུ་ཡིན། སྔོན་མའི་བདུན་ཕྲག་དེ་ བདུན་ཕྲག་ཤུལ་མམ་དེ་ ཞེས་དུས་ཀྱི་དབང་དུ་གཉིས་ལ་འཇུག་ ཚུལ་ལོ།།
དྲི་བ། དབྱངས་ཅན་གྲུབ་པའི་རྡོ་རྗེས་དེ་སྒྲའི་འཇུག་ཡུལ་གྲངས་གཉིས་སུ་ངེས་པར་གསུངས་པ་ཇི་ལྟར་འགྲེལ།
ལན། དེ་ཡང་། ལེགས་བཤད་ལྗོན་དབང་ལས། མིང་གི་ཐོག་མའི་དེ་སྒྲ་ནི།། ཐ་སྙད་འདས་མ་ཐག་པ་དང་།། རྣམ་གྲངས་གཞན་ཅན་གཉིས་ལ་འཇུག། ཅེས་པ་ནི་གོ་བ་གཉིས་ཡོད་དེ། ཐ་སྙད་འདས་མ་ཐག་པ་ཟེར་བ་དེ་ལྷག་བཅས་དང་། རྣམ་གྲངས་གཞན་སྦྱོར་གཉིས་སོ།། ཡང་ན། ཡང་དེ་ལྷག་བཅས་ལ་འཇུག་པ་དེ་ལྷག་བཅས་ཀྱི་སྐབས་སུ་བཤད་ཟིན་པའི་དབང་དུ་བཏང་སྟེ། འདིར་ཐ་སྙད་འདས་མ་ཐག་པའི་དོན་ནི། དཔེར་ན། “རི་བོ་དེ་མཐོ་ཞིང་བརྗིད་ཆགས་པ་ཞིག་འདུག དེའི་རྩེ་མོ་ནི་སྤྲིན་གྱིས་གཡོགས། དེ་ན་རི་དྭགས་ཀྱི་ཚོགས་བདེ་བར་རྒྱུ། དེའི་མཐའ་སྐོར་དུ་རི་ཕྲན་དུ་མས་བསྐོར།” ཞེས་པ་དེ་སྒྲའི་སྦྱར་ཡུལ་ཞིག་ཐོག་མར་བཀོད་ནས་ཕྱིས་ཀྱི་དེ་སྒྲ་ཡོད་ཚད་རི་དེར་གོ་བའི་དབང་དུ་བཏང་བ་དེ་ཐ་སྙད་འདས་མ་ཐག་པའི་དཔེར་བརྗོད་དུ་གསུངས་སོ།།
དྲི་བ། སུམ་ཅུ་པའི་དངོས་བསྟན་སྤྱི་སྒྲ་གང་ཡིན་དང་སྤྱི་སྒྲ་གཞན་ཡང་ཡོད་དམ།
ལན། སུམ་ཅུ་པའི་དངོས་བསྟན་ནི། གང་ཁོ་ན་དང་དེ་དང་འཇུག་པ་མཚུངས་པའི་སྤྱི་སྒྲ་གཞན་ཡང་ཅི་དང་ཇི་དང་སུ་བཅས་གསུམ་ཡོད། དེ་དག་ལས་གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན།། ལྟ་བུ་གང་སྒྲ་སྤྱི་ལ་འཇུག་པ། གང་གིས་ཆོས་ཀུན་འགྲོ་འོངས་མེད་གཟིགས་ཀྱང་།། ལྟ་བུ་བྱེ་བྲག་ལ་འཇུག་པ། གང་ཡིན། གང་དང་གང་། ལྟ་བུ་དྲི་བ་ལ་འཇུག་པ་གསུམ་ཡོད།
དྲི་བ། སྤྱི་སྒྲ་བྱེ་བྲག་ལ་འཇུག་ཚུལ་ནང་གསེས་ཇི་ལྟར་ཡིན་ནམ།
ལན། དེ་ཡང་། གང་ཞིག་འོན་ཅིག ལྟ་བུ་སྐབས་སྟོབས་ཀྱིས་གོ་བ་དང་། ཁ་སྤུ་ཅན་གང་ལ་སྦྱིན། ལྟ་བུ་ཁྱད་པར་གྱིས་སྟོབས་དང་། གང་གིས་ཆོས་འཁོར་རིམ་པ་གསུམ་བསྐོར་བའོ་།། ལྟ་བུ་ཤུགས་ཀྱིས་སྟོབས་དང་། བུ་གསུམ་ཡོད་པའི་མི་གང་དག་བྱོན་ཅིག ལྟ་བུ་ལྡན་བྲལ་གྱིས་གོ་བ་རྣམས་སོ།།
དྲི་བ། ཅི་ཇི་སུ་གང་གི་སྦྱོར་ཚུལ་ཇི་ལྟར་ཡིན།
ལན། ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི།། སྙེད་སྲིད་ལྟར་བཞིན་སྐད་ལ་ཇི།། སུ་ནི་གང་ཟག་གང་ཀུན་ལའོ།། ཞེས་པ་ལྟར་། ཅི་ཞིག ཅི་སྟེ། ཅི་སླད། ཅི་འདྲ། ཅི་ཕྱིར། ཇི་སྙེད། ཇི་སྲིད། ཇི་ལྟར། ཇི་བཞིན། ཇི་སྐད། སུ་ཡིན། གང་དག ཅེས་སུ་སྒྲ་གང་ཟག་ཁོ་ན་དང་། གང་ནི་སེམས་ལྡན་སེམས་མེད་གཉིས་ཀར་འཇུག་གོ།
ཡང་ཅི་དང་ཇིའི་འཇུག་པ་སོ་སོ་ཡང་ཡོད་དེ། ཅི་ཡོད། ཅི་ཙམ། ཅི་མཆིས། ཅི་བཤད། ཇི་ཡོད།
ཇི་ཙམ། ཇི་མཆིས། བཤད། སོགས་ཅི་དང་ཇི་བྲིས་ཚུལ་ཡོད་པ་ནི། ཅི་ཡོད་ཅེས་པ་ནི། ཅི་ཞིག་ཡོད་དང་ཅི་འདྲ་ཡོད་ཅེས་པའི་དོན་ཡིན་ན་ཅི་འཐོབ་དགོས་པ་དང་།
ཇི་ལྟ་བུ་ཡོད་ཅེས་པའི་དོན་བསྡུས་པ་ཡིན་ན་ཇི་འཐོབ་པར་མཁས་དབང་ཉན་ཤུལ་མཁྱེན་རབ་ཀྱི་གསུངས་སོ།།
དྲི་བ། སུ་ནི་གང་ཟག་ཅེས་གསུངས་ཡོད་པས། གང་ཟག་ལ་འཇུག་པས་ཁྱབ་བམ།
ལན། མ་ཁྱབ་སྟེ། གང་ཟག་ལས་ཀྱང་མི་ཁོ་ན་ལ་འཇུག་པ་ལས།
གང་ཟག་ཡོད་ཚད་ལ་འཇུག་པ་བྲིས་སྲོལ་དང་བཤད་སྲོལ་གཉིས་ཀར་མེད་པ་ཧ་ལམ་མྱོང་བས་གྲུབ་པ་ཞིག་ཡིན་དཔེར་ན།
ཆོས་འཆད་མཁན་སུ་རེད་འདུག ཟེར་བ་ལས་སྤང་ན་ཡོད་པའི་རི་དྭགས་དེ་སུ་རེད་ཅེས་པའི་བྲིས་སྲོལ་མེད་པར་འདུག་གོ།
ཡང་། “ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།།”
ཞེས་པའི་སུ་སྒྲ་དེ་ཕྱོགས་བཅུའི་འཇིག་རྟེན་ཡིན་པ་ལས་གང་ཟག་མིན་པར་གསུངས་ཡོད་པས་སུ་སྒྲ་གང་ཟག་ལས་གཞན་ལའང་འཇུག་པ་ཡོད་པར་གསུངས་སོ།།
དྲི་བ། བདག་སྒྲའི་པུ་ལིངྒ་ཞེས་པ་སྐྱེས་པའི་རྟགས་གོ་ན་དེ་དག་གང་དག་ཡིན་ནམ།
ལན། པ་པོ་གཉིས་ཡིན། ཀྲོང་གསར་པ། ཆོས་འཆད་པ་པོ། དེའི་ཤུགས་ལས་ བྱེད་པ་མོ། སེམས་མ། ལྟ་བུ་ མོའི་རིགས་ལ་དེ་ལྟར་འཇུག་པ་ཡོད་པར་མཁྱེན་དགོས་སོ།།
ཡང་པོ་སྒྲ་ཆོས་བརྗོད་པའི་མིང་གི་མཐར་འཇུག་པ་ཡོད་དེ། མཁྲེགས་པོ། ཆེན་པོ། སྔོན་པོ། དམར་པོ། སོགས་ནི་བདག་པོའི་སྒྲ་མིན་པ་མཁྱེན་དགོས་སོ།།
དྲི་བ། སྟྲི་ལིངྒ་ཞེས་པ་མོའི་རྟགས་སུ་གོ་དགོས་ན་དེ་དག་གང་དག་ཡིན་ནམ།
ལན། མ་མོ་གཉིས་ལ་གོ་ཞིང་འདིར་ནི་མ་ཡིག་ཁོ་ན་དང་ཞར་ལས་ཐོབ་པ་ མི་ མིན་ མེད་ བཅས་བཞི་ཡོད་ པར་ཤེས་དགོས་སོ།། དེ་ཡང་། མ་མི་ཐོག་མ་མིན་མེད་མཇུག། ཅེས་པ་ལྟར། དཔེར་ན། མ་ཤེས། མི་ཤེས། ལྟ་ བུ་མ་མི་གཉིས་མིང་ཚིག་གི་ཐོག་མར་དང་། ཤུག་པ་མིན། ཐར་པ་མེད། ལྟ་བུ་མིན་དང་མེད་མིང་ཚིག་གི་མཇུག་ལ་འཇུག་ཚུལ་དག་ཤེས་པར་བྱའོ།། དེ་ཡང་མིང་གི་མཐར་འཇུག་པའི་དཔེར་བརྗོད་དུ། “ར་གན་གསེར་དུ་བརྫུས་ཀྱང་གསེར་དངོས་མིན།། བླུན་པོ་མཁས་པར་རློམ་ཡང་ཡོན་ཏན་མེད།། གཉེན་ལ་རྫིགས་ཉམས་སྟོན་པ་དཔའ་བོ་མིན།། དགྲ་ལ་རྒོལ་བར་ནུས་པའི་སྙིང་སྟོབས་མེད།།” ཅེས་སོ།།
དྲི་བ། མ་མི་ཐོག་མ་ཟེར་བ་ཇི་ལྟ་བུའི་ཐོག་མར་ཡིན་ནམ།
ལན། དེ་ཡང་། ས་དང་ཆུ་དང་ཉི་མ་ ལྟ་བུའི་མིང་གི་ཐོག་མར་སྦྱར་ན་ཤིན་ཏུ་མི་ལེགས་པར་འགྱུར་ཏེ་དཔེར་ན། མ་ས། མི་ས། མ་ཆུ། མི་ཆུ། མ་ཉི་མ། མི་ཉི་མ། ལྟ་བུར་འགྱུར་བས། དེས་ན་མ་མི་ཐོག་མ་ཟེར་བའི་དོན་དེ་ཆོས་བརྗོད་པའི་མིང་གི་ཐོག་མར་འཇུག་པར་གོ་དགོས་པ་ལས་ཆོས་ཅན་བརྗོད་པའི་མིང་གི་ཐོག་མར་སྦྱར་རུང་བ་མ་ཡིན་དཔེར་ན། མ་རིང། མི་རིང་། མ་དམའ། མི་མཐོ། དེ་བཞིན་བྱ་ཚིག་གི་ཐོག་མར་འཇུག་པ། མ་བཅད། མི་གཅད། ལྟ་བུ་དང་།
དྲི་བ། མིན་མེད་མཇུག་ཅེས་པའི་མིང་ཇི་འདྲ་ཞིག་ལ་གོ་དགོས་སམ།
ལན། ཆོས་དང་ཆོས་ཅན་བརྗོད་པའི་མིང་གཉིས་ཀ་དང་བྱ་ཚིག་གསུམ་གའི་མཐར་འཇུག་པ་དཔེར་ན། རིང་པོ་མིན། ཤུགས་མེད། སྒྲ་མེད། སྟོན་པ་མེད། བསྟན་པ་མིན། ངས་བཤད་མེད། ངས་བསྟན་མེད། ལྟ་བུ་ཡོད་པར་མཁྱེན་དགོས་སོ།།
དྲི་བ། འོ་ན་ཆོས་དང་ཆོས་ཅན་བརྗོད་བའི་མིང་ཡིན་མིན་ཇི་ལྟར་ཤེས་དགོས་སམ།
ལན། ཆོ་ཅན་བརྗོད་པའི་མིང་ནི་དཔེར་ན། ཤིང་། རྡོ། ལྕགས། ནམ་མཁའ། ལྟ་བུ་ཡིན་ཞིང་། ཆོས་བརྗོད་པའི་མིང་ནི་དཔེར་ན། རླན་པ། ཆེན་པོ། སྲ་བ། རྒྱ་ཆེ་བ། ལྟ་བུ་ཡིན། དེ་གཉིས་ཀྱི་ཁྱད་པར་ཡང་ཆོས་ཅན་བརྗོད་པའི་མིང་ཡིན་ཚེ་མིང་ངག་ནས་བརྗོད་ཙམ་ན་རང་གི་ངོ་བོ་གོ་ཐུབ་པ་ཡིན། ཆོས་པའི་མིང་ཡིན་ན་གཞི་གང་རུང་ཞིག་ལ་མ་ལྟོས་པར་གོ་མི་ནུས་ཤིང་ཁྱད་པར་གྱི་གཞི་ལ་སྦྱར་ཚེ། ཤིང་རླན་པ། རྡོ་ཆེན་པོ། ལྕགས་སྲ་བ། ནམ་མཁའ་རྒྱ་ཆེ་བ། ཞེས་གོ་བའི་མིང་གི་རིགས་ལ་ཆོས་བརྗོད་པའི་མིང་ཟེར་རོ།།
དྲི་བ། རྗེས་འཇུག་མེད་དུ་མི་རུང་བར་བསྟན་པ་ཇི་ལྟར་ཡིན་ནམ།
ལན། དེ་ཡང་ རྩ་བར། སྔོན་འཇུག་ཡོད་དམ་མེད་ཀྱང་རུང།། མི་གཞིའི་ཡི་གེ་གང་ཡིན་ལ།། གཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད།། ཨཱ་ལི་བཞི་ལས་གང་ལྡན་ཡང་།། རྗེས་འཇུག་བཅུ་པོ་མ་ཞུགས་ན།། མིང་གཞན་སྦྱོར་བ་ཡོད་མི་སྲིད།། ཅེས་པ་ལྟར་རོ།། འདིར་ གཉིས་འབྲེལ། ཁཀ། ལྟ་བུ། གསུམ་འབྲེལ། ཁཀཚ། ལྟ་བུ། ཁཀིཚ། ལྟ་བུ། ཨཱ་ལི་གང་རུང་ལྡན་པ་ལ་གོ་དགོས་པ་ལས། སྐ་ སྐྱ་ སྐྱེད། ལྟ་བུ་ལ་གོ་ན་ནོར་ཡིན་པར་མཁྱེན་པར་མཛོད་ཅིག།
དྲི་བ། རྗེས་འཇུག་ཤེས་པའི་དགོས་པ་གང་ཡིན།
ལན། རྗེས་འཇུག་བཅུ་ཡི་དོན་ཤེས་ན།། འབྲི་དང་ཀློག་དང་བཤད་རྣམས་ཀྱི།། མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་།། འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར།། གཞན་ཡང་རྗེས་འཇུག་ཤེས་པ་ཡིས།། དོན་གྱི་སྦྱོར་བ་མ་མཐོང་ཡང་།། དོན་དང་མཐུན་པའི་སྦྱོར་བ་ཤེས།། ཞེས་པ་ལྟར་རོ།།
དྲི་བ། སུམ་ཅུ་པའི་དོན་མདོ་ཙམ་བྲིས།
ལན། དེ་ཡང་། སྦྱར་བྱ་ཡི་གེའི་རྣམ་གཞག་དང་། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་གཉིས། དང་པོ་ནི། དབྱངས་བཞི་དང་། གསལ་བྱེད་སུམ་ཅུ། གསལ་བྱེད་སུམ་ཅུ་ལའང་། སྔོན་འཇུག་ལྔ་དང་། རྗེས་འཇུག་བཅུ། མིང་གཞི་རྐྱང་པའམ་མི་འཇུག་པའི་ཡི་གེ་ཉི་ཤུ་དག་གོ། གཉིས་པ་ནི། རྣམ་དབྱེ་བརྒྱད་དང་། ཚིག་ཕྲད་བཅུ་གཅིག་གོ། དང་པོ་ནི། ངོ་ཙམ་སྟོན་པ། ལས་སུ་བྱ་བ། བྱེད་སྒྲ། དགོས་ཆེད། འབྱུང་ཁུངས། འབྲེལ་སྒྲ། རྟེན་གནས། བོད་སྒྲ་བཅས་སོ།། གཉིས་པ་ནི། སླར་བསྡུ། ལྷག་བཅས། རྒྱན་སྡུད། འབྱེད་སྡུད། དགར་སྡུད། ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ། བཅས་སོ།།
Comments
Post a Comment