ཁོ་བོའི་བསམ་པ།
གངས་སྟོད་མཐོན་པོ་ང་ནི་ཁ་བ་གིས་བཀབ་དུས། །
དར་སེང་དཀར་མོ་ཁྱོད་ནི་གངས་འདི་རུ་འཁྱམས་ནས། །
ངོ་མཚར་སྒེག་པའི་རྣམ་འགྱུར་ཡུད་ཙམ་ཞིག་མེད་ན། །
གཡུ་རལ་རྣམ་པར་རྒྱས་པའི་དགོས་པ་འདི་ཆུང་ངོ། །
སྤང་སྟོད་མཐོན་པོ་ང་ནི་རྩ་མལ་གྱིས་བཀླུབས་དུས། །
ནགས་ཀྱི་ཤ་བ་ཁྱོད་ནི་སྤང་འདི་རུ་འཁྱམས་ནས། །
མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་དགའ་སྟོན་ཞིག་མེད་ན། །
ཤ་བ་རྭ་ཅོ་རྒྱས་པའི་དགོས་པ་འདི་ཆུང་ངོ། །
མཚོ་སྟོད་མཐོན་པོ་ང་ནི་དབྱར་ཆུ་ཡིས་རྒྱས་དུས། །
གསེར་མིག་ཉ་མོ་ཁྱོད་ནི་མཚོ་འདི་རུ་འཁྱམས་ནས། །
འཁྱུག་འཁྱུག་འགྲོ་བའི་རྣམ་འགྱུར་ཡུད་ཙམ་ཞིག་མེད་ན། །
གསེར་མིག་འཁྱུག་རྩལ་རྒྱས་པའི་དགོས་པ་འདི་ཆུང་ངོ། །
སྐྱེད་ཚལ་ང་ནི་སྲིད་ཞིའི་མཛེས་སྡུག་གིས་གང་ཚེ། །
བྱིའུ་ཅུང་འཇོལ་མོ་ཁྱོད་ནི་ས་འདི་རུ་སླེབས་ནས། །
སྙན་འཇེབས་ལྷང་ལྷང་སྒྲོག་པའི་འགྱུར་ཁུགས་ཞིག་མེད་ན། །
འཇོལ་མོ་གསུང་སྙན་རྫོགས་པའི་དགོས་པ་འདི་ཆུང་ངོ། །
སྣོད་བཅུད་འབྲལ་མེད་ཕུན་སུམ་ཚོགས་པ་ཡི་དུས་འདིར། །
མཚན་ལྡན་བླ་མ་ཁྱོད་ཀྱིས་གླིང་བཞི་ཡི་འགྲོ་ལ། །
དམ་པའི་ཆོས་ཀྱི་གདམས་ངག་ཅུང་ཟད་ཅིག་མེད་ན། །
བཤེས་གཉེན་འོག་མིན་ཕྱིན་པའི་དགོས་པ་འདི་ཆུང་ངོ། །
སྟོབས་འབྱོར་དབང་རྣམས་རྒྱས་པའི་ཕུན་ཚོགས་ཀྱི་དུས་འདིར། །
དབང་ཆེན་ཁྱོད་ཀྱིས་འབངས་འཁོར་སྤྲང་པོ་ཡི་ཚོགས་ལ། །
ལེགས་ཉེས་སྐྱིད་སྡུག་བསེལ་བའི་དགོངས་པ་ཞིག་མེད་ན། །
ས་སྐྱོང་སྟོབས་འབྱོར་རྒྱས་པའི་དགོས་པ་འདི་ཆུང་ངོ། །
པ་ཏྲ་རི་མོས་མཛེས་པའི་གཟིམ་ཅུང་གི་ནང་དུ། །
བཞུགས་པའི་དྲིན་ཅན་ཕ་མས་རང་ཉིད་ཀྱི་ཕྲུག་ལ། །
འཇིག་རྟེན་ལྟ་བའི་བསླབ་བྱ་ཟབ་མོ་ཅིག་མེད་ན། །
ལུས་སེམས་ན་ཚོད་རྒས་པའི་དགོས་པ་འདི་ཆུང་ངོ། །
དྲིན་ཅན་ཕ་མ་བརྒྱ་དང་རྩ་བརྒྱད་ཀྱི་དཔང་དུ། །
སྐྱེས་པའི་ན་ཆུང་བུ་ཚ་ཕོ་མོ་ཡི་ཚོགས་ཀྱིས། །
གོང་མར་གུས་པའི་དག་སྣང་ཅུང་ཟད་ཞིག་མེད་ན། །
ཕ་མས་གཅེས་པར་བསྐྱངས་པའི་དགོས་པ་འདི་ཆུང་ངོ། །
མཛེས་སྡུག་ཀུན་རྫོགས་གཡུས་བཟང་ཁྲ་མོ་ཡི་ཕྱོགས་ལ། །
འཛོམས་པའི་གཉེན་གྲོགས་ཕོ་གཞོན་མོ་གཞོན་གྱི་རྒྱུད་ལ། །
ཕན་ཚུན་བརྩེ་བའི་དམ་ཚིག་བཞག་ཐབས་ཞིག་མེད་ན། །
ལས་ཀྱིས་གཅིག་ཏུ་འབྲེལ་བའི་དགོས་པ་འདི་ཆུང་ངོ། །
ཐོབ་པར་དཀའ་བའི་མི་ལུས་རིན་ཆེན་འདི་རྙེད་ནས། །
ལུས་སེམས་འབྲེལ་མེད་རང་དབང་ལྡན་པ་ཡི་དུས་འདིར། །
དམ་པའི་ཆོས་ལ་འབད་རྩོལ་ཉམས་ཆུང་ཞིག་མེད་ན། །
ལུས་དང་རྣམ་ཤེས་འཛོམས་པའི་རྟེན་འབྲེལ་འདི་ཆུང་ངོ། །
You nailed it bro
ReplyDelete