Skip to main content

དབང་བཙོང་འདོད་སྤྱོད་ཀྱི་ཉེས་ཁྲིམས།



དབང་བཙོང་འདོད་སྤྱོད་ཀྱི་ཉེས་ཁྲིམས། 

རྒྱ་གར་འཕགས་པའི་ཡུལ་གྱི་ རིག་པའི་རྩེ་མཆོག་མངའ་བ་ རྒྱན་དྲུག་མཆོག་གཉིས་ལས་ སློབ་དཔོན་མགོན་པོ་ཀླུ་གྲུབ་ཀྱིས་ ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞིན་དུ།། ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས།། ཟེར་བཤེས་སྤྲིངས་ནང་གསུངས་གནང་དོ་བཟུམ་ ང་བཅས་འགྲོ་བ་མིའི་ སྤྱོད་ལམ་ཚུ་ རྟ་སྤུ་ལོང་གི་སྒྲིག་མེན་པར་ བྱ་སྤུ་གནོན་གྱི་སྒྲིག བཟུམ་གནས་དགོ་པ་ཅིན་ ཁྲིམས་འདི་ངེས་པར་དུ་ ཁག་ཆེ། གནད་དོན་འདི་ལུ་བརྟེན་ མཁས་ལྡན་གྱི་མཁས་དབང་གིས་ མཛད་གནང་མི་ ཁྲིམས་དང་ཉེས་ཁྲིམས་ལུ་ གུས་བཀུར་གནང་དགོཔ་འདི་ཡང་ གལ་ཆེ་རུང་ དུས་ཀྱི་བགྱུར་བ་དང་བསྟུན་ བྱ་ངན་འབད་མི་ ལེ་ཤ་ཡོད་པའི་ནང་ལས་ ལོ་ན་མ་སྨིན་པའི་ དབང་བཙོང་འདོད་སྤྱོད་དང་ འདིའི་ཉེས་ཁྲིམས་ལྕི་ཡང་གི་སྐོར་ལས་ བསམ་འཆར་བཀོད་མི་ལེ་ཤ་ཡོདཔ་ཨིན། འདི་ནང་ དབང་བཙོང་འདོད་སྤྱོད་ཀྱི་ ཉེས་ཁྲིམས་འདི་སྲོག་ཐོག་ལུ་བཀལ་དགོཔ་དང་ བཀལ་མ་དགོ་པའི་སྐོར་ལས་ ལུང་དང་རིག་པའི་རྩོད་རྙོག་ ལེ་ཤ་འདུག 

ཆོས་ལྡན་འབྲུག་གི་རྒྱལ་ཁབ་ནང་ དབང་བཙོང་འདོད་སྤྱོད་ཀྱི་ ཉེས་ཁྲིམས་སྲོག་ཐོག་ལུ་བཀལ་ནི་འདི་ རྣམ་དཔྱོད་ཡངས་པའི་ ཤར་གྱི་སྒོ་ཕྱེ་དགོཔ་འདུག འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་ཀྱི་མིང་དང་ མ་འོངས་སྔོན་གཟིགས་ཅན་གྱི་ ཆོས་རྒྱལ་བྱང་ཆུབ་སེམས་དཔའི་ མཚན་གྱི་སྙན་གྲགས་འདི་ འཛམ་གླིང་ག་ཏེ་ལུ་ཡང་ ལྷའི་རྔ་བོ་ཆེའི་སྒྲ་གིས་ཁྱབ་དོ་བཟུམ་སྦེ་ ཁྱབ་སྟེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ཁྲིམས་རྩམ་པའི་སྐབས་ ཕྲལ་དང་ཕུགས་ཀྱི་མཐའ་དོན་འདི་བློས་ ཁྲིམས་ཚུ་ཡང་ ནང་པ་སངས་རྒྱས་ཀྱི་ འདུལ་ཁྲིམས་ལས་ རྟ་འབྲངས་བ་དང་ ཁྲིམས་དང་ཉེས་ཁྲིམས་ཚུ་ཡང་ ནང་པའི་ཆོས་དང་མ་འགལཝ་སྦེ་ བརྩམས་གནང་མི་འདི་ རྨད་དུ་བྱུང་བ་ཅིག་ཨིན། འདི་འབདཝ་ལས་ བྱ་ངན་ལྕི་བ་ག་བཟུམ་འབད་རུང་ ཉེས་ཁྲིམས་སྲོག་ཐོག་ལུ་ བཀལ་ནི་མེད་པའི་ བཀའ་ཐམ་འདི་ ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ ང་བཅས་རའི་དྲིན་ཆེན་གྱི་སྤྱི་ནོར་དམ་པ་ འབྲུག་རྒྱལ་བཞི་པའི་ ཐུགས་ལས་འཁྲུངས་ཡོདཔ་ཨིན། རྒྱུ་མཚན་འདི་ལུ་བརྟེན་ དབང་བཙོང་འདོད་སྤྱོད་ཀྱི་ ཉེས་ཁྲིམས་འདི་ སྲོག་ཐོག་ལུ་བཀལ་ནི་འདི་ དེང་སང་མི་ཚུ་གིས་ དཔེ་གསརཔ་དང་ཁྲིམས་གསརཔ་གིས་ རྒྱལ་ཁབ་ཀྱི་མ་འོངས་པའི་གནས་སྟངས་ ག་བཟུམ་ལུ་ཐུག་ནི་ཨིན་ན་ ཐུགས་བསམ་རྒྱ་ཆེ་ས་ལས་ གནང་དགོཔ་འདུག 

འབྲུག་པའི་མི་སྡེ་བརྡ་བརྒྱུདཔ་དང་ ཆེ་མཐོ་ཅན་གྱི་འཐུས་མི་དང་དཔོན་ཁག་ལ་ལུ་གིས་ གཞུང་ལུ་གྲོས་འདེབས་ཕུལ་མི་འདི་གིས་ མ་འོངས་པའི་མདུན་ལམ་ མུན་པའི་ཡུལ་དུ་འགྱུར་ནིའི་ཉེན་ཁ་ཡོདཔ་ཨིན། འདོད་ཆགས་ལས་རྟེན་པའི་ བྱ་བ་ངན་པ་འདི་ བྱ་བ་ཐ་མ་རྔམ་སི་སི་ ལས་འབྲས་མེད་པའི་བྱ་བ་སྤྱོད་ལམ་ རྣམ་རྟོག་ལང་སི་སི་དང་ ཕངས་སི་སི་ཚུ་མཐོངམ་ད་ ན་ཟུག་ཀྱིས་བཟོད་མ་ཚུགས་པར་ གྲོས་འདེབས་ཕུལ་མི་འདི་ གཅིག་ལས་འབད་བ་ཅིན་ གཞན་ཕན་བྱང་ཆུབ་སེམས་དཔའི་ ཕྱག་ལཱ་བཟུམ་མཐོངམ་ཨིནམ་མས། ཨིན་རུང་ ང་བཅས་ཀྱིས་ ལེགས་ཤོམ་སྦེ་མནོ་བསམ་གཏང་པ་ཅིན་ དབང་བཙོང་འདོད་སྤྱོད་ཀྱི་ཉེས་ཁྲིམས་ལས་རྟེན་ ཤར་རྡོ་རྗེ་སེམས་དཔའ་ལུ་ཕྱག་འཚལཝ་ད་ ནུབ་སྣང་བ་མཐའ་ཡས་ རྒྱབ་ཁར་ལུས་དོ་བཟུམ་གྱི་ གནས་སྟངས་ལུ་འགྱུར་ནིའི་ཉེན་ཁ་འདུག སྤྱིར་བཏང་གི་དབང་དུ་བཏང་པ་ཅིན་ ཉེས་ཁྲིམས་ཕོག་ལུགས་འདི་ མི་སེར་ཉམས་ཆུང་དང་ མི་སེར་གོ་གནས་ཅན་གཉིས་ཀྱི་བར་ན་ ས་སྟོང་སྦོམ་རང་ཡོད་པའི་ ཚོར་སྣང་བྱུངམ་ལས་ ཉ་སྦོམ་ཚུ་འབྱོག་ཐལ་པའི་དཔེ་བཟུམ་ མི་སེར་ཉམས་ཆུང་ཚུ་ ཉེས་ཁྲིམས་འདི་ལས་རྟེན་ མུན་པའི་ཡུལ་ལུ་ ལྷོད་པའི་སྣང་བ་དང་ རྒྱལ་ཁབ་ཀྱི་མིང་གི་སྙན་གྲགས་ཡང་ མེདཔ་འགྱོ་ནི་ལུ་ཐེ་ཚོམ་མིན་འདུག 

དབང་བཙོང་འདོད་སྤྱོད་དང་འབྲེལ་བའི་ ཉེས་ཁྲིམས་འདི་ རྒྱལ་ཁབ་ནང་སྔོན་མ་ལས་ཡོདཔ་ཨིན། འབྲུག་པའི་ན་གཞོན་ མི་སེར་ཕོ་མོའི་ མཐའ་དོན་ལུ་དམིགས་ཏེ་ ཁྲིམས་བཟོ་ཚོགས་ཆུང་གི་ འཐུས་མི་མཁྱེན་རྒྱ་ཆེ་བ་རྣམས་ཀྱིས་ ཐུགས་བསམ་རྒྱ་ཆེ་ས་ལས་གནང་ཏེ་ དབང་བཙོང་འདོད་སྤྱོད་ཀྱི་ ཁྲིམས་དང་ཉེས་ཁྲིམས་བཟོ་གནང་ནུག དབང་བཙོང་འདོད་སྤྱོད་ཀྱི་ ཉེས་ཁྲིམས་འདི་ སྲོག་ཐོག་ལུ་མེདཔ་སྦེ་བཟོ་མི་འདི་ཡང་ ནང་པའི་བལྟ་བ་ཆེན་པོ་ འགྱོད་པ་མེད་ན་བཤགས་པས་མི་དག་པའི་ ཁུངས་ལས་རྟ་འབྲངས་ཏེ་ དགའ་བོ་སོར་འཕྲེང་དང་ མཐོང་ལྡན་བདེ་བྱེད་བཟུམ་ རང་གི་བྱ་བ་ངན་པ་འདི་ ངན་པ་ཨིནམ་ཤེས་ཏེ་ མཐའ་མར་ རྐྱེན་ངན་པས་གྲོགས་སུ་འགྱུར་ཏེ་ མི་བཟང་པོ་ལུ་འགྱུར་ཚུགས་པའི་ ས་གོ་དང་གསེར་གྱི་སྒོ་ཡངས་ཏོག་ཏོ་སྦེ་ བཟོ་གནང་ཡོདཔ་ཨིནམ་མས། འདི་འབདཝ་ལས་ དབང་བཙོང་འདོད་སྤྱོད་ཀྱི་ ཁྲིམས་དང་ཉེས་ཁྲིམས་འདི་ རྒྱལ་ཁབ་ནང་བདག་མེད་སྦེ་ མ་བཞག་པར་ སྔོན་མ་ལས་རང་ བཟོ་སྟེ་གནང་ཡོདཔ་ཨིན། 

ཆོས་དང་ལྡན་པའི་རྒྱལ་ཁབ་འདི་ནང་ ཁྲིམས་དང་ཉེས་ཁྲིམས་འདི་ཚུ་ཡང་ དམ་པའི་ཆོས་དང་མཐུན་སྦེ་ ཡ་མཚན་ཅན་སྦེ་ཡོདཔ་མ་ཚད་ དབང་བཙོང་འདོད་སྤྱོད་དང་འབྲེལ་བའི་ ཁྲིམས་དང་ཉེས་ཁྲིམས་འདི་ཡང་ གཞན་རྒྱལ་ཁབ་དང་རྩ་ལས་མ་འདྲ་རུང་ དེང་སང་གི་ མི་སེར་ཚུ་གི་ བསམ་འཆར་དང་གྲོས་འདེབས་ཕུལ་མི་ ལེ་ཤ་རང་མཐོན་དོ་ཡོདཔ་ཨིན། དབང་བཙོང་འདོད་སྤྱོད་ཀྱི་ ཉེས་ཁྲིམས་འདི་ སྲོག་ཐོག་ལུ་བཀལ་ནི་མེད་མི་འདི་བློས་ཀྱང་ འདི་བ་ལྷག་པའི་ བྱ་ངན་འབད་མི་ཚུ་ཡང་ རྒྱལ་ཁབ་གཞན་བཟུམ་སྦེ་ ཉེས་ཁྲིམས་སྲོག་ཐོག་ལུ་ བཀལ་ནི་མེདཔ་སྦེ་བཟོ་མི་འདི་ འཛམ་གླིང་ནང་གཞན་དང་མ་འདྲ་བའི་ རྒྱལ་ཁབ་འདི་ནང་ལུང་བསྟན་ལྷ་ལས་འབབ་པའི་ རྒྱལ་པོ་བྱང་ཆུབ་སེམས་དཔའ་དང་ མི་སེར་བསོད་ནམས་ཅན་གྱི་ ལྷ་བསྐལ་བཟང་པོའི་རྟགས་མཚན་ཨིན། ཁྲིམས་དང་ཉེས་ཁྲིམས་ཚུ་ཡང་ ཁྲིམས་སྦེ་མེན་པར་ མི་སེར་ཚུ་བག་ཡོད་དང་ དྲན་པ་ཤེས་བཞིན་གུ་གནས་ཐབས་དང་ མཇུག་རང་ ཉེས་ཁྲིམས་འདི་ལས་ རང་གི་འཛོལ་བའི་ལཱ་འདི་ འཛོལ་བ་ཨིནམ་ཤེས་ཏེ་ བློ་འགྱོད་པ་ཧིང་ལས་བསྐྱེད་དེ་ ལམ་བཟང་པོ་ལུ་གནས་བཞིནམ་ལས་ དཀར་གསལ་ཟླ་བ་འདི་ ས་སྨུག་དང་ཁ་བྲལ་དོ་བཟུམ་ མི་ཚེ་ལྷག་ལུས་འདི་ བདེ་སྨོན་གྱི་ཚིག་ལས་འཐོན་དོ་བཟུམ་ མི་ལུས་དོན་དང་ལྡན་པར་འགྱུར་ཚུགས་པའི་ གོ་སྐབས་བཟང་པོའི་ རིན་ཆེན་གསེར་གི་སྒོ་འདི་ མི་སེར་ལུ་ ཕྱེ་གནང་ཡོདཔ་ཨིན། དེ་འབདཝ་ལས་ འདི་བཟུམ་གྱི་གྲོས་འདེབས་འདི་ མ་འོངས་པ་ལུ་ མཐོང་ནིའི་ཕར་བཞག་ ཐ་ན་རྣ་བོ་སྒྲ་འཛིན་རྒྱལ་མོར་དང་ རྣམ་པར་ཤེས་པའི་ ཁང་མིག་འདི་ནང་ཡང་ མ་པ་ལས་འཁོར་ནི་མེད་པའི་ བཀྲིས་སྨོན་ལམ་ཞུའོ། ། 

- བཀྲིས་རྡོ་རྗེ། 

མི་མངམ་གིས་ ལྷག་མི་རྩོམ།

𝐀 𝐋𝐨𝐧𝐠 𝐋𝐢𝐟𝐞 𝐏𝐫𝐚𝐲𝐞𝐫 𝐟𝐨𝐫 𝐊𝐲𝐚𝐛𝐣𝐞 𝐑𝐢𝐧𝐩𝐨𝐜𝐡𝐞, 𝐭𝐡𝐞 𝟕𝟎𝐭𝐡 𝐉𝐞 𝐊𝐡𝐞𝐧𝐩𝐨 𝐓𝐫𝐮𝐥𝐤𝐮 𝐉𝐢𝐠𝐦𝐞 𝐂𝐡𝐨𝐝𝐫𝐚𝐤.

༄༅། །དཔལ་སྤྲུལ་རིན་པོ་ཆེའི་ཞལ་གདམས་བཞུགས་སོ། །

Chumphu Ney

༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

རྗེ་བཙུན་མི་ལའི་ཞལ་གདམས། Advice of Jitsen Melarepa

I LOVE MY COUNTRY

Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

དྲན་གཏམ།

མདོ་རྒྱ་ཆེར་རོལ་པ་ལས།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།

༉ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་གནང་མི་ལུ་ དགའ་ཚོར་སྦོམ་ཡོད། རྩོམ་རིག་ གཟིགས་འདོད་ཡོད་མི་ཡོངས་ དུས་ནམ་རང་འབད་རུང་ བྱོན་པར་ལེགས་སོ་ཡོད། ཁ་གསལ་སྦེ་ འབྲེལ་བ་འཐབ་ནི་གི་དོན་ལུ་ གློག་འཕྲིན་ཁ་བྱང་ tashidorji2107@gmail.com ནང་འབྲེལ་བ་འཐབ་གནང་།