Skip to main content

Father of Modern Bhutan

 མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་གི་མཛད་རྣམ།



མི་དབང་འབྲུག་རྒྱལ་གསུམ་པ་མཆོག

སྔོན་འབྱོན་རྒྱལ་བའི་ཐུགས་བསྐྱེད་སྨོན་ལམ་དང་།།
ཁ་བཞི་འབངས་མི་ཡོངས་ཀྱི་བསོད་ནམས་འཐུས།།
འབུག་མིར་རང་དབང་སྤེལ་མཛད་ཆོས་ཀྱི་རྒྱལ།།
བརྒྱུད་འཛིན་གསུམ་པའི་མཛད་པ་རྨད་དུ་འབྱུང་།།

༡༽ སྐུ་འཁྲུངས་པའི་མཛད་པ།

སྲིད་གསུམ་ནང་ འགྲན་ཟླ་དང་བྲལ་བའི་ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ རིག་འཛིན་པད་གླིང་ལས་བརྒྱུད་པའི་ སྨྱོས་རིགས་ལྷའི་གདུང་ལས་བྱོན་པའི་ ཡབ་འབྲུག་རྒྱལ་གཉིས་པ་ མི་རྗེ་འཇིགས་མེད་དབང་ཕྱུག་མཆོག་དང་ ཡུམ་ལྷ་ལུང་དཔལ་གྱི་རྡོ་རྗེའི་གདུང་རིགས་ལས་འབྱོན་པའི་ མི་རྗེ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་གཉིས་ཀྱི་སྲས་ལུ་ སྤྱི་ལོ་༡༩༢༨ སྤྱི་ཟླ་༥་པའི་ ཚེས་༢་སམ་ གནམ་ལོ་ས་འབྲུག་ཟླཝ་གསུམ་པའི་ཚེས་བཅུ་གསུམ་ལུ་ ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེའི་ ཉེ་འདབས་ཀྱི་ ཁྲུས་སྤང་ཕོ་བྲང་ནང་ལུ་ སྐུ་འཁྲུངས་ནུག

  • བཙས་སྟོན་གྱི་རིམ་པ་ཡང་ ཀྲོང་གསར་ཆོས་རྩེ་རྫོང་ནང་ལུ་ ཉིན་ཞག་བདུན་ཕྲག་ལས་བཅད་དེ་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།

  • ལྷ་སྲས་ཀྱི་སྐུ་ཚེ་ལུ་ བར་ཆད་མི་འབྱུང་ནི་དོན་ལུ་ གཞུང་གྲྭ་ཚང་དང་ ཕྱོགས་ཀྱི་རབ་སྡེ་ཁག་གི་ ཉིན་མཚན་མེད་པར་ སྲུང་མའི་འཕྲིན་བཅོལ་དང་ གཏང་རག་ལུ་བརྩོན་ཡོདཔ་མ་ཚད་ ཡབ་རྗེ་ཁོ་རའི་རྩ་བའི་བླམ་ཡོད་ཚད་ལུ་ ཐུགས་སྨོན་གནང་དགོས་པའི་ སྐྱབས་འཇུགས་ཞུ་བ།

  • ལྷ་སྲས་འདི་གསར་དུ་བཞད་པའི་ མེ་ཏོག་བཟུམ་སྦེ་ མཚར་སྡུག་ཕུན་སུམ་ཚོགས་པ་ མཇལ་ཚད་ཡིད་ཀྱི་བརྟན་པ་ དབང་མེད་དུ་འཕྲོག་པའི་ནུས་པ་ཅན་གཅིག་སྦེ་ གཞན་གྱི་ཟླ་བསྐྱེད་ལས་ རྒྱས་སྲས་དེའི་ཞག་བསྐྱེད་མཐོ་བས་ སྤྱང་གྲུང་ཕུན་སུམ་ཚོགས་པ། ཐུགས་རིག་རྣམ་པར་བཀྲ་བ། མཛེས་སྡུག་གི་དཔལ་ཡོན་ཕུན་སུམ་ཚོགས་པ་སྦེ་ སྐུ་བཞེངས་ཡོདཔ་ཨིན་པས།

༢༽ སྐུ་ཡོན་ལུ་སྦྱངས་ཚུལ་དང་གོ་གནས་རིམ་པར་བཞེས་ཚུལ།

  • རྒྱལ་སྲས་མཆོག་དགུང་ལོ་བདུན་ལས་ ནང་པའི་ཡོན་ཏན་ལུ་མཁས་པའི་མཆོག་འགྱུར་དགེ་བཤེས་ཨ་ཇོ་པ་སངས་དང་ ཕྱི་པའི་ཡོན་ཏན་ལུ་མཁས་པའི་ བ་བུ་བཀྲིས་གཉིས་སློབ་དཔོན་བསྟེན་ཏེ་ མི་ལོ་བདུན་གྱི་རིང་ལུ་ ཧིན་དྷི་དང་ ཨིང་ལིཤ་ ནང་པའི་བཅུ་ཕྲག་རིག་པའི་གནས་ལུ་ སྐུ་ཡོན་ཕུལ་དུ་ཕྱིན་པར་གསན་ཡོདཔ་ཨིན་པས།

  • དགུང་ལོ་༨་ལུ་ ཡབ་ཡུམ་དཔོན་གཡོག་དང་བཅས་ རྒྱ་གར་ཀ་ལི་ཀ་ཏར་འབྱོན་ཡོདཔ་ད་ མ་འོངས་པའི་ཟླ་གྲོགས་ཡང་ འགོ་ཐོག་དེ་ཁར་ཕྱད་ཡོདཔ་ཨིན་པས།

  • སྤྱི་ལོ་༡༩༤༢ དགུང་ལོ་༡༥་ལས་ ཡབ་ཀྱི་སྒོ་ཁར་སྒར་ལྟོའི་གྲལ་ འཆམ་སྒར་པའི་ཐུགས་འགན་བཞེས་ཏེ་ རང་ལུགས་ཆོས་རྗེ་འབྲུག་པའི་སྒྲིག་ལམ་ལུ་ གོམས་བཞད་མཛདཔ་མ་ཚད་ དུས་ཚོད་ཐོབ་ཚད་ཕྱག་དཔེ་གཟིགས་ནི་དང་ སྒྲིག་ལམ་ལུ་དཔྱད་པ་མཛད་ནི་འདི་གིས་ ཤུལ་ལས་གསེར་ཁྲི་གུ་ཕེབས་ད་ སྒྲིག་ལམ་རྣམ་གཞག་ཚུ་ གཏན་འབེབ་བསྒྱུར་བཅོས་མཛད་ཡོདཔ་ཨིན་པས།

  • རྒྱལ་སྲས་དགུང་ལོ་༡༨བཞེས་པའི་སྐབས་ ཀྲོང་གསར་མགྲོན་གཉེར་གྱི་ གོ་གནས་བཞེས་ཡོདཔ་ཨིན་པས། ༼འབུ་རས་དམརཔོ་གནང་ས་ལུ་ དཔལ་ལྡན་འབྲུག་པའི་གོ་གནས་དང་པ་བཞེས་ཡོདཔ་ལས་ ཀྲོང་གསར་རྫོང་ནང་ ཆོས་བྲག་བླམ་རིན་ཆེན་རྡོེ་དང་ ཀྲོང་གསར་གནས་བརྟན་གཉིས་ཀྱི་འགོ་འདྲེན་ཐོག་ལས་ ལྷ་བསངས་བཀྲིས་རེ་བསྐོང་སོགས་གནང་སྟེ་ ཡབ་ལས་འབུ་རས་དམརཔོ་དང་ དར་མཛོད་ཞུ་ཡོདཔ་ཨིན་པས།༽

  • རྒྱལ་སྲས་མཆོག་ འབྲུག་རྒྱལ་ཁབ་ནང་ན་ ཕྱི་ནང་གི་སྐུ་ཡོན་གཞི་རིམ་ཡོངས་རྫོགས་ གསན་ཚརཝ་ལས་ མགྲོན་གཉེར་གྱི་གོ་གནས་བཞེས་བཞུགས་རུང་ རྒྱ་ཀ་ལི་ཕུའི་སློབ་གྲ་ནང་ ཕྱག་དཔེ་འཕྲོ་མཐུད་དེ་ སློབ་སྦྱོང་མཛད་པར་འབྱོན་ཡོདཔ་མ་ཚད་ ཕྱི་རྒྱལ་ཨིང་ལེནཌ་ལུ་བྱོན་ཏེ་ ལོ་ངོ་གཅིག་དེ་ཅིག་ ཨིང་ལིཤ་གི་སྐུ་ཡོན་ལུ་སྦྱངས་པ་མཛད་ནུག ༼དགུང་ལོ་འདི་ ༡༨ལས་༢༡གི་བར་ན་ཨིནམ་བཟུམ་འདུག༽ ༡༩༤༨།

  • དགུང་ལོ་༢༣་ལས་ སྤ་རོ་དཔོན་སློབ་ཀྱི་ཁྲི་ཐོག་ཁར་བདག་རྐྱེན་གནང་ནུག

༣༽ རྒྱལ་བཙུན་བཀྲིས་མངའ་སྲོལ་ཞུ་བའི་མཛད་པ།

  • ཡབ་གོང་གཟིམ་བསོད་ནམས་སྟོབས་རྒྱས་དང་ ཡུམ་འབྲས་ལྗོངས་རྒྱལ་པོའི་སྲས་མོ་ རཱ་ནི་ཆོས་དབྱིངས་དབང་མོ་རྡོ་རྗེ་གཉིས་ཀྱི་སྲསམོ་ ཆུང་ཤོས་ཨ་ཞེ་སྐལ་བཟང་ཆོས་སྒྲོན་མཆོག་ མཛེས་སྡུག་ལང་མཚོའི་དཔལ་ཡོན་ཕུན་སུམ་ཚོགས་ཅིང་ ཆོས་ལུ་མོས་ཤིང་འབངས་འཁོར་ལུ་བྱམས་པ། རང་ཚུགས་བརྟན་ཅིང་ཡ་རབས་ཀྱི་ཡོན་ཏན་ཚང་བ། བློ་གྲོས་ལྡན་ཞིང་ཤེས་རབ་ཆེ་བ་ལ་སོགས་པའི་ ཡོན་ཏན་ལྡན་པས་ གོང་གཟིམ་དང་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་གཉིས་ཀྱི་བར་ན་ བཙུན་མོར་བསུ་བའི་ཐུགས་མོས་མཐུན་བྱུང་ནུག

  • མི་དབང་མཆོག་དང་ཨ་ཞེ་ཡང་ གཅིག་གི་གཅིག་མཇལ་བའི་འཕྲོ་ལས་ ཟུར་མིག་གི་མདའ་ཕངས་ཤིང་ ཕན་ཚུན་སྤྱན་གྱི་འོད་ཟེར་བརྗེ་ཏེ་ ཆགས་པའི་སྲེད་པ་རྒྱས་པ་ལ་སོགས་པ་འབྱུང་ནུག

  • རང་ལུགས་འདས་ལོ་ ༣༠༠ སྤྱི་ལོ་ ༡༩༥༡ ལུ་ ཕྱིའི་ཞལ་བཀོད་ཟངས་མདོག་དཔལ་རིའི་རྣམ་པ་དང་འདྲ་བའི་ སྤ་གྲོ་རིན་སྤུངས་རྫོང་གི་ནང་ན་ བློན་འབངས་གེ་ར་དགའ་མགུ་ཡིད་རང་གི་ཐོག་ལས་ བཀྲིས་མངའ་གསོལ་གྱི་རིམ་པ་ རང་ལུགས་དཔལ་ལྡན་འབྲུག་པའི་ སྒྲིག་ལམ་རྣམ་གཞག་གི་ཐོག་ལས་སྒྲིག་ཤིང་ དགའ་བདེའི་དཔལ་ལ་ལོངས་སུ་སྤྱོད་དེ་ བཀྲིས་མངའ་གསོལ་ཞུ་ནུག

རྒྱལ་ཡུམ་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་དང་ འབྲུག་རྒྱལ་གསུམ་པའི་སྐུ་པར།

མཚར་སྡུག་སྲིད་ན་ངོམ་པའི་ལྷ་ལྕམ་དང་། །

ལང་ཚོའི་དཔལ་དང་ལྡན་པའི་རྒྱལ་སྲས་ཟུང་། །

བརྩེ་དགའ་ཡིད་ཀྱིས་མྱང་བའི་སྟོན་ཆེན་འདིར། །

དགའ་ལྡན་ལྷ་བུའི་ཚོགས་ཀྱིས་ལེགས་སོར་བསྔགས། །

༤༽ རྒྱལ་སྲས་རིམ་པར་སྐུ་བལྟམས་པའི་མཛད་པ།

  • སྤྱི་ལོ་༡༩༥༡འི་ལོར་ སྲས་མོ་དང་པ་ སྐུ་འཁྲུངས་ཀྱང་འབངས་མི་སེར་གྱི་ བསོད་ནམས་ཀྱི་མ་ཐེག་པར་ འཆི་བདག་ཕོ་ཉས་ ཞགས་ནག་ཨོལ་ལྐོག་ཁར་དཀྱིས་ཏེ་ འཇིག་རྟེན་ཕ་རོལ་ལུ་བཏང་ད་ནུག

  • སྤྱི་ལོ་༡༩༥༣ཟླ་བ་༧་པའི་ཚེས་༢༦ལུ་ སྲས་མོ་སྦོམ་ཤོས་ ཨ་ཞེ་བསོད་ནམས་ཆོས་སྒྲོན་དབང་ཕྱུག་མཆོག་ ཕྱིའི་རྒྱལ་ཁབ་སུའི་ཛར་ལེནཌ་ལུ་ སྐུ་འཁྲུངས་ནུག

  • སྤྱི་ལོ་༡༩༥༤ ཟླ་བ་༩པའི་ཚེས་༨ལུ་ ཨ་ཞེ་བདེ་ཆེན་དབང་མོ་དབང་ཕྱུག་མཆོག་ སྐུ་འཁྲུངས་ནུག

  • རང་ལུགས་འདས་ལོ་ ༣༠༤་གནམ་ལོ་ཤིང་མོ་ལུག་ལོ་ ཟླ ༩ པའི་ ཚེས་༢༨ སྤྱི་ཚེས་༡༡/༡༡/༥༥ལུ་ ཕོ་བྲང་བདེ་ཆེན་ཆོས་གླིང་ལུ་སྦེ་ ཡུམ་གྱི་སྐུ་གཟུགས་ལུ་ མི་བདེ་བའི་རྣམ་པ་ཙམ་ཡང་མེད་པར་ སྐུ་འཁྲུངས་ནུག

ཨ་ཞེ་དང་འབྲུག་རྒྱལ་གསུམ་པ་མཆོག་ སྲས་སྲསམོ་དང་ལྷན་བཞུགས་གནང་བ།

  • སྤྱི་ལོ་༡༩༥༩་སྤྱི་ཟླ་༣པའི་སྤྱི་ཚེས་༡༢་ལུ་ ཨ་ཞེ་པད་མ་ལྷ་མགྲོན་དབང་ཕྱུག་ སྐུ་འཁྲུངས་ནུག

  • སྤྱི་ལོ་༡༩༦༡་ སྤྱི་ཟླ་ ༤་པའི་སྤྱི་ཚེས་ ༡༡་ལུ་ ཨ་ཞེ་སྐལ་བཟང་དབང་མོ་དབང་ཕྱུག་མཆོག་ སྐུ་འཁྲུངས་ཡོདཔ་ཨིན་པས།

༥༽འབྲུག་བརྒྱུད་འཛིན་གསུམ་པའི་བཀྲིས་མངའ་གསོལ་ཞུ་བ།

  • རྒྱལ་སྲས་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ ཡབ་ཀྱི་དགོངས་རྫོགས་དགེ་སྦྱོར་གྱི་རིམ་པ་ མཇུག་བསྡུ་ཞིནམ་ལས་ རང་ལུགས་འདས་ལོ་༣༠༡་སྤྱི་ལོ་ ༡༩༥༢་རང་ཟླཝ༨པའི་ཚེས་༡༩་ལུ་ སྤུངས་ཐང་ཁ་མ་ཆེན་སྐུ་མདུན་ལས་ འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་གསུམ་པའི་ཁྲི་དར་ཞུ་ཤིང་ རང་ཟླ་༩་པའི་ཚེས་༩་ལུ་ སྤ་གྲོ་རིན་སྤུངས་རྫོང་ནང་ལུ་ འབངས་རྣམས་ལྷན་རྒྱས་ཚུ་དང་མཉམ་ ཁྲི་སྟོན་གྱི་རྟེན་འབྲེལ་བརྩི་སྲུང་ རྒྱས་ཤིང་རྒྱསཔ་སྦེ་ཞུ་ཡོདཔ་ཨིན་པས།

༦༽ ཤར་ཕྱོགས་རྫོང་ཁག་ཏུ་གཟིགས་སྐོར་གནང་བ།

  • གཟིགས་སྐོར་ལུ་འབྱོན་དགོས་པའི་དགོས་པ་་་

  • རྒྱལ་ཁབ་གསར་བརྗེའི་རིང་ལུགས་འགོ་བཙུགས་ནིའི་ དགོངས་བཞེད་ཡོད་ནི་འདི་གིས་ ཤར་ནུབ་ཀྱི་མི་སེར་ཚུའི་བར་ན་ ཁྱད་པར་ཡོད་མེད་གཟིགས་ནིའི་དོན་ལུ་ཨིན་པས།

  • ས་གནས་རྒྱ་ཆེ་ཆུང་དང་ ཡར་རྒྱས་གོང་འཕེལ་འགོ་བཙུགས་པའི་སྐབས་ བྱ་སྟབས་བདེ་མིན་ག་དེ་སྦེ་ཡོད་མེད་གཟིགས་ནིའི་དོན་ལུ་ཨིན་པས།

  • མི་སེར་ཚུ་ལུ་ ཁྲལ་མཐུས་འུར་ལཱའི་ཕོག་ལམ་ རྫོང་ཁག་གཅིག་མཚུངས་མེད་པར་ཡོད་མི་ཚུ་ ཚུལ་བཞིན་མཁྱེན་ནིའི་དོན་ལུ་ཨིན་པས།

༦.༡༽ཤར་ཕྱོགས་རྫོང་ཁག་ནང་གཟིགས་སྐོར་དང་པ།༼༡༩༥༧༽

༦.༢༽ ཤར་ཕྱོགས་རྫོང་ཁག་ནང་ཞབས་ཐེངས་གཉིས་པ་བྱོན་ཚུལ། ༼༡༩༧༡༽

  • སྤྱི་ལོ་ ༡༩༧༡ ལོར་ དབང་འདུས་ཕོ་བྲང་དང་ དཔལ་ལི་ལ་ལས་སྦེ་ ཤར་ནུབ་གཉིས་ཀྱི་གཞུང་ལམ་ སྒོ་འབྱེད་ཀྱི་རྟེན་འབྲེལ་ལས་འགོ་བཙུགས་ཏེ་ དབང་འདུས་ཕོ་བྲང་། ཀྲོང་གསར། གཞལ་སྒང། དགེ་ལེགས་ཕུ། བསམ་གྲུབ་ལྗོངས་མཁར། བདེ་བ་ཐང་། བཀྲིས་སྒང་། མོང་སྒར་། ཀ་ལི་ཁོ་ལ། ཕུན་ཚོགས་གླིང་ལ་སོགས་པའི་ ས་གནས་ག་ར་ནང་ ཞབས་བཅགས་མཛད་གནང་ནུག

འབྲུག་གི་གཞུང་ལམ།

  • དེའི་སྐབས་ ཀྲོང་གསར་དང་བུམ་ཐང་གི་གཞུང་ལམ་ སྒོ་འབྱོད་མཛད་གནང་ཡོདཔ་དང་། བཀྲིས་སྒང་ལས་ཚུར་ གཞུང་ལམ་སེལ་མི་ཡང་ གཟིགས་ཞིབ་མཛད་གནང་ཡོདཔ་ཨིན་པས།

  • ༧༽ ཆབ་སྲིད་ཀྱི་ལམ་སྲོལ་བསྒྱུར་བཅོས་གནང་བ།

  • ༧.༡༽ སྲིད་སྐྱོང་ལམ་སྲོལ་གྱི་བསྒྱུར་བཅོས་མཛད་གནང་བ།

  • སྲིད་སྐྱོང་ལམ་སྲོལ་བསྒྱུར་བཅོས་མཛད་དགོ་པའི་དགོས་པ་་་

  • སྔར་འབྲུག་རྒྱལ་པོའི་སྒོ་ཁར་སྒྲིག་རྒྱུག་མི་ཚུ་ལུ་ ཐོབ་ཐངས་ཟེར་རུང་ ལྟོ་དུས་ཕོག་གསུམ་དང་ ལོ་གོས་ཙམ། དེ་ལས་ མི་སེར་ཚུ་ལུ་ ཁྲལ་དང་ཆད་པ་རེ་བཀལ་བའི་སྐབས་ དཔྱ་བཤའི་ཐོབ་ཐངས་ཨ་ཙི་རེ་བ་གཏོགས་མེདཔ་མ་ཚད་ བང་ཆེན་རེ་བཏང་པའི་སྐབས་ མི་སེར་ལས་འབག་འོང་མི་ཅ་ཆས་ཚུ་ སྒོ་ཁར་སྒྲིག་རྒྱུག་མི་ཚུ་གི་ཐོབ་ཐངས་སྦེ་བཟོ་མི་འདིན་ མི་སེར་དང་འབོད་སྒརཔ་གཉིས་ཆ་ར་ལུ་ ཁེ་རྒུད་མ་བཏུབ་པའི་ལམ་སྲོལ་ལེགས་ཤོམ་མིན་འདུག་ཟེར་ ཐུགས་བསམ་བཞེས་ནུག

  • འབྲུག་རྒྱལ་གསུམ་པ་མཆོག་གི་ ཆབ་སྲིད་ལམ་སྲོལ་བསྒྱུར་བཅོས་ཟེར་ བསྒྱུར་བཅོས་དོན་ཚན་༡༣་སྦེ་མི་གཅིག་ ཁྱབ་སྤོལ་གནང་བའི་དོན་ཚན་༼ལྔ་པ་ཁ༽ ནང་ལུ་ མི་སེར་ལུ་ཕོག་པའི་ཁྲལ་འབུལ་གྱི་རིམ་པ་ བཤད་མི་ནང་ཨིན་དོ་བཟུམ་ཨིན་པ་ཅིན་ འབྱུ་ཁྲལ་དབང་ཡོན། ཐོག་རྒྱབ། ཚེས་བཅུ་ཐོག་ཕུད། བེན་དྷ། ཞིང་འཚོ་ལ་སོགས་པ་དང་། མར་ཁྲལ། བཞོ་མར། དབྱར་མར། དགུན་མར། སྤྲོད་མར། ཚོང་བསྒྱུར། བེན་དྷར། མཁོ་སྒྲུབ། ཏོག་མར། གསོལ་བམ་མར། མར་ཕུད། ཚྭ་མར། ཟེར་བའི་མར་ཁྲལ་གྱི་རིམ་པ་དང་ དེ་བཟུམ་ཚོགས་ཤ གསོལ་ཤ ཤ་སྐལ། ཤ་ནོར་ལ་སོགས་པའི་ཤ་ཁྲལ། རྩྭ་ཁྲལ་དང་ཤིང་ཁྲལ། དལ་ཁྲལ་ལ་སོགས་པ་ མི་སེར་གུང་རེ་གུ་ ཁྲལ་རིགས་མང་རབས་ཕོག་པའི་སྲོལ་སྡོད་ནུག

  • སྦུང་ཁྲལ་ལོ་བསྟར་རྫོང་གི་ཉམས་གསོ་འུར་ལཱ། ལ་སོགས་པ་༼མང་རབས་ཅིག་ཕོག་སྟེ་སྡོད་ནུག་ཟེར་ཨིན་པས།༽

  • སྲིད་སྐྱོང་ལམ་སྲོལ་བསྒྱུར་བཅོས་གནང་ཚུལ།

  • སྒོ་ཁར་སྡོད་མི་ཚུ་ལུ་ ཧེ་མ་བཟུམ་སྦེ་ལྟོ་དང་ལོ་གོས་གནང་ནི་མེན་པར་ དངུལ་ཕོགས་གནང་པའི་ལམ་སྲོལ་བཟོ་ནུག དེ་འབདཝ་ལས་ དངུལ་ཕོག་ལེ་ཤ་མི་གནས་ནིའི་དོན་ལུ་ སྒོ་ཁར་སྒྲིག་རྒྱུག་མིའི་གྲངས་ཚད་ མར་ཕབ་རྐྱབ་ཡོདཔ་ཨིན་པས། དེ་སྦེ་ བསྒྱུར་བཅོས་གནང་དགོ་མི་འདི་ཡང་ མི་སེར་ཚུ་ལས་ཁྲལ་ལེན་སྲོལ་མར་ཕབ་རྐྱབ་ནིའི་དོན་ལུ་ཨིན་པས།

  • སྔར་གྱི་ཁྲལ་རིགས་བསྒྱུར་བཅོས་མཛད་པའི་དོན་ཚན་ ༼ལྔ་པ་ག༽ འབད་བ་ཅིན་ ད་དུང་གྲྭ་ཚང་གི་མཆོད་འབུལ་དང་གསོལ་ཕོགས་ རྫོང་གཞིའི་དཔོན་ཁག་དང་ཚོ་ཁག་སོ་སོའི་དྲུང་པ་ དཔོན་སློབ་ནས་བཟུང་ ཡུལ་གྱི་རྒེད་པོ་ཚུན་གྱི་ཐོབ་ལམ་ཡང་ ཡུལ་གྱི་མི་སེར་ལ་ཁྲལ་འུར་དེ་ཉིད་ ཤིན་ཏུ་ལྕི་བར་འཁྲིལ་ཞིང་ཕོག་པར་གྱུར་བ་ལས་ རྫོང་གཞིར་གཞུང་གི་ལས་བྱེད་ཁོ་ན་མ་གཏོགས་ དྲུང་པ་སྐུ་ཚབ་དང་ དཔོན་སློབ་ཆིབས་བཞོན་པ་སོགས་མདོར་ན་ མི་སེར་ལ་གཟན་བྱ་ཆེ་བའི་དཔོན་ཁག་ཐམས་ཅད་ སྤྱི་ལོ་༡༩༦༠ལོ་ནས་ཕབ་པར་མཛད་པ་ཡིན།

  • སྤྱི་ལོ་༡༩༥༥ལས་རྒྱལ་ས་བུམ་ཐང་ལས་སྤོ་སྟེ་ ཐིམ་ཕུག་ལུ་བཟོ་གནང་ནུག དེ་ཡང་ ཆབ་སྲིད་ཀྱི་སྲིད་སྐྱོང་ལམ་སྲོལ་མ་འདྲཝ་བཟོ་བའི་སྐབས་ རྒྱ་ལམ་དང་བོད་ལམ་ཐིམ་ཕུག་ལས་ཐག་ཉེ་ནི་དེ་གིས་ ཡར་རྒྱས་གོང་འཕེལ་བཙུགས་པའི་དོན་ལུ་ ཐིམ་ཕུ་ལས་བྱ་སྟབས་བདེ་བའི་དབང་ལུ་བཏང་འདི་དང་། གནད་དོན་གཞན་ཡང་ ཤར་ཝང་སྤ་༣པོའི་ མི་སེར་ཚུ་འཇམ་ཏོག་ཏོ་སྦེ་ ལཱ་བཀོལ་ཚུགས་པའི་ཕན་ཐབས་ཡོད་མི་ཚུ་ རྒྱལ་སའི་སྦོ་ལོགས་ཁར་བཞག་སྟེ་ ཡར་རྒྱས་ཀྱི་བསྒྱུར་བ་འགོ་བཙུགས་པ་ཅིན་ བློ་མགུ་ཚུགས་ཏེ་ གོང་འཕེལ་གྱི་ལཱ་ཚུ་ནང་ རྒྱུགས་ཚུགས་པའི་ཕན་ཐབས་ལུ་དང་། ལྷག་པར་དུ་ གཞུང་གྲྭ་ཚང་སྤུངས་ཐིམ་འབདཝ་ལས་ ཆོས་སྡེ་དང་སྲིད་སྡེའི་གཙོ་ཁང་འབྲེལ་བ་འཐབ་ངོ་བདེ་བའི་ དགོས་པ་ལུ་གཟིགས་ཏེ་ཨིན་པས། སྤྱི་ལོ་༡༩༦༡་ལས་ མི་དབང་འབྲུག་རྒྱལ་གསུམ་པས་ རྒྱས་ས་ལྟེ་བ་ཐིམ་ཕུ་ཨིན་པའི་བཀའ་རྒྱ་གནང་ནུག

འབྲུག་གི་རྒྱལ་ས་ལྟེ་བ།

  • སྔར་རྫོང་གཞིས་ཚུ་ཡང་ དགྲ་རྫོང་དང་འབྲུ་རྫོང་སྦེ་ཡོདཔ་ཨིན་པས། དེ་ཡང་ དཔོན་ཁོང་རའི་སྲུང་སྐྱོབས་བཙན་ཐབས་ཀྱི་དོན་ལུ་ཨུན་པས། ཤུལ་ལས་ སྤྱི་ལོ་༡༩༦༢ལས་ ཐིམ་ཕུ་བཀྲིས་ཆོས་རྫོང་འདི་རྩ་བ་ལས་ཤུབས་ཏེ་ ལོག་ཉམས་གསོ་ཞུ་ནི་འགོ་བཙུགས་པའི་བསྒང་ལསནི་ དགྲ་རྫོང་དང་འབྲུ་རྫོང་ཟེར་ཡང་མེདཔ་བཟོཝ་མ་ཚད་ རྫོང་གཞི་འདི་ཉིན་མ་མི་མང་གི་དོན་ལུ་ ཕྱག་ལཱ་གནང་སའི་ཡིག་ཚང་མ་གཏོགས་ ཐ་ན་དཔོན་ཁོ་ར་ཡང་ དགུང་ཞག་རྫོང་ནང་མེན་པར་ ཕོ་བྲང་ནང་སྤོ་སྟེ་བཞུགས་སྲོལ་བཟོ་ཡོདཔ་ཨིན་པས།

  • སྔར་འབྲུག་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་ཐངས་ཡང་ མི་དབང་མངའ་ཞབས་ཀྱི་བཀའ་རྒྱ་དེ་རང་གཙོ་བོ་བསྟེན་པ་དང་། གཞན་གཉེར་ཆེན་དང་གཟིམ་མགྲོན་ཚུ་ཡང་ ཟད་རྩིས་ཤ་ཡིག་མར་ཡིག་ཟེར་བའི་རྩིས་ཁྲ་ཙམ་མ་གཏོགས་ ཡིག་ཐོག་གི་འབྲེལ་བ་སྦོམ་མེདཔ་ཨིན་པས།

  • རྒྱལ་པོའི་སྒོ་ཁར་ཡོད་པའི་ཡིག་ཚང་དེ་ནང་ དྲུང་ཡིག་ལྔ་དེ་ཅིག་གིས་ བཀའ་ཤོག་བྲིས་པའི་ལཱ་གིས་མ་ཚད་པར་ མི་སེར་ཚུ་མ་འགྲིགས་པར་ རྩོད་གཤེར་རྒྱལ་པོའི་རྩར་ཐུག་མི་ཚུ་ཡང་ བདེན་འཛིན་གྱི་དབྱེ་བ་དྲུང་ཡིག་ཚུ་གིས་བཅད་དེ་ འཁྲུན་ཆོད་མངའ་བདག་རྒྱལ་པོ་ཁོ་ར་གིས་ ཞལ་ལས་གསུངས་མི་འདི་གུ་ ཐག་བཅད་པའི་ལམ་སྲོལ་སྡོད་ནུག དེ་མ་ཚད་ དྲུང་ཡིག་ཚུ་ཡང་ རྒྱལ་པོའི་གཟིམ་ཅུང་སྒོ་བཏང་པའི་བསྒང་ལསནི་ སྒོ་ཁར་ལྷོད་དགོཔ་དང་ ཕྱི་རུ་གཟིམ་ཁང་སྒོ་བསྡམ་ཞིནམ་ལས་མ་གཏོགས་ རང་སོའི་ཁྱིམ་ནང་འགྱོ་སྲོལ་མེདཔ་ཨིན་པས།

  • ཤུལ་ལས་ མི་དབང་མཆོག་གསེར་ཁྲི་ཐོག་ཁར་ཕེབས་ཞིནམ་ལས་ རྒྱལ་རྩིས་ཁ་ལོ་བ་ཟེར་བའི་ རྩིས་ཁང་ལོགས་སུ་བཙུགས་གནང་མི་དེ་ནང་ གཞུང་གྲྭ་ཚང་དང་མི་སེར་ལས་ཡང་ སྐུ་ཚབ་རེ་བསྐོས་པའི་འགོ་འཛིན་རྩིས་དཔོན་གཅིག་ གཞུང་གི་ཁོངས་ལས་བསྐོས་ཏེ་ ལོགས་སུ་བཏོན་གནང་ནུག

  • ཤུལ་ལས་ མི་དབང་མངའ་བདག་རྒྱལ་པོའི་ ཡིག་ཚང་ལོགས་སུ་བཙུགས་ཏེ་ མཚན་ཡང་ཡིག་ཚང་གོང་མ་ཟེར་བཏགས་ཞིནམ་ལས་ དྲུང་ཡིག་ཚུ་ཡང་མགྲོན་གཉེར་གྱི་འོག་ལུ་སྡོད་དེ་ ཡིག་ཚང་གི་དུས་ཚོད་ཁར་མ་གཏོགས་ གཟིམ་ཅུང་སྒོ་བསྡམ་ནི་དང་ བཏང་ནི་ལུ་བལྟ་མ་དགོ་པར་ རང་དབང་ཐོག་ལས་ ལཱ་འབད་སྲོལ་འབྱུང་ནུག

  • རྩོད་གཤེར་གྱི་རིགས་ཚུ་ཡང་ སྤྱི་ལོ་༡༩༦༨ ལས་ རྫོང་ཁག་རེ་ནང་ཁྲིམས་དཔོན་རེ་བསྐོས་ཏེ་ རྫོང་ཁག་དེ་ནང་རང་ རྩོད་ཆོགཔ་བཟོ་ཡོདཔ་ཨིན་པས། དེ་མ་ཚད་ ཧེ་མ་ སྤྱི་བླ་དང་རྫོང་དཔོན་མགྲོན་གཟིམ་ཟེར་ཡོད་མི་འདི་བསྒྱུར་བཅོས་མཛད་དེ་ ལྷན་རྒྱས་ཀྱི་གོ་གནས་ཅན་དང་ བློན་པོ་དང་ལྷན་རྒྱས་འོག་མ་ཟེར་བསྐོས། དེ་ལས་ ལྷན་རྒྱས་ཀྱི་འོག་ལས་ གཉིས་སྐལ་མའི་གོ་གནས་ དེའི་འོག་ལས་ རབ་འབྱམས་གོང་འོག་གཉིས་སྦེ་བསྐོས་གནང་ནུག

  • སྤྱི་ལོ་༡༩༥༣ལས་ ཚོགས་འདུ་ཆེན་མོ་ཚོགས་ནི་འགོ་བཙུགས་ཏེ་ དཔོན་ཁག་བསྐོ་རྒྱུའི་མཚན་ཐོ་༡༥ བཏོན་གནང་ནུག ཤུལ་ལས་ བསྒྱུར་བཅོས་འགོ་བཙུགས་པའི་སྐབས་ ལྷན་ཁག་རེ་ལུ་བློན་པོ་རེ་བསྐོས་གནང་ཤིང་ མི་ངོམ་ཚུ་ཡང་ སྐྱིད་སྡུག་བློན་པོ་གཏམ་ཞིང་རྒྱ་གར། དངུལ་རྩིས་བློན་པོ་ཆོས་རྒྱལ། བསྟན་རྒྱས་བློན་པོ་རྒྱལ་སྲས་རྣམ་རྒྱལ་དབང་ཕྱུག ཕྱི་འབྲེལ་བློན་པོ་ཟླ་བ་ཚེ་རིང་། ཞབས་ཏོག་བློན་པོ་སངས་དཔལ་འབྱོར། རྒྱ་གཞུང་སྐུ་ཚབ་བློན་པོ་པདྨ་དབང་ཕྱུག

༧.༢༽ མི་སེར་ལུ་རང་དབང་ཐོབ་ཐངས་གསར་དུ་སྤྲོད་པ་དང་ དཔྱ་ཁྲལ་བསྒྱུར་བཅོས་མཛད་པ།

  • སྔར་འབྲུག་རྒྱལ་ཁབ་ནང་ མི་སེར་ཁྲལ་པ་དང་ཟུར་པ། བསུ་མ་དང་གྲྭ་པ། གཞུང་པ་དང་སྒེར་པ། གདུང་རྒེད་པོ་དང་བླམ་ཆོས་རྗེ་ ཟེར་མི་རིགས་ལུ་དབྱེ་བ་ཡོད་མི་ལུ་ ཁྲལ་གྱི་རིམ་པ་ཡང་ཕོག་ལམ་སོ་སོ་སྦེ་རང་ཡོདཔ་ཨིན་པས། ཤུལ་ལས་མངའ་བདག་རིན་པོ་ཆེས་ ཁོ་རའི་སྐུ་སྒེར་གྱི་ཆོས་ཞིང་ཡོད་ཚད་ ཟ་བྲན་ཚུ་ལུ་གནང་ནུག

  • སྤྱི་ལོ་༡༩༥༥ལས་ གཙོ་བོ་འབྱུ་ཁྲལ་གྱི་ཚབ་ལུ་ རང་སོའི་རྒྱུ་ནོར་མང་ཉུང་དང་འཁྲིལ་ཏེ་ ས་གུང་ཕྱུགས་གསུམ་པོས་གཙོས་ཏེ་ རྒྱུ་དང་བསྟུན་པའི་དངུལ་ཁྲལ་བཀལ་གནང་པའི་སྐབས་ ཉམས་ཆུང་ཚུ་ལུ་ཕན་སྦོམ་སྦེ་རང་ཐོག་ནུག

  • སྔར་རྫོང་གཞི་དང་སྣག་ཚང་ནང་ལུ་ ལཱ་འབད་སྡོད་མི་ཚུ་ལུ་ ཟླ་ཕོགས་སྤྲོད་པའི་སྐབས་ ཕོགས་བྲེ་ཟེར་ བྲེ་ཆུང་གི་འཇལ་བ་དང་ ཚུར་ལེན་པའི་སྐབས་བྲེ་སྦོམ་ནང་འཇལ་ཏེ་ལེན་དོ་ཡོདཔ་དང་། སྤུངས་ན་རྫོང་ནང་འབྱུ་ཁྲལ་འཇལ་བའི་སྐབས་ བྲེ་ཆེན་ལག་ལེན་འཐབ་སྲོལ་ཡོད་མི་ཚུ་ ཤུལ་ལས་ རྒྱལ་རྩིས་ཁ་ལོ་བ་ཟེར་ བྲེ་རེའི་འོག་ལུ་གཞུང་གི་ཕྱག་ཐམ་རེ་རྐྱབ་སྟེ་ བཀྲམ་གནང་ནུག

  • སྦུང་ཁྲལ་གྱི་རིགས་ཚུ་ཡང་ དྲུང་བསྡོམས་འུར་ལཱ་སོགས་ འཁོར་ལམ་སེལ་བའི་སོགས་ཀྱི་ རྒྱལ་ཁབ་གོང་འཕེལ་གྱི་དོན་ལུ་མ་གཏོགས་ དོས་བསྐྱེལ་འུར་ལཱ་སོགས་མེདཔ་བཟོ་གནངམ་མ་ཚད་ འཁོར་ལམ་སེལ་ནིའི་ལཱ་ཚུ་ སྦོམ་སྦེ་འཐོན་པའི་སྐབས་ འབྲུག་མི་ཚུ་གི་བདེ་སྐྱིད་ལུ་གནོད་པའི་ ཚ་གྱང་བཞེས་ཏེ་ འཁོར་ལམ་སེལ་ནིའི་ལཱ་ཚུ་ཡང་ ཌན་ཊག་ལུ་སྤྲོད་གནང་བ་དང་ དྲུག་བསྡོམས་ལས་ བཅིུས་རྐང་ལུ་ བཟོ་གནང་ནུག སྤྱི་ལོ་༡༩༦༩ལས་ ཨམ་བསྲུ་ཚུ་ སྦུང་འགུལ་མ་ཕོགཔ་སྦེ་བཟོ་གནང་ནུག

  • ཆོས་པའི་རིགས་ལུ་ སྦུང་ཁྲལ་མ་བཀོལཝ་མ་ཚད་ ཁྱིམ་གཅིག་ནང་ལས་ གཞུང་གཡོག་འབད་མི་གཅིག དེ་ལས་ རྒེད་པོ་དང་སྤྱི་དཔོན་ཚུ་ལུ་ ཐོབ་ཐངས་ཟེར་རུང་ དྲུག་བསྡོམས་དང་བཅིུས་རྐང་ལས་ ཕབ་ཆ་ཐོབ་པའི་སྲོལ་བཟོ་ནུག

  • སྔར་མི་སེར་ལས་བསྡུ་བའི་ཁྲལ་འདི་ཚུ་དང་ གཞུང་གི་རྒྱུ་དངོས་ག་ཅི་རང་ཨིན་རུང་ མི་དབང་མངའ་བདག་རིན་པོ་ཆེའི་ཕྱག་མཛོད་སྦེ་ བརྩིས་སྲོལ་ཡོད་མི་འདི་ ཤུལ་ལས་ མངའ་བདག་རྒྱལ་པོའི་ཕྱག་མཛོད་ལུ་ སྐུ་སྒེར་ཕྱག་མཛོད་ཟེར་ རྒྱལཔོ་ཁོ་རའི་རྒྱུ་དངོས་ངོ་མ་ཚུ་ སོ་སོར་བཏོན་ཞིནམ་ལས་ རྒྱལ་པོའི་ཕྱག་མཛོད་འདི་གཞུང་གི་ཕྱག་མཛོད་ཟེར རྒྱལཔོ་ལུ་དབང་ཆ་མེད་པར་ ཕྱག་མཛོད་དང་རྩིས་ཁང་ལོགས་སུ་བཟོ་གནང་ནུག

  • དེའི་སྐབས་ མངའ་བདག་རིན་པོ་ཆེ་ལུ་ སྐུ་སྒེར་གྱི་དོན་ལུ་ཟད་འགྲོ་ཙམ་རང་མ་ལུས་མི་འདི་ལུ་ གཞུང་གི་དངུལ་ཐོག་ལས་ མ་དངུལ་འབུམ་རེ་བཞེས་དགོ་པའི་ ཞུ་བ་ཕུལ་རུང་མ་གསན་པར་ དངུལ་ཕོག་སྟོང་ཕྲག་༣ དང་ གསོལ་ཕོག་སྟོང་ཕྲག་༢ བརྩིས་ཏེ་བསྡོམས་ཟླ་ངོ་རེ་ལུ་ སྟོང་ཕྲག་ལྔ་རེ་བཞེས་ཅི་ཟེར་ཨིན་པས། ཨིན་རུང་ སྤྱི་ལོ་༡༩༦༩ལས་ རྒྱལ་བཙུན་དང་སྲས་སྲསམོ་བསྡོམས་ ཞལ་གྲངས་དྲུག་ལུ་ ཟླ་ངོ་རེ་ལུ་ དངུལ་ཀྲམ་འབུམ་རེ་གི་རྩིས་ཕུལ་ཡི་ཟེར་ཨིན་པས།

  • རྒྱལ་ཁབ་གོང་འཕེལ་གྱི་ལས་སྣ་ག་ཅི་བཟུམ་བརྩམས་རུང་ མི་སེར་དང་གྲོས་བསྟུན་མཛད་དེ་ ཕྱག་ལཱ་གནང་ནི་གི་ ཐུགས་ཐག་བཅད་དེ་ སྤྱི་ལོ་༡༩༥༣ལས་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་འདི་ འགོ་བཙུགས་གནང་ནུག

  • སྤྱི་ལོ་༡༩༦༥ལས་ གྲྭ་ཚང་སྐུ་ཚབ་གཅིག རབ་སྡེ་སྐུ་ཚབ་གཅིག གཞུང་གི་སྐུ་ཚབ་གཅིག མི་སེར་སྐུ་ཚབ་དྲུག་བསྡོམས་ཏེ་ སྐུ་ཚབ་དཔོན་ཁག་དགུའི་སྡེ་ཚན་བཟོ་སྟེ་ བློ་གྲོས་ཚོགས་སྡེ་ཟེར་མི་གཅིག་གཞི་བཙུགས་མཛད་གནང་ནུག

  • སྤྱི་ལོ་༡༩༦༩ལས་ ཚོགས་འདུའི་འཐུས་མི་ཚུའི་ཁ་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེ་ལུ་ ལོ་གསུམ་རེའི་བར་ན་ཚར་རེ་ ཡིད་ཆེས་ཀྱི་ཚོགས་རྒྱན་བཙུགས་དགོཔ་སྦེ་ བཟོ་གནང་ནུག

  • གོང་མས་འོག་མ་དྲངས་མ་ཆོག་པའི་ སྲོལ་བཟོ་གནང་ནུག

  • རྒྱལ་ཁབ་གོང་འཕེལ་གྱི་དོན་ལུ་ རླུང་འཕྲིན་ཡང་བཙུགས་གནང་ནུག

༨༽ ཡར་རྒྱས་གོང་འཕེལ་འགོ་བཙུགས་པ།

  • ༨.༡༽ ཡར་རྒྱས་གོང་འཕེལ་གྱི་དོན་ལས་ འོས་འབབ་ཀྱི་བརྟག་ཞིབ་གཟིགས་པ།

  • རྒྱ་གར་གཞུང་གི་འཆར་འགོད་ལྷན་ཁག་དང་ འབྲས་ལྗོངས་ལུ་རྒྱ་གཞུང་སྐུ་ཚབ། ཧཱ་དྲུང་པ་འཇིགས་མེད་དཔལ་ལྡན་རྡོེ། ཚུ་དང་མཉམ་ གྲོས་བསྟུན་མཛད་དེ་ འབྲུག་རྒྱལ་ཁབ་ནང་ལུ་ ལོ་ལྔ་པའི་འཆར་གཞི་ངེས་པར་དུ་ བཙུགས་ནིའི་ཐུགས་ཐག་བཅད་ནུག

  • ཡར་རྒྱས་གོང་འཕེལ་གྱི་ཕྱག་ལཱ་ཚུ་ དུས་གཅིག་ལུ་འགོ་བཙུགས་པའི་སྐབས་ དང་པ་ཡར་རྒྱས་གོང་འཕེལ་དེས་ ཕན་ཐབས་ཅན་གྱི་མི་འབོར་གྲངས་རྩིས་བཏོན་ནི། གཉིས་པ་ ཡར་རྒྱས་གོང་འཕེལ་འགོ་བཙུགས་ཏེ་ དེའི་ལག་ལེན་འཐབ་པའི་སྐབས་ ལཱ་འབད་མི་ལེ་ཤ་དགོཔ་ཡོདཔ་ལས་ ལས་མིའི་གྲངས་བསྡོམ་བཟོ་ནི། གསུམ་པ་ ཡར་རྒྱས་གོང་འཕེལ་འགོ་བཙུགས་པའི་སྐབས་ མ་དངུལ་དགོཔ་ཁག་ཆེཝ་ལས་ མ་དངུལ་རོགས་རམ་འབད་མི་ རྒྱལ་ཁབ་འཚོལ་དགོཔ་ལ་སོགས་པ་ ལེ་ཤ་མཛད་ནིའི་ལས་རིམ་བཟོ་སྟེ་ཕྱག་ལཱ་འགོ་བརྩམས་གནང་ནུག

  • རང་ལུགས་འདས་ལོ་༣༠༧ སྤྱི་ལོ་ ༡༩༥༨ཀྱི་ལོར་ འབྲུག་རྒྱལ་ཁབ་ཀྱི་ས་གནས་ རྫོང་ཁག་ཆ་མཉམ་ནང་ མི་རྩིས་འགོ་ཐོག་རྐྱབ་ནི་འགོ་བཙུགས་ཡོདཔ་ཨིན་རུང་ རགས་རྩིས་ལས་འགལ་འཐོན་མ་ཚུགས་པས།

༨.༢༽ ཡར་རྒྱས་གོང་འཕེལ་བཙུགས་པའི་སྐབས་ དཀའ་ངལ་འབྱུང་ཚུལ།

  • ཡར་རྒྱས་གོང་འཕེལ་འགོ་བཙུགས་པའི་སྐབས་ ཕྱི་རྒྱལ་གྱི་ཡོན་ཏན་མེད་པའི་དཀའ་ངལ་ ཡོདཔ་ལས་ རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་གྱི་ སྐུ་མཆེད་ཚུ་ལས་རྒྱབ་སྐྱོར་ལེན་འདི་ ཕྱག་ལཱ་མཛད་ཡོདཔ་དང་། དེ་མ་ཚད་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་སློབ་ཕྲུག་ དབྱིན་སྐད་ཀྱི་ཤེས་ཡོན་སྦྱངས་པའི་བསྒང་ཡོད་མི་༧༢ལས་མེདཔ་ལས་ ལཱ་འབད་མི་ཆ་མཉམ་ རྒྱ་གར་རྒྱལ་ཁབ་ལས་ ལས་མི་འཚོལ་དགོཔ་འབྱུང་ནུག

  • ལོ་ལྔ་པའི་འཆར་གཞི་འགོ་བཙུགས་ཞིནམ་ལས་ གོང་འཕེལ་ལས་ཁུངས་ཟེར་ ཡར་རྒྱས་གོང་འཕེལ་གྱི་ལས་སྡེ་ག་ར་ གཅིག་ཁར་བཙུགས་མི་ལས་ཁུངས་འདི་ གནམ་དགུན་བསམ་རྩེ་དང་ གནམ་བྱཱར་སྤ་རོ་ལུ་སྦེ་ ས་གནས་ཁག་གཉིས་ནང་ གཞི་བཅགས་ཐོག་ལས་ ལཱ་འབད་དགོ་པའི་དཀའ་ངལ་ཡང་ཐོན་སྡོད་ནུག

  • རྒྱལ་ཁབ་ནང་ཡར་རྒྱས་འགོ་དང་པ་འདི་ རྒྱལ་ཁབ་ནང་ཕྱི་ནང་གཉིས་ཀྱི་ཤེས་ཡོན་ དར་ཁྱབ་བཏང་ནིའི་ཐུགས་བཞེད་གནང་ཏེ་ རྫོང་ཁག་སོ་སོར་སློབ་གྲྭ་བཙུགས་གནང་རུང་ ཕམ་ཉམ་ཆུང་གི་ཨ་ལོ་མ་གཏོགས་ སློབ་ཕྲུག་བཏང་མ་བཏུབ་པའི་ དཀའ་ངལ་འཐོན་ནུག

  • གཉིས་པ་འབྲུག་རྒྱལ་ཁབ་ནང་ འབྲུམ་ནད་དང་མཛེ་ནད་ལ་སོགས་པ་ དར་ཁྱབ་སོང་ཡོད་ནི་འདི་གིས་ ནད་འདི་ཕར་ཚར་མི་འབུ་བའི་དོན་ལུ་ ཨ་ཞེ་བཀྲིས་འཁྱིད་དེ་འབྱོན་ཞིནམ་ལས་ ཡུལ་མི་རྒན་གཞོན་མེད་པར་ ཆ་མཉམ་རང་ ལག་པའི་གུ་སྐྱོབས་སྨན་ ཁབ་རྐྱབ་གནང་ཡོདཔ་ཨིན་པས།

  • འཁོར་ལམ་སེལ་བའི་སྐབས་ལུ་ཡང་ འཁོར་ལམ་གྱི་ཞིང་མེདཔ་བཏངམ་མས་ཟེར་ འཕྲུལ་གླང་བཏང་མི་དེད་གཡོགཔ་ལུ་ ནང་གསུག་བྱིན་ཏེ་ འཁོར་ལམ་ཐིག་ཚད་བཀལ་མ་སྟེར་བའི་དཀའ་ངལ་འཐོན་ནུག

  • མི་དབང་མཆོག་གི་དབང་ཚད་ཡོད་ཚད་ ཚོགས་འདུ་ཆེན་མོ་ལུ་གནང་བཞགཔ་ལས་ ཤུལ་ལས་ དཔོན་ཁག་བཀལ་ཕབ་མཛད་པའི་སྐབས་ཡང་ ཚོགས་འདུའི་ཉན་མ་བཏུབ་པའི་དཀའ་ངལ་ སྦོམ་སྦེ་རང་འཐོན་ནུག

  • སྤྱི་ལོ་ ༡༩༥༩ ལས་ཚུར་ རྒྱ་ནག་གི་བོད་རྒྱལ་ཁབ་བཙན་དབང་ཐོག་ལས་ རྒྱ་ནག་གི་འོག་ལུ་བཙུགས་པའི་སྐབས་ འབྲུག་རྒྱལ་ཁབ་ནང་ཡང་ ས་སྲུང་གི་དཀའ་ངལ་སྦོམ་སྦེ་རང་བྱུང་སྟེ་ བསྟན་སྲུང་དམག་སྡེ་ཁ་སྐོང་བཙུགས་ཡོདཔ་དང་། དེ་ཚུ་ལུ་ འཚོ་བ་བཟའ་བཏུང་མ་ལང་པའི་ དཀའ་ངལ་སྦོམ་སྦེ་རང་འབྱུང་ནུག

  • གཞུང་གྲྭ་ཚང་གི་ཐོབ་ལམ་ དུམ་གྲ་ཅིག་ཕབ་ཆ་མཛད་དེ་ གཉེར་ཚང་ལྷག་ལུས་ཚུ་ དམག་མི་ཚུ་ལུ་གནང་པའི་སྐབས་ གྲྭ་ཚང་དགེ་སློང་ཚུ་མ་རངས་པར་ བསྟན་པའི་དགྲ་བོ་ལ་སོགས་པའི་ ཡི་གུ་བྲིས་ཏེ་ཀུན་གྱི་མཐོང་སར་ སྦྱར་བཞག་མི་ཡང་འཐོན་ནུག

  • སྤྱི་ལོ་ ༡༩༦༨ རབ་བྱུང་ ༡༦ པའི་ ས་སྤྲེལ་ལོར་ གནམ་བྱཱར་ཆར་ཆུ་གནམ་མེད་ས་མེད་ རྐྱབ་པའི་རྐྱེན་གྱིས་ སྤུ་ན་གཙང་ཆུ། ཐིམ་ཆུ། སྤ་ཆུ་ལ་སོགས་པའི་ འབྲུག་གི་ཆུ་ཆེན་དེ་ཚུ་འགྲེ་སྟེ་ ཉེ་འདབས་ཀྱི་མི་སེར་ཚུ་ལུ་ ཆུ་རུད་ཀྱི་འཇིགས་པ་འཐོན་མི་འདི་གིས་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་ལཱ་ལུ་ གནོད་པ་ཤུགས་ཅན་བཀལ་ནུག

༨.༣༽ ལོ་ལྔ་པའི་འཆར་གཞི་འགོ་བཙུགས་པ་དང་ ཀོ་ལོམ་བཱོ་པལཱན་གྱི་འཐུས་མི་གྲལ་འཛུལ་བ།

  • སྤྱི་ལོ་༡༩༥༩ལོར་ འབྲུག་རྒྱལ་ཁབ་ཀྱི་ས་གནས་སོ་སོར་ལས་ གོ་ཤེས་ཉན་ཤེས་ཡོད་པའི་ཕོ་མོ་བསལ་ཏེ་ བསྡོམས་མི་གྲངས་༡༠༠རྒྱ་གར་གཞུང་གི་འགྲོ་སོང་ཐོག་ རྒྱ་གར་རྒྱལ་ཁབ་ཀྱི་ས་གནས་ཚུ་ནང་ བལྟ་བསྐོར་ལུ་བཏང་ཡོདཔ་ཨིན་པས།

  • སྤྱི་ལོ་༡༩༦༠ལས་ ཕུན་ཚོགས་གླིང་ལས་ཐིམ་ཕུ་བར་ནའི་ གཞུང་ལམ་སེལ་ནི་འགོ་བཙུགས་ཡོདཔ་ཨིན་པས།

    • རྒྱལ་ས་དང་ ནུབ་ཕྱོགས་རྫོང་ཁག་ཡར་རྒྱས་བཏང་ཐབས་ལུ་ ཕུན་གླིང་དང་ཐིམ་ཕུའི་གཞུང་ལམ། དེ་ལས་ དབུས་ཕྱོགས་རྫོང་ཁག་ཡར་རྒྱས་བཏང་ཐབས་ལུ་ དགེ་ལེགས་ཕུ་དང་བུམ་ཐང་གི་གཞུང་ལམ། ཤར་ཕྱོགས་རྫོང་ཁག་ཡར་རྒྱས་བཏང་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་དང་བཀྲིས་སྒང་གི་གཞུང་ལམ་སེལ་ནི་གཏན་འཁེལ་བཟོ་གནང་ནུག

    • སྤྱི་ལོ་༡༩༦༡ལས་ མི་མང་ལུ་ཤེས་རིག་ཡོན་ཏན་རྒྱ་ཆེཝ་སྦེ་ སྤེལ་ནིའི་དོན་ལུ་ ཤེས་རིག་སྡེ་ཚན། མི་མང་གི་འཚོ་འཐབ་ལེགས་བཅོས་དང་ འཕྲོད་བསྟེན་གོང་འཕེལ་གྱི་དོན་ལུ་ གསོ་བའི་སྡེ་ཚན། འཚོ་བ་སོ་ནམ་ལས་བསྟེན་པའི་ འོང་འབབ་ཡར་སེང་གི་དོན་ལུ་ སོ་ནམ་སྡེ་ཚན། འཚོ་བ་སྒོ་ནོར་སེམས་ཅན་ལུ་བསྟེན་སྡོད་མི་ཚུའི་དོན་ལུ་ སྒོ་ནོར་ལེགས་སྤེལ་སྡེ་ཚན། རང་བཞིན་ལས་གྲུབ་པའི་ཆུ་བོ་བེད་སྤྱོད་བཏང་ཕྱིར་དུ་ གློག་མེའི་སྡེ་ཚན།

    • དེ་མ་ཚད་ མི་མང་གི་ནགས་ཚལ་བེད་སྤྱོད་གཏང་ཚུལ་དང་ ལག་ལེན་འཐབ་ཚུལ་ཤེས་ཐབས་ལུ་ ནགས་ཚལ་སྡེ་ཚན། འགྲེམས་དང་ལྕགས་ཕྲིན་སྡེ་ཚན། ཀུན་སྤེལ་སྡེ་ཚན། གོང་འཕེལ་ལས་ཁུངས་སོགས་ གཞི་བཙུགས་མཛད་གནང་ནུག

    • གོང་འཕེལ་ལས་ཁུངས་དེ་ནང་ ལག་ལེན་འཐབ་སྟེ་ལཱ་འབད་ཤེས་མི་ ང་བཅས་འབྲུགཔ་མེདཔ་ལས་ དེ་བསྒང་ འབྲས་ལྗོངས་ལས་གཙོ་འཛིན་ བཱ་ན་ཨ་ཐིང་ཟེར་མིའི་ འགོ་འདྲེན་འཐབ་སྟེ་ ལོ་ལྔ་པའི་འཆར་གཞི་དང་པ་དེ་ སྤྱི་ལོ་༡༩༦༡་ལས་ ༡༩༦༦་ཚུན་གྱི་ དུས་ཡུན་ལོ་ལྔའི་མ་དངུལ་ཡོངས་བསྡོམས་འབུམ་༡༧༤༧ གྱི་རྩིས་བཞག་ཡོདཔ་ཨིན།

    མ་དངུལ་འགོ་བཀྲམ་མཛད་ཐངས་ཡང་་་་

    • ༡༽ འཁོར་ལམ་ཀི་ལོ་མི་ཀྲར་༦༢༠། ༢༽ ཤེས་རིག་ཡོན་ཏན་གྱི་དོན་ལུ་ ༡༠༠། ༣༽ སྐྱེལ་འདྲེན་ཞབས་ཏོག་གི་དོན་ལུ་ ༧༥། ༤༽ གསོ་བའི་ཞབས་ཏོག་གི་དོན་ལུ་ ༣༢། ༥༽ ནགས་ཚལ་ལས་ཁུངས་ཀྱི་དོན་ལུ་ ༣༢། ༦༽ སོ་ནམ་ཞིང་ལཱ་ཡར་རྒྱས་གཏང་ནིའི་དོན་ལས་ ༢༠། ༧༽ གློག་མེ་ལས་ཁུངས་ཀྱི་དོན་ལུ་ ༡༦། ༨༽ སྒོ་ནོར་ལས་ཁུངས་ཀྱི་དོན་ལུ་ ༡༥། ༩༽ བསམ་རྩེ་ལུ་ཤིང་འབྲས་ཁུ་བའི་དོན་ལུ་ ༡༡། ༡༠༽ སྣ་ཚོགས་ཟད་རྩིས་མ་དངུལ་ ༩༡།

    • མཇུག་ལུ་ འཆར་གཞིའི་ཟད་རྩིས་དང་འཁྲིལ་བའི་སྐབས་ བསྡོམས་མ་དངུལ་འབུམ་༩༥༧ལྷགཔ་ཅིག་ལས་བརྒལ་མ་སོངམ་སྦེ་བཏོན་ནུག

    • ལོ་ལྔའི་འཆར་གཞི་གཉིས་པའི་ནང་ལུ་ མ་དངུལ་ཡོངས་བསྡོམས་འབུམ་༢༢༡༤གི་རྩིས་གནས་ཡོདཔ་ཨིན་པས།

    • དེ་ཡང་ གོང་འཕེལ་གཙོ་ཁང་གི་དོན་ལུ་༧༣། སོ་ནམ་གྱི་དོན་ལུ་༣༨༥། སྒོ་ནོར་༧༥། བཟོ་གྲྭ་ཆུང་ཀུ་༩། ཤེས་རིག་༢༧༦། ནགས་ཚལ་༨༩། གསོ་བ་༡༤༣། འགྲེམས་དང་ལྕགས་འཕྲིན་༦༣། ཀུན་སྤེལ་གྱི་དོན་ལུ་༡༩། སྐྱེལ་འདྲེན་༡༦༩། སྣུམ་འཁོར་བཟོ་གྲྭ་ཁང་༦༥། གློག་མེ་༨༠། ཞབས་ཏོག་དང་འཁོར་ལམ་༧༥༤། བསྟན་རྒྱས་༡༠། དགོན་སྡེའི་དོན་ལུ་འབུམ་ ༥་སྟེ་ ཡོངས་བསྡོམས་འབུམ་༢༢༡༤དེ་ཅིག་གི་ཡར་རྒྱས་གོང་འཕེལ་གྱི་ཕྱག་ལཱ་མཛད་གནང་ནུག

    • སྔར་འབྲུག་རྒྱལ་ཁབ་ནང་ ལོ་ལྔའི་འཆར་གཞི་འགོ་མ་བཙུགས་པའི་ཧེ་མ་ དགོས་མཁོའི་རིགས་ཁྱབ་ཆེ་བ་ཅིག་རྒྱལ་ཁབ་ནང་ལས་མཐོནམ་ལས་ སྐྱ་ནམ་གྱི་གོང་ཚད་སྦོམ་མ་གནས་པར་ ཁེ་ཏོག་ཏོ་ཡོདཔ་ཨིན་རུང་ ཚྭ་དང་ཤེལ་བུ་རམ་ལ་སོགས་པ་ གཞན་ཁྱིམ་མཚེས་རྒྱལ་ཁབ་ནང་ལས་ ནང་ཚོང་རྐྱབས་སྡོད་ནུག ཨིན་རུང་ སྤྱི་ལོ་༡༩༦༡་ལས་ ལོ་ལྔའི་འཆར་གཞི་འགོ་བཙུགས་ཞིནམ་ལས་ འབྲུག་རྒྱལ་ཁབ་ཀྱི་སྐྱ་ནམ་གྱི་གོང་ཚད་༣༠༠་དང་༤༠༠འི་བར་ན་ ཡར་འཕར་སོང་ཡོདཔ་ཨིན་པས།

    • ཆུ་ཁའི་གློག་ཤུགས་འཕྲུལ་ཁང་ཆེ་བ་གཞི་བཙུགས་མཛད་ནིའི་དོན་ལུ་ ས་དཔྱད་ཀྱི་ཕྱག་ལཱ་ འགོ་བཙུགས་པ།

    • སྤྱི་ལོ་༡༩༦༢ལུ་ རྒྱལ་རབས་ནང་ འཛམ་གླིང་ཤར་ཕྱོགས་སྐྱིད་སྡུག་ཚོགས་པ་ ཀོ་ལོམ་བྷོ་པ་ལཱན་ ཟེར་མི་དེའི་མཐུས་མིའི་གྲལ་ཁར་ འཛུལ་བཞུགས་མཛད་གནང་ནུག

    • དེ་གིས་ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་ སློབ་སྦྱོང་དང་ཤེས་ཡོན་གྱི་རོགས་རམ་ མི་གྲངས་ ༢༦ ལུ་རྒྱབ་སྐྱོར་གནང་ཤིང་ མཁས་མཆོག་ཅིག་ཡང་འབྲུག་ལུ་བཞག་གནང་ནུག

    • ཇ་པཱན་གཞུང་ལས་ སྤ་རོ་ལུ་ ས་ཞིང་སོ་ནམ་ལེགས་བཅོས་ཀྱི་ལས་འགུལ་བཙུགས་པའི་ རོགས་རམ་གནང་ཡོདཔ་དང་ ལོ་ལྔའི་འཆར་གཞི་གསུམ་པའི་སྐབས་ལུ་ཡང་ འཕྲོ་མཐུད་མཛད་ནིའི་དོན་ལུ་ མ་དངུལ་འབུམ་༢༠་གནང་ཡོདཔ་མ་ཚད་ འཕྲུལ་ཆས་ཚུ་ཡང་ ཇ་པཱན་གཞུང་གི་རིན་མེད་སྟོང་པར་ གནང་ཡོདཔ་ཨིན་པས།

    ༨.༤༽ ཁྱིམ་ཚང་རྒྱལ་ཁབ་གཞན་དང་ མཐུན་ལམ་གོང་འཕེལ་གཏང་བ།

    • སྤྱི་ལོ་༡༩༥༤ལོར་ རྒྱལ་བཙུན་རྣམ་གཉིས་ ལྡི་ལིར་གཞུང་དོན་གཟིགས་སྐོར་གནངམ་དང་འབྲེལ་ སྲིད་འཛིན་རཱ་ཇེན་དྷར་ པཱར་སཱཏ་དང་ སྲིད་འཛིན་འོག་མ་ རཱ་དྷ་ ཀིརིཤ་ཎ་གཉིས་དང་མཇལ་འཕྲད་གནང་ཤིང་ སྤྱི་ལོ་ ༡༩༥༨ལོར་ སྲིད་བློན་ཇ་ཧར་ལལ་དང་ སྲས་མོ་ཨིན་དྷར་ གཱན་དྷི་བཅས་འབྲུག་ལུ་ གཞུང་དོན་གཟིགས་སྐོར་གནང་བ་ཤིང་ འབྲུག་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་ འགོ་བཙུགས་མི་ལས་ཚུར་ གང་ལ་གང་འདོད་ཀྱི་ རོགས་རམ་ཐོབ་ནུག

    རྒྱ་གཞུང་གི་སྲིད་བློན་དང་མི་དབང་འབྲུག་རྒྱལ་གསུམ་པ་མཆོག

    • སྤྱི་ལོ་ ༡༩༧༡་ལོར་ བང་ལ་དྷེཤ་གི་རྒྱལ་ཁབ་ནང་ གློ་བུར་གྱི་རྐྱེན་ངན་འབྱུང་པའི་སྐབས་ འབྲུག་གཞུང་གི་ཁ་ཐོག་ལས་ སྐྱོབས་གསོའི་རོགས་རམ་གནང་ནུག

    • འཛམ་གླིང་ཤར་ཕྱོགས་ཚོགས་པ་བརྒྱུད་དེ་ ཨཱས་ཀྲེ་ལི་ཡའི་རྒྱལ་ཁབ་དང་ མཐུན་ལམ་འགོ་བཙུགས་ཡོདཔ་ལས་ སྤྱི་ལོ་༡༩༧༠ལས་ ཨིན་ཀྲར་ནེ་ཤི་ནཱལ་ ཀྲག་༥༤གནང་ནུག

    • སྤྱི་ལོ་༡༩༦༩ལུ་ འཛམ་གླིང་འགྲེམས་སྤྱི་ཚོགས་པའི་འཐུས་མི་གྱལ་ཁར་ འཛུལ་ཞུགས་གནངམ་དང་འབྲེལ་ འབྲུག་རྒྱལ་ཁབ་ཀྱི་ འགྲེམས་རྟགས་བཏོན་མིའི་གྲལ་ལས་ཨང་དང་པ་ཐོབ་ནུག

    • སྤྱི་ལོ་ ༡༩༧༡ལས་ འཛམ་གླིང་རྒྱལ་ཚོགས་ཡང་ན་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་༡༢༥པའི་གྲངས་སུ་འཛུལ་ཚུགས་ནུག

    • འབྲུག་རྒྱལ་གསུམ་པའི་སྐབས་ སུའི་ཛར་ལེནཌ་གྱི་གནས་པོ་ མིས་ཀྲར་ ཕིརེཛ་བོན་ ཤུལ་ཐེཛ་ཟེར་མི་འདི་བུམོ་ ལི་ཛི་ན་དང་རྒྱལ་བཙུན་གཉིས་ ཨིང་ལེནཌ་ལུ་ ཕྱག་དཔེ་གཅིག་ཁར་གཟིགས་པའི་ བུམོ་རོགས་འབདཝ་ལས་ ཤུལ་ཐེཛ་དང་མི་དབང་མཆོག་ ཐུགས་མཐུན་སོང་ནུག དེ་འབདཝ་ལས་ ཤུལ་ལས་ བུམ་ཐང་དང་ཤར་ཕྱོགས་ནང་ལུ་ དམིགས་བསལ་གྱི་གྲོང་གསེབ་བཟོ་གྲྭ་གོང་འཕེལ་གྱི་ལས་རིམ་ བཙུགས་པའི་རོགས་རམ་ མཛད་གནང་ནུག

    ༩༽ དྲག་ཁག་གསུམ་པོའི་དམག་སྡེ་བཙུགས་པ།

    • ༩.༡༽ བསྟན་སྲུང་དྲག་པོའི་ལས་ཁུངས་གསར་དུ་བཙུགས་པའི་མཛད་པ།

    • སྤྱི་ལོ་༡༩༥༣ལས་ འབྲུག་ལུ་དམག་སྡེ་ཡར་རྒྱས་གནང་ནིའི་ ཐུགས་བཞེད་གནང་སྟེ་ གཞི་བཙུགས་མི་དེ་གིས་ སྤྱི་ལོ་༡༩༥༩་ལུ་ ས་སྲུང་གི་བྱེལཝ་སྲུང་ནི་ལུ་ཕན་ཐོག་བྱུང་ནུག

    • སྤྱི་ལོ་༡༩༥༣ལུ་ རྒྱལ་ཡོངས་ཚོགས་འདུ་ཐེངས་དང་པའི་སྐབས་ གུང་གཅིག་ནང་ལས་ཕོ་སྐྱེས་གཉིས་ཡོད་པ་ཅིན་ གཅིག་དམག་མིའི་གྲལ་འཛུལ་དགོཔ་དང་། བཞི་ཡོདན་ གཉིས་དམག་མིའི་གྲལ་འཛུལ་དགོཔ་ཨིན་རུང་ ཕོ་སྐྱེས་གཅིག་ལས་བརྒལ་ཏེ་མེད་པ་ཅིན་ མི་ངོ་དེ་དམག་མིའི་གྲལ་འཛུལ་མ་དགོཔ་སྦེ་ གྲོས་ཆོད་འབྱུང་ནུག

    • རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཐེངས་༡༡པའི་ནང་ དམག་ཁང་ལྟེ་བ་དེ་དབང་འདུས་ཕོ་བྲང་རྫོང་ཁག་ནང་བཅགས་ནི་སྦེ་ གྲོས་ཆོད་འབྱུང་ཤིང་ དམག་ཁང་གཙོ་བོའི་མིང་འདི་ཡང་ བསྟན་སྐྱོང་གླིང་ཟེར་བཏགས་གནང་ནུག

    • དེ་ཡང་ ཚོགས་ཐེངས་༡༣པའི་གྲོས་ཆོད་ལྟར་དུ་འབད་བ་ཅིན་ དེ་བསྒང་དམག་སྦྱོང་འབད་མི་ ༢༥༠༠དེ་ཅིག་གི་ བརྩི་ཡོད་པའི་ཁར་ ས་སྲུང་དང་རྫོང་ཁག་བཅས་ལུ་ དམག་མི་བཞག་དགོས་པའི་རིགས་ དབང་རྫོང་ལས་བཏང་དགོ

    • དེ་བསྒང་ དམག་མིའི་མཐུན་རྐྱེན་རྒྱ་གཞུང་ལས་མེདཔ་ལས་ དམག་མི་ཚུའི་དོན་ལས་གཉེར་ཚང་དང་ དམག་གོས་སྤྲོད་མ་ཚུགས་པའི་དཀའ་ངལ་འབྱུང་ནུག

    • དམག་དཔོན་ཚུ་གིས་དམག་མིའི་གོ་གནས་འདི་ དབང་དཔོན་ནམ་འདོ་འཛིན་ཚུན་བསྐོས་པས་ མི་དབང་མཆོག་གིས་ དམག་མི་ལུ་དེ་ལྟ་བུའི་ གོ་གནས་མཐོན་པོར་བཀལ་བར་མི་འོས་པས་ དམག་དཔོན་གྱི་གོ་གནས་དམག་སྲིད་གཅིག་དང་ གཞན་རྣམས་མན་ཆད་མ་གཏོགས་མི་གནང་ནི་དང་ དམང་མིའི་གྲངས་ཚད་ཡང་ སྐུ་སྲུང་ ས་སྲུང་ འགག་པ་བཅས་བསྡོམས་མི་གྲངས་༢༠༠༠ཙམ་ བརྟན་པོར་བཞག་དགོས་པའི་བཀའ་ཕེབས།

    • མི་སེར་ལོ་གྲངས་ཀྱི་ཚུད་པའི་ ཕོ་ཡོད་ཚད་ ཀྲོབ་མདའི་ལག་ལེན་དང་ དམག་རྩེད་ཆུང་ཀུ་རེ་སློབ་སྦྱོང་འབད་ནིའི་ཕྱིར་དུ་ བསྟན་སྐྱོང་གླིང་ལུ་ མི་གྲངས་ཉིས་བརྒྱ་རེ་བཀུགས་ཏེ་ ཟླ་ངོ་གསུམ་གྱི་རིང་སླབ་སྦྱོང་འབད་བཅུག་ཏེ་ རྒྱལ་ཁབ་འདི་ལུ་ཁག་ཆེ་བའི་གནད་རེ་ཤར་བ་ཅིན་ དམག་མིའི་ཁོངས་སུ་འཐེན་རྒྱུ་དང་ དེ་མ་ཡིན་པའི་ དུས་ཚོད་གཞན་ལུ་ མི་སེར་གྱི་བྱ་བར་བརྩོན་ཕྱིར་ལོག་ཡུལ་དུ་བཏང་བ།

    • དམག་དཔོན་གཙོ་བོ་དེ་ མི་དབང་མངའ་ཞབས་མཆོག་གི་ བསྐོ་བཞག་གནང་ནི།

    • སྤྱི་ལོ་ ༡༩༧༠ ཚོགས་ཐེངས་༣༣་པའི་ནང་ དམག་མིའི་གྲངས་ཚད་འདི་ ༤༥༠༠གུར་སེང་ནིའི་ གྲོས་ཆོད་འབྱུང་ཤིང་ ཚོགས་ཐེངས་༣༤པའི་ནང་ དྲག་པོའི་ལས་ཁུངས་ནང་ ༼མེ་ཀྲིག་པཱསི༽ ཟེར་སློབ་རིམ་བཅུ་པ་མཐར་འཁྱོལ་མི་སློབ་ཕྲུག་ ལོ་བསྟར་མི་གྲངས་༡༦རེའི་རྩིས་ དྲག་པོའི་ལས་ཁུངས་ནང་ལེན་ནིའི་གྲོས་ཆོད་འབྱུང་ནུག

    • དྲག་པོའི་ལས་ཁུངས་གསར་དུ་འགོ་བཙུགས་པའི་སྐབས་ འཛམ་གླིང་སྤྱི་ལུགས་གོ་གནས་མཐོ་དམན་གྱི་རིམ་པ་དང་ སྡེ་ཚན་སོ་སོའི་ལས་རྟགས་ཚུ་ རྒྱལ་མགྲོན་འཕྲིས་ཀྱིས་འགོ་འདྲེན་ཐོག་གསར་དུ་བཀོད་ནུག

    • དེ་ཡང་ སྔོན་གོང་ལས་རང་ ཕྱིའི་དགྲ་དང་ཅིག་ཁར་དམག་རྐྱབ་པའི་སྐབས་ དམག་ལྷ་དཔལ་ལྡན་འབྲུག་པའི་བཀའ་སྲུང་ཚུའི་མཛད་སྲོལ་ཡོད་ནི་འདི་གིས་ དྲག་པོའི་སྡེ་ཚན་ཚུ་གི་རྟགས་ཚན་ཚུ་ཡང་ ཡེ་ཤེས་མགོན་པོའི་ཕྱག་མཚན་རལ་གྲི་དང་ ལས་མགོན་བྱ་རོག་གདོང་གི་ཕྱག་མཚན་དང་གྲི་གུག ཐོད་ཁྲག གཞན་ཡང་ འཁོར་ལོ་དང་པད་མ་ རྡོ་རྗེ་ལ་སོགས་པ་གེ་ར་ ཕྱག་མཚན་སྦེ་བཟོ་ཡོདཔ་ཨིན།

    • དེ་སྦེ་ བཟོ་གནང་བའི་དགོས་པ་ཡང་ བཀའ་སྲུང་དེ་ཚུ་སྐུ་ཕྱག་མཚན་གསུང་ཡིག་འབྲུ་ཟེར་སླབ་སྲོལ་ཡོད་མི་དང་འཁྲིལ་ཏེ་བཟོ་མི་དེ་གིས་ སྲུང་མ་དམག་སྡེ་དེ་ནང་འཁོར་བའི་རྟེན་འབྲེལ་དང་ སྐུའི་རྣམ་པ་ཕྱག་མཚན་ཚུ་ དམག་མིའི་གཟུགས་ཁར་བཏགས་ནི་དང་ དམག་རྟགས་བཀོད་པའི་སྐབས་ བཀའ་སྲུང་ཚུ་གིས་ སྲུང་སྐྱོབས་གཡེལ་མེད་མཛད་པའི་ཕན་ཐབས་ལུ་དགོངས་ཏེ་ བཟོ་བཀོད་མཛད་གནང་ནུག

    • ༩.༢༽ རྒྱལ་པོའི་སྐུ་སྲུང་དམག་སྡེ་ལོགས་སུ་བཙུགས་པའི་སྐོར།

    • རྒྱལ་པོའི་སྐུ་སྲུང་ཚུ་གིས་ སྤྱང་གྲུང་རིག་ལམ་ལུ་མཁས་པའི་སྒོ་ལས་ མི་དབང་སྐུ་འཁོར་ཡོངས་ཀྱི་ ཉེན་སྲུང་ཞབས་ཏོག་ཞུ་ནིའི་དོན་ལུ་ སྤྱི་ལོ་༡༩༥༨ལས་ སྐུ་སྲུང་དམག་ཁང་ལོགས་སུ་ འགོ་བཙུགས་ཡོདཔ་ཨིན་པས།

    • སྐུ་སྲུང་དམག་མི་དེ་ བསྟན་སྲུང་དམག་མིའི་གྲལ་ལས་འདུ་ཡོདཔ་ཨིན་པས།

    • དེ་བསྒང་གི་ སྐུ་སྲུང་དམག་སྡེའི་འགོ་དཔོན་མཐོ་ཤོས་དེ་ ཚེ་རིང་དངོས་གྲུབ་དེ་ཨིན་པས། དེ་ཡང་ རྒྱ་གར་ལུ་དམག་སྦྱོང་ལན་ཐེངས་དང་པ་གནང་བའི་སྐབས་ རྩལ་སྦྱོང་གི་ལག་ལེན་ག་ཅི་ནང་ཡང་ དྲགོས་ཐོབ་ཡོདཔ་ཨིན་པས།

    • ༩.༣༽ ཁྲིམས་སྲུང་འགག་པའི་སྡེ་ཚན་ལོགས་སུ་གཞི་བཙུགས་གནང་བ།

    • མི་དབང་མཆོག་གི་དགོངས་བཞེད་ཡོངས་སུ་རྫོགས་པའི་ལཱ་ཅིག་ མི་མང་ལུ་རང་དབང་གནང་པའི་སྐབས་ ཁྲིམས་མེད་ལུང་མེད་སྦེ་མེན་པར་ མི་མང་སྤྱི་ཁྲིམས་བཙན་ཏོག་ཏོ་ལག་ལེན་འཐབ་པའི་སྒོ་ལས་ རང་དབང་གནང་ད་པ་ཅིན་ རྒྱལ་ཁབ་ཡུག་གཅིག་བདེ་སྐྱིད་དང་ལྡན་ནི་ཨིན་པའི་ ཐུགས་བཞེད་གནང་སྟེ་ སྤྱི་ལོ་༡༩༦༥ལས་ ཁྲིམས་སྲུང་འགག་པའི་ལས་ཁུངས་ གསར་བཙུགས་གནང་ནུག

    • དེ་སྐབས་ འགག་སྡེའི་གཙོ་འཛིན་འདི་ དྲགོས་ཀརྨ་དགེ་ལེགས་བསྐོས་གནང་ཤིང་ དེ་བསྒང་ འགག་སྡེའི་ལས་ཁུངས་ཐོག་མ་འབདཝ་ལས་ རྒྱ་གར་གཞུང་ལས་ གྲོས་བསྟུན་སྡེ་ཚན་ཅིག་འོང་སྟེ་ འགག་པའི་ལཱ་འགན་གྱི་རིམ་པ་ཚུ་སློབ་སྟོན་མཛད་དེ་ འགག་སྡེའི་ལས་ཁུངས་འདི་ཡར་རྒྱས་བཏང་གནང་ནུག

    ༡༠༽ རྒྱལ་བསྟན་སླར་གསོའི་མཛད་པ།

    • ༡༠.༡༽ རྟེན་གསུམ་བཞེངས་པ།

    • སྤྱི་ལོ་༡༩༦༦ལུ་ གསེར་ཏོ་ལ་༡༡༠༣གྱི་བརྩིའི་བཀའ་འགྱུར་གསེར་བྲིས་མ་བཞེངས་གནངམ་མ་ཚད་ ད་རུང་ གསེར་ཏོ་ལ་༤༡༤༤ ཟད་འགྲོ་གནང་སྟེ་ པོ་ཏི་༢༠༠་ལྷག་པའི་བསྟན་འགྱུར་ཡང་ གསར་བཞེངས་གནང་ནུག

    • སྤྱི་ལོ་༡༩༥༧ལུ་ མི་དབང་མཆོག་ཤར་ཕྱོགས་རྫོང་ཁག་ནང་གཟིགས་བསྐོར་གནང་པར་འབྱོནམ་ད་ ཆོས་བྲག་བླམ་རིན་ཆེན་རྡོ་རྗེ་ལུ་ དངུལ་ཏོ་ལ་སྟོང་ཕྲག་གཅིག་གནང་ཏེ་ བྱམས་པ་ལྷ་ཁང་གི་ཇོ་བོའི་སྐུ་མདུན་ལུ་ མཆོད་མེ་ཕུལ་སའི་མཆོད་སྐོང་བླུགས་དགོ་པའི་ བཀའ་བཞིན་ཕྱག་ཞུ་ཏེ་ ད་རིས་ནངས་པར་ཡང་ མཇལ་ནི་ཡོདཔ་ཨིན་པས།

    • མི་དབང་མཆོག་གི་ཞབས་ལས་ བུམ་ཐང་སྐུ་རྗེ་ལུ་ གུ་རུའི་མཐོང་གྲོལ་ཆེན་མོ་གསར་བཞེངས་གནང་བ།

    • ༡༠.༢༽ ལུང་རྟོགས་ཀྱི་བསྟན་པ་སྤེལ་བ།

    • སངས་རྒྱས་ཀྱི་བསྟན་པ་ཁ་གསོ་བའི་དོན་ལུ་ སྙིང་སྟོབས་སྦོམ་བཞེས་ཏེ་ སྤྱི་ལོ་༡༩༦༡ལོར་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ དབུ་བཞུགས་ཐོག་ སེམས་རྟོགས་ཁ་རིག་གནས་སློབ་གྲྭ་ གཞི་བཙུགས་མཛད་གནང་ནུག

    • ཕ་ཇོ་ལྡིང་ལུ་ཡང་ རིག་གནས་དང་གཞུང་ལུགས་ལུ་ སློབ་གཉེར་མཛད་ནིའི་ཕྱིར་དུ་ བཤད་གྲྭ་གཞི་བཙུགས་གནང་བ་དང་ ཚང་ཁ་ལུ་ཡང་ རྩིས་གཞུང་རིག་གནས་གསུམ་འབྲེལ་གྱི་བཤད་གྲྭ་ བཙུགས་གནང་ནུག

    • སྤྱི་ལོ་ ༡༩༦༧ གྱི་ལོ་ལུ་ གདན་ས་རྟ་མགོ་ལུ་ གཞུང་གྲྭ་ཚང་གི་དགེ་སློང་ཚུའི་གྲལ་ལས་ མཚམས་དང་གྲུབ་པ་གནང་མི་སྐལ་བ་ཅན་ཚུའི་དོན་ལུ་ སྒྲུབ་སྡེ་གསར་བཙུགས་མཛད་གནང་ནུག

    • སྤ་རོ་སྐྱེར་ཆུ་ཇོ་བོའི་ལྷ་ཁང་གི་གཡོན་ཁ་ཐུག་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ལྷ་ཁང་ རྟེན་དང་བཅས་པར་བཞེངས་གནང་ཤིང་ འབྲུག་རྒྱལ་ཁབ་ཀྱི་བསྟན་སྤྱིའི་སྐུ་རིམ་ལུ་དམིགས་ཏེ་ མ་ཎི་དང་བཛྲ་གུ་རུ་དུང་ཕྱུར་བཏོན་བཅུག་ནུག

    • སྤྱི་ལོ་༡༩༦༧ལོར་ ལྷོ་ཕྱོགས་ཀྱི་གནོད་ཁ་ཞི་བའི་ཆེད་དུ་ ཕུན་ཚོགས་གླིང་དགོན་པར་ ལྷ་ཁང་རྟེན་དང་བརྟེན་པར་བཞེངས་གནང་ཤིང་ ཐུགས་རྟེན་བདེ་གཤེགས་མཆོད་རྟེན་བརྒྱད་ཚུ་ཡང་ བཞེངས་གནང་ནུག

    • ཐིམ་ཕུ་བཀྲིས་ཆོས་རྫོང་གི་ཀུན་ར་ནང་ སྟོན་པའི་སྐུ་ཐོག་ཚད་མ་འགྲན་ཟླ་དང་བྲལ་ཅིག་ བཞེངས་ནིའི་ལཱ་འགོ་བརྩམས་གནང་ནུག

    • སྤྱི་ལོ་༡༩༥༨ལོར་ སྤ་རོ་སྟག་ཚང་ལུ་ ཟངས་མདོག་དཔལ་རིའི་ཞིང་བཀོད་ རྟེན་དང་བརྟེན་པར་བཞེངས་གནང་ནུག

    • ༡༠.༣༽ རྫོང་གཞི་ལ་སོགས་པའི་གདན་ས་ཉམས་པ་གསོ་བ།

    • སྤྱི་ལོ་༡༩༦༢ལོར་ ཐིམ་ཕུ་བཀྲིས་ཆོས་རྫོང་ རྩ་བ་ལས་ཤུབས་ཏེ་ ཉམས་གསོ་ཞུ་གནང་བ།

    • ལ་ཡ་ལུ་ཆོས་རྗེ་གོང་མའི་གདན་ས་ ཉམས་གསོ་ཞུ་གནང་བ།

    • སྤྱི་ལོ་༡༩༦༨་ཀྱི་ ཚོགས་ཐེངས་༢༨་པའི་ གྲོས་ཆོད་དང་འཁྲིལ་བའི་སྐབས་ དགེ་འདུན་པ་རེ་ལུ་ གསོལ་བའི་ཚོད་འཐུས་ ཉིནམ་རེ་ལུ་པེ་སར་༥༠་ལས་འགལ་མེདཔ་ལས་ ག་ཅིའི་ཐད་ལས་འབད་རུང་ མ་ལང་པའི་དགའ་ངལ་འབྱུང་ནི་འདི་གིས་ ལོ་བསྟར་གུང་རེ་ལས་ སོ་སོའི་ཞིང་སར་ག་ཅི་འཚོ་བོ་ཅིག་ རང་སོའི་བློ་འདོད་དང་འཁྲིལ་ཕུལ་དགོཔ་སྦེ་ གྲོས་ཆོད་གྲུབ་ནུག

    • ༡༠.༤༽ དགེ་འདུན་གྱི་སྡེ་གསར་དུ་བཙུགས་པ།

    • སྤྱི་ལོ་༡༩༦༦ལོར་ གཞལམ་སྒང་རྫོང་ཁག་ནང་ལུ་ རྟེན་འབྲེལ་གྱི་ཆེ་བ་ལུ་དགོངས་ཏེ་ འཕགས་པའི་གནས་བརྟན་བཅུ་དྲུག་གི་ཚུལ་སྦེ་ དགེ་འདུན་པ་གྲངས་༡༦གིས་ རབ་བྱུང་གི་སྡེ་གསར་དུ་བཙུགས་གནངམ་མ་ཚད་ མོང་སྒར་རྫོང་ཁག་ནང་ཡང་ དགེ་འདུན་གྱི་སྡེ་གསརཔ་གཞི་བཙུགས་མཛད་གནང་ནུག

    • བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་ནང་ལུ་ སྔོན་དགེ་སློང་ ༨༠༠ ལས་བརྒལ་བཙུགས་མ་ཆོགཔ་ཨིན་རུང་ མི་དབང་མཆོག་གིས་ བསྟན་རྩ་དགེ་འདུན་ཨིན་པའི་ཐུགས་བཞེད་གནང་སྟེ་ དགེ་སློང་ཚུ་ལུ་སྐུ་ཡོན་དང་ སྤུས་ཚད་ལེགས་ཤོམ་བཟོ་གནང་བ་གི་མ་ཚད་ གྲངས་ཚད་༣༠༠ཡར་སེང་རྐྱབ་གནང་ནུག

    • དགེ་འདུན་པ་ཚུ་ དམིགས་བསལ་གྱི་སྐུ་ཡོན་དང་ལྡན་པ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་གནང་ནུག

    • ཀརྨ་སྐུ་ཕྲེང་༡༦པ་མཆོག་འབྲུག་ལུ་ གདན་དྲངས་ཏེ་དབང་ལུང་དང་དབུ་ཞྭ་མཐོང་གྲོལ་ཆེན་མོའི་མཇལ་ཁ་གནང་ནུག

    • ༡༡༽ རྒྱལ་སྲས་ཀྲོང་གསར་དཔོན་སློབ་ཏུ་བསྐོས་པ།

    • རྒྱལ་སྲས་མཆོག་ སྐུ་ན་ཆུང་ངུའི་བསྒང་ལས་ ཀྲོང་གསར་དཔོན་སློབ་བསྐོ་བཞག་གནང་བའི་དགོས་པ་་་

    ༡༽ ཕྱི་ལྟར་ ཡབ་རྒྱལཔོ་དང་ཡུམ་གཉིས་ ཐུགས་མཐུན་ཁྲིམས་གཙང་བྱུང་ཐབས་ལུ་ དམིགས་ཏེ་ཨིན་པས།

    ༢༽ ནང་ལྟར་ ལུང་བསྟན་ཅན་གྱི་རྒྱལ་སྲས་ལུ་ བར་ཆད་འབྱུང་མི་བཅུག་ནིའི་དོན་ལུ་ ཀྲོང་གསར་གྱི་ཆོས་སྐྱོང་ སྲུང་མ་ལུ་ གཉེར་བཅོལ་མཛད་པ།

    ༣༽ གསང་བ་ལྟར་ན་ ཡར་རྒྱལཔོ་ཁོ་ར་སྐུ་ཚེ་མི་ཐུབ་ནི་ཨིནམ་མཁྱེན་ཏེ་ རྒྱལ་སྲས་ཀྱི་ཁྲི་སྟོན་མཛད་པ།

    • སྤྱི་ལོ་༡༩༧༢ ཟླ་ ༥ པའི་ཚེས་ ༡༥ ལུ་ གནས་ས་བར་སྣང་ལུ་ གཟའ་དང་རྒྱུ་སྐར་ དུས་སྦྱོར་ལ་སོགས་པ་བཟང་པོ་འཛོམས་ཏེ་ བཀྲིས་ཕུན་སུམ་ཚོགས་པ་ལས་བརྟེན་ ལྕང་གླིང་མེད་ཐང་དང་ བཀྲིས་ཆོས་རྫོང་། དེ་ལས་ ཀྲོང་གསར་ཆོས་འཁོར་རབ་བརྟེན་རྩེ་ལུ་སྦེ་ ཀྲོང་གསར་དཔོན་སློབ་ཀྱི་ཁྲི་མངའ་གསོལ་ཞུ་གནང་ནུག

    • ༡༢༽ མི་དབང་མཆོག་ཞིང་གཞན་དུ་ཕེབས་པའི་མཛད་པ།

    • མི་དབང་མངའ་ཞབས་མཆོག་ ཀྲོང་གསར་ལུ་རྒྱལ་སྲས་དཔོན་སློབ་ཀྱི་ཁྲི་སྟོན་ མཛད་ཚརཝ་ཅིག་རང་ སྐུ་ལུ་བསྙུང་གཞི་ཐེབས་ནུག དེ་བསྒང་ དཔོན་སློབ་ཚུ་གིས་ སྨན་བཅོས་མཛད་པར་ཕྱི་རྒྱལ་ལུ་ཕེབས་དགོས་པའི་ཞུ་བ་ཕུལ་རུང་ གསན་མ་བཏུབ་པས། ཨིན་རུང་ རྒྱལ་ཡུམ་དང་ རྒྱལ་སྲས་གཉིས་ཀྱིས་ ནན་སྐྱར་གསོལ་བ་བཏབ་པས་ ཐིམ་ཕུ་ཁ་ཐུག་ཕེབས་ནུག

    • དེ་བསྒང་ སྔོན་སྨན་བཅོས་མཛད་པར་ སུའི་ཛར་ལེནཌ་ལུ་འབྱོན་དོ་ཡོདཔ་ཨིན་རུང་ དེའི་ཚེ་ ཨེ་ཕི་རི་ཀའི་ས་གནས་ ནའི་རོ་བི་ལུ་སྨན་བཅོས་མཛད་པར་འབྱོན་ནུག

    • དེ་ལས་ ནའི་རོ་བི་ལྷོད་ཞིནམ་ལས་ རྒྱལ་སྲས་མཆོག་ལུ་ཕྱི་ནང་གསང་གསུམ་གྱི་ཞལ་ཆེམས་གནང་མི་ནང་ལུ་་་

    གནས་ཁམས་གསུམ་འཁོར་བའི་གྲོང་ཁྱེར་ན། །དུས་མི་རྟག་སྐྱེས་ཚད་འཆི་བའི་ལམ། །རང་སྡོད་ལོང་མེདཔ་ལས་འགྱོ་དགོ་པས། །ཕ་ང་གི་ཞལ་ཆེམས་ཚིག་གསུམ་པོ། །བུས་མ་བརྗེད་སེམས་ཁར་བཞག་སྨ་རེད། །བུ་རྒྱལ་པོའི་སྲས་ལུ་འཁྲུངས་མི་འདི། །ལྷོ་ཁ་བཞིའི་གཙུག་གི་ཕ་མ་ཨིན། །ཕས་བུ་ལུ་བསླུ་བའི་དཔྱེ་མེདཔ་ལས། །འབངས་བྱམས་པས་སྐྱོངས་ཤིག་ངེད་རྒྱལ་སྲས། །ཚེ་འདི་དང་ཕྱི་མ་གཉིས་ཀྱི་མགོན། །ལྷ་དཀོན་མཆོག་གསུམ་ལས་གཞན་མེདཔ་ལས། །དུས་ནམ་ཡང་དཀོན་མཆོག་མ་བརྗེད་ཅི། །འབངས་བདེ་སྐྱིད་རྩ་བ་ཁྲིམས་ཨིནམ་ལས། །ཁྲིམས་སྤྱི་སྙོམས་སྐྱོང་ཚེ་རྒྱལ་པོ་རབ། །དྲང་བདེན་ལུ་ཕྱོགས་འཛིན་མ་མཛད་ཅི། །ཚེ་སྔོན་གྱི་ལས་འཕྲོ་དཔངས་མཐོཝ་ལས། །སྐུ་རྒྱལ་པོའི་གསེར་ཁྲིར་མནན་བཞུགས་རུང་། །སེམས་བག་མེད་ནག་མོའི་ཕྱོགས་སུ་གཡོ། །རྐྱེན་དེ་ལས་བྲང་ཕྲུག་སྤུན་བཞི་འཁོར། །བརྩེ་དམ་ཚིག་ང་གིས་འཁྲུལ་ཆིཝ་ལས། །གཏམ་བདེན་པ་ཁྱོད་ཀྱི་ཡུམ་ལུ་ཡོད། །དེ་ཨིན་རུང་ཁྱོད་དང་རུས་གཅིགཔ་ལས། །ཁོང་སྙིང་རྗེས་སྐྱོང་གནང་ངེད་སྲས་པོ། །ཕས་འཆི་ཁར་བཞག་པའི་ཞལ་ཆེམས་འདི། །བུས་མི་བརྗེད་རེ་བ་སེམས་ལུ་ཡོད། །ཚེ་ད་རིས་འཛོམས་པའི་མཇུག་ཨིན་པས། །ཤུལ་དག་པའི་ཞིང་ལུ་མཇལ་གེ་སྨེད། ། ཟེར་གསུངས་ཏེ་ སྨན་ཁང་ནང་མ་བཞུགས་པར་ མགྲོན་ཁང་གི་གཟིམ་ཁང་ནང་འབྱོན་ཏེ་ སྤྱི་ལོ་༡༩༧༢སྤྱི་ཟླ ༧་པའི་ཚེས་༢༡ལུ་ དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་སྟོན་ནུག

    • མི་དབང་མཆོག་གི་སྐུ་གདུང་དེ ཐིམ་ཕུ་ཕེབས་པའི་འཕྲོ་ལས་ ཀརྨ་པ་རང་འབྱུང་རིག་པའི་རྡོ་རྗེ་མཆོག་དང་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ རྣམས་གཉིས་ཀྱི་དབུ་བཞུགས་ཐོག་ ཚོགས་འཁོར་རྒྱས་ཤིང་རྒྱས་པར་བསྐོར་གནང་ཏེ་ སྤྱི་ལོ་༡༩༧༢ ཆུ་ཁྱི་ཟླ་བ་༩་པའི་ཚེས་༡༣ལུ་ སྐུ་སྤུར་བུམ་ཐང་ལུ་གདན་འདྲེན་ཞུ་ནུག

    • མཐར་བུམ་ཐང་སྐུ་རྗེ་གུ་རུ་ལྷ་ཁང་གི་གདོང་ཁར་ རྗེ་མཁན་རིན་པོ་ཆེའི་གཙོས་པའི་ རྟོགས་ལྡན་གྱི་བླ་ཆེན་ཡོངས་ཀྱིས་ རྒྱལ་བ་ལྷ་ལས་འབབ་པའི་དུས་ཆེན་དང་འབྲེལ་ སྤུར་སྦྱངས་རྒྱས་ཤིང་རྒྱས་པར་ཕུལ་གནང་ནུག

    • དགོངས་རྫོགས་དགེ་སྦྱོར་གྱི་རིམ་པ་ཡང་ བཀྲིས་ཆོས་རྫོང་གི་ཀུན་ར་ནང་གི་སྟོན་པའི་སྐུ་འདྲ་བཞེངས་ཡོདཔ་མ་ཚད་ སྔར་མི་དབང་མཆོག་གི་ བཞེད་དོན་ལྟར་དུ་ ཕྱི་མཆོད་རྟེན་དང་ ནང་བཀའ་དགོངས་ཕུར་གསུམ་གྱི་ལྷ་ཁང་དེ་ དགོངས་རྫོགས་ཀྱི་ཚུལ་ལུ་བཞེངས་ཡོདཔ་ཨིན་པས།

    • སློབ་སྟོན་པ་་་་་་་་་་རྡོ་རྗེ་རྒྱལ་མཚན། ༼འབྲུག་པ་རྡོར་རྒྱལ༽

    Comments

    མི་མངམ་གིས་ ལྷག་མི་རྩོམ།

    The Power Of Love Song by Celine Dion

    I LOVE MY COUNTRY

    Slide 1 Slide 2 Slide 3 Slide 4 Slide 5 Slide 6 Slide 7 Slide 8 Slide 9 Slide 10 Slide 11 Slide 12 Slide 13 Slide 14 Slide 15

    དྲན་གཏམ།

    མདོ་རྒྱ་ཆེར་རོལ་པ་ལས།

    སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།།
    འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།།
    འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།།
    རི་གཟར་བབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།