Skip to main content

རྫོང་ཁ་འདི་འབྲུག་པའི་སྲོག་ཤིང་ཨིན།

རྫོང་ཁ་འདི་འབྲུག་པའི་སྲོག་ཤིང་ཨིན།

ང་བཅས་རའི་ འཁོར་བའི་ཆོས་ཐམས་ཅད་ རྟེན་ཅིང་འབྲེལ་བའི་ཆོས་ཨིནམ་ལས་ མི་སྡེ་ནང་འབྲེལ་བ་འཐབ་སྟེ་ བརྡ་དོན་སྤྲོདལེན་འབད་སའི་གཞི་ངོ་མ་ མཐུད་ལམ་འདི་ཡང་ སྐད་ཡིག་འདི་ཨིན། སྐད་ཡིག་འདི་ལས་རྟེན་ རྒྱལ་ཁབ་རང་དབང་རང་བཙན་དང་ སྲུང་སྐྱོབ་ རྒྱལ་ཁབ་ནང་ཐབས་རིག་དང་སྲིད་བྱུས་ཀྱི་ གོ་བརྡ་ཚུ་ཡང་ སྐད་ཡིག་ལས་རྟེན་ གནས་ཚུལ་ཚུ་བསྡུ་ལེན་འབད་ཚུགསཔ་ཨིནམ་ལས་ སྲོག་ཤིང་བཟུམ་ཅིག་ཨིན། དེ་འབདཝ་ལས་ འབྲུག་པའི་སྐད་ཡིག་ རྫོང་ཁ་འདི་ཡང་  ང་བཅས་ག་ར་གི་ སྲོག་ཤིང་ཨིནམ་ལས་ བདག་འཛིན་འབད་དགོཔ་ཨིན།

མི་དབང་རིམ་བྱོན་རྣམས་ཀྱིས་ཡང་ སྐད་ཡིག་རྫོང་ཁ་འདི་ སྔར་བ་ལྷག་ཡར་རྒྱས་གཏང་ནི་ལུ་ གཙོ་བོ་རིམ་བཞེས་གནང་ཡོདཔ་ཨིན།གནས་ཚུལ་བསྡུ་ལེན་འབད་སའི་གཞི་དང་ མི་སྡེ་ནང་འབྲེལ་བ་འཐབ་ཚུགས་པའི་ལམ་ རང་གི་སྐད་ཡིག་འདི་ རྩིས་མཐོང་དང་དག་སྣང་བསྐྱེད་དགོཔ་འདི་ ངེས་བདེན་ཨིནམ་ལས་ དམིགས་གསལ་དུ་ རྫོང་ཁ་གོང་འཕེལ་ཚོགས་ཆུང་ལས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་  གཞི་བཙུགས་མཛད་གནང་ཡོདཔ་ཨིན། རང་གི་ཁ་སྐད་འདི་ བདག་འཛིན་འབད་དེ་ ལཱ་འབད་ཚུགས་པ་ཅིན་ རྒྱལ་ཁབ་ཀྱི་ཞབས་ཏོག་ཟེར་རུང་ འདི་རང་ཨིན་ཟེར་ཞུ་ནི་ཨིིན།

དེང་སང་  ཡར་རྒྱས་ཀྱི་དུས་དང་བསྟུན་ གོམ་པ་མདུན་དུ་སྤོ་དགོཔ་ཨིན་རུང་ རང་གི་སྐད་འདི་ཡང་ རང་དང་མཉམ་འབག་དགོཔ་ཨིན། འཕྲུལ་རིག་དང་  གློག་རིག་གི་ཐ་སྙད་ཚུ་ག་ར་ རྫོང་ཁ་ནང་སྐད་སྒྱུར་འབད་མ་ཚུགས་རུང་ དོ་མཉམ་གྱི་ཚིག་ གོ་བརྡ་སྤྲོད་ཚུགས་མི་ཚུ་ ལག་ལེན་འཐབ་ནི་དང་ འོས་ལྡན་གྱི་ཚིག་ཚུ་ གསར་བཟོ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཡང་འདུག དེ་སྦེ་མ་འབད་བར་ ཕྱིའི་སྐད་ཡིག་གི་ཐ་སྙད་ཀྱིས་ ང་བཅས་ཀྱི་རྫོང་ཁ་འདི་འགབ་ཚུགསཔ་སྦེ་སྡོད་པ་ཅིན་ རོགས་ཀྱི་ཁ་སྐད་ལག་ལེན་འཐབ་སྡོད་དེ་ ངེའི་སྐད་ཡིག་རྫོང་ཁ་ཨིན་ཟེར་ སླབ་སྟེ་སྡོད་པ་ཅིན་ རང་འབྱུང་ཁུངས་ཆུང་བའི་རྟགས་མེན་པ་ཅིན་ ག་ཅི་ཨིནམ་སྨོ། འདི་ཡང་ ཐུགས་ཁར་བསྣམས་སྟེ་ སྐད་ཡིག་འདི་ བདག་འཛིན་འབད་དགོཔ་ཨིན། 

རང་གི་སྐད་ཡིག་འདི་ རང་གི་བུ་བཟུམ་ བདག་འཛིན་འབད་དགོ སྐད་ཡིག་གི་དགོས་པ་རྒྱུ་མཚན་ཚུ་ ཧ་གོ་བཞིནམ་ལས་ ཧིང་ལས་རང་སྤྲོ་བ་བསྐྱེད་དེ་ ལཱ་འབད་ནི་མེན་པར་ འབྲུག་པའི་མི་ཚུ་གིས་ དག་སྣང་མེདཔ་སྦེ་བཞག་སྟེ་ ཕྱིའི་ཁ་སྐད་དང་སྐད་ཡིག་ལུ་ སྤྲོ་བ་མང་སུ་སྦེ་ བསྐྱེད་སར་བལྟ་བ་ཅིན་ བློ་འགྱོད་པའི་གཞི་དང་ འབྲུག་པའི་ས་ཁར་སྡོད་དེ་ མིང་དོན་མ་མཐུན་པའི་ཁར་ རང་གི་གཅེས་པའི་བུ་དང་འདྲ་བའི་ སྐད་ཡིག་རྫོང་ཁ་འདི་ར་ཡལ་ནིའི་ཉེན་ཁ་ཡང་འདུག དེ་མ་ཚད་ རང་གི་སྐད་ཡིག་འདི་ར་ཡལ་བ་ཅིན་ རང་ཡང་རྒས་པའི་དུས་སུ་ བལྟ་མི་གཅེས་པའི་བུ་མེད་པར་ སྤྱང་འཁྱམས་སྡོད་དོ་བཟུམ་གྱི་  དུས་ཚོད་ཡང་ ཡུན་མ་རིང་བར་ཤར་བའི་ དུས་གཅིག་ཤར་འོང་ཟེར་ཞུ་ནི་ཨིན། 

ད་ལྟོ་གི་རྫོང་ཁའི་  སྤུས་ཚད་ཀྱི་གནས་ཚད་ལུ་བལྟ་བ་ཅིན་ ང་བཅས་ཀྱིས་ ཐབས་ལམ་དང་རིག་པ་གསརཔ་ལག་ལེན་འཐབ་སྟེ་ འགན་ཁུར་འཐེབ་འབག་དགོཔ་ ལེ་ཤ་རང་འདུག མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ཚུ་གིས་ཡང་ རྫོང་ཁ་འབྲི་ནི་དང་ ལྷག་ནི་ལུ་གདོང་ལེན་སྦོམ་བྱུངམ་མ་ཚད་ སྤྲོ་བ་བསྐྱེད་མི་ཡང་ཉུང་སུ་འདུག རང་གི་སྐད་ཡིག་ལུ་རང་གིས་རང་ སྤྲོ་བ་དང་དག་སྣང་བ་བསྐྱེད་པ་ཅིན་ གཞན་གྱི་རྩ་ལས་མི་བསྐྱེད། གོམ་ན་སླ་བར་མི་འགྱུར་བའི།། དངོས་དེ་གང་ཡང་ཡོད་མ་ཡིན།། ཟེར་རྒྱལ་སྲས་ཞི་བ་ལྷས་གསུངས་དོ་བཟུམ་མི་གིས་འབད་མི་འདི་ཚུ་ མི་གིས་འབད་མ་ཚུགས་པའི་དཔེ་མི་སྲིད་ གཙོ་བོ་རང་སེམས་ཤུགས་ཀྱི་དངོས་གཞི་འདི་ ཁག་ཆེཝ་ཨིན། 

སྐད་ཡིག་འདི་སྔར་བ་ལྷག་ སྤྲོ་བ་བསྐྱེད་ཐབས་ལུ་སེམས་ཤུགས་ བྱིན་དགོཔ་ཡང་ཁག་ཆེ།  འདི་ཡང་ རྫོང་ཁ་དང་འབྲེལ་བའི་ གཡོག་གི་ས་སྟོང་བཟོ་ནི། སློབ་གྲྭ་ནང་ རྫོང་ཁའི་ཆོས་ཚན་ལས་འགོ་བཙུགས་ཏེ་ ལྷག་དེབ་དང་སྲུང་དེབ་ ག་ར་ལེགས་བཅོས་དང་བསྐྱར་བཟོ་འབད་དགོཔ་འདུག  དེ་མ་ཚད་ རྫོང་ཁའི་རྩོམ་སྒྲིག་པ་ཚུ་ལུ་ ངེས་ལེན་དང་རྒྱབ་སྐྱོར་གནང་པ་ཅིན་ རྫོང་ཁའི་སྐད་ཡིག་འདི་ཡང་ རྒྱལ་སྤྱིའི་སྐད་ཡིག་བཟུམ་ ཡར་རྒྱས་འགྱོ་བའི་ཁར་ འབྲུག་པ་རང་ཡང་ འབྲུག་པ་ཨིནམ་པའི་ དཔའ་ཉམས་གཅིག་ སྐད་ཡིག་གི་འབག་ཚུགསཔ་ཨིན། དེ་འབདཝ་ལས་ དྭངས་བའི་ཆུ་ནང་སྡོད་མི་ཉ་འདི་ རང་གི་ཆུ་འདི་བཞག་སྟེ་ གཞན་གྱི་ཚྭ་ཁུག་ཆེ་བའི་རྒྱ་མཚོ་ནང་འཁྱམས་ཏེ་ སྡོདཔ་ལས་ རང་གི་དྭངས་ཆུ་འདི་རང་གིས་ བདག་འཛིན་འབད་དེ་ ཕོཝ་རྒྱགས་པ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྗོན་ཤིང་ཡང་ འབྲུག་ཡུལ་འདི་ནང་  ལོ་འདབ་རྒྱས་འོང་ཟེར་ཞུ་ནི་ཨིན།

བསམ་ལྗོངས་བཀྲིས། སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ 


མི་མངམ་གིས་ ལྷག་མི་རྩོམ།

སྨོན་ལམ་ ༡༠༨ །

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

Speech of APJ Abdul Kalam

𝐀 𝐋𝐨𝐧𝐠 𝐋𝐢𝐟𝐞 𝐏𝐫𝐚𝐲𝐞𝐫 𝐟𝐨𝐫 𝐊𝐲𝐚𝐛𝐣𝐞 𝐑𝐢𝐧𝐩𝐨𝐜𝐡𝐞, 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨 𝐓𝐫𝐮𝐥𝐤𝐮 𝐉𝐢𝐠𝐦𝐞 𝐂𝐡𝐨𝐝𝐫𝐚𝐤.

འབྲུག་རྒྱལ་བཞི་པ་མཆོག་ལུ་བསྟོད་དབྱངས་སྙིང་བསྡུས།

Shechen Rabjam Rinpoche

Topic Sentence and Thesis Statement: The Keystones of Organized Writing

འཛུམ་འཛུམ་་་་་་

ཕུན་ཚོགས་གླིང་གི་འཁྲུལ་སྣང་། Sorrows of Phuntsholing

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།